པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་ཉེར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-23 22:23:27     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

21593640619325248.jpg

                    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གང་གི་ཞབས་སེན་ནོར་བུའི་འོད་ཆགས། །དྲན་པས་དངོས་གྲུབ་འདོད་དགུ་སྩོལ་མཛད། །བླ་མ་མཆོག་དང་ཤཱཀྱའི་གཙོ་བོ། །དབྱེར་མེད་སྙིང་གའི་པདྨོའི་དབུས་བཞུགས། །ཐོག་མེད་དུས་ནས་ད་ལྟའི་བར་དུ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་ཅིང༌། །སྡུག་བསྔལ་ཆུ་སྲིན་མང་པོས་གང་བའི། །འཁོར་བའི་རྒྱ་མཚོ་ཆེན་པོའི་ནང་འཁྱམས། །ངན་སོང་གནས་སུ་གཏན་ཡུལ་བྱས་ཤིང༌། །ཕལ་ཆེར་མནར་མེད་འབར་བའི་མེས་བསྲེགས། །སྐབས་འགར་བདེ་འགྲོའི་ལུས་རྟེན་ཐོབ་ཀྱང༌། །མ་རིག་མཐུག་པོས་བློ་མིག་བསྒྲིབས་པས། །མི་དགེའི་བཤེས་དང་སྡིག་པའི་གྲོགས་དང༌། །སྡུག་བསྔལ་འགྲུབ་བའི་རྒྱུད་དང་སྡུག་བསྔལ། །བདེ་བར་འཛིན་པའི་ལོག་ཤེས་དབང་གིས། །དགའ་མགུར་དགོད་ཅིང་བྱས་པའི་འབྲས་བུ། །འཇིགས་རུང་བཙོན་ཁང་ར་བར་བཅུག་ནས། །མི་བཟད་སྡུག་བསྔལ་ཆར་ལྟར་འབབ་ཅིང༌། །མགོན་མེད་སྐྱབས་མེད་མཆི་མས་གདོང་གཡོགས། །ངུ་བཞིན་ཉམས་སུ་མྱོང་བར་འགྱུར་རོ། །སྐྱེ་རྒ་ན་འཆི་ཡིད་འོང་བྲལ་དང༌། །མི་སྡུག་ཕྲད་དང་འདོད་པ་མ་རྙེད། །འདུ་བྱེད་སྡུག་བསྔལ་འབར་བའི་མཚོན་གྱིས། །བཅོམ་ཞིང་མི་འཇོམས་སྲིད་ན་ཅི་ཞིག །སྲིད་ན་ང་རྒྱལ་རློམ་པས་འགྱིང་ཞིང༌། །དྲེགས་པའི་ང་རོ་ཆེས་ཆེར་སྒྲོག་པའི། །ལྷ་ཆེན་ཚངས་དབང་མདའ་ལྔ་པ་སོགས། །འདོད་པའི་བདེ་ཡུར་རིང་སྤྱད་ནས། །མནར་མེད་རབ་ཏུ་ཚ་བའི་མེ་ནང༌། །བསྲེག་ཅིང་འབར་བའི་ཐོ་བས་ཕྱེར་འཐག །མཐོ་རིས་བུ་མོའི་ནུ་མའི་རེག་པས། །མངོན་པར་དགའ་ཞིང་རྩེས་ནས་སླར་ཡང༌། །རབ་རྣོ་བཟང་རིང་ཤལ་མའི་རི་ཡིས། །གཏིང་དུ་འབིགས་ཤིང་ཚལ་པར་གཤིག་གོ །ལྷ་ཡུལ་རོ་བརྒྱ་ལྡན་པའི་བདུད་རྩིར། །ངོམས་པ་མེད་པར་ཡང་ཡང་སྤྱད་ནས། །མི་གཙང་རང་བཞིན་རྣག་ཁྲག་རུལ་པ། །དྲི་ང་བཙོག་བའི་བཤང་གཅིས་འཚོ་འགྱུར། །གླིང་བཞིའི་ཁྱོན་ལ་འདོད་དགུར་བསྒྱུར་བ། །སྟོབས་ཀྱིས་སྙེམས་པའི་གཙོ་བོ་གྱུར་ཅེས། །ཕྱིས་ནས་བླུན་ཅིང་རྨོངས་པའི་དུད་འགྲོ། །བཀོལ་སྤྱད་གཞན་གྱིས་དབང་དུ་འགྱུར་རོ། །ཡུད་ཙམ་ཞིག་ཀྱང་འབྲལ་མི་ཕོད་པའི། །གཉེན་འཁོར་མཛའ་བ་མང་པོས་བསྐོར་ཡང༌། །མྱུར་དུ་རྒྱུས་མེད་ཉམ་ངའི་གནས་སུ། །གྲོགས་མེད་རང་ཉིད་གཅིག་པུར་འགྲོའོ། །སེར་སྣས་བསགས་པའི་ཟས་ནོར་ཕུང་པོ། །རྒྱ་མཚོའི་གོས་ཅན་གང་བར་དབང་ཡང༌། །རིང་པོར་མི་ཐོགས་ལྷན་ཅིག་སྐྱེས་པའི། །ལུས་ཀྱང་བཞག་སྟེ་ལག་སྟེ་ལག་སྟོང་འགྲོའོ། །མཐོ་རིས་བདེ་འགྲོའི་ལུས་དང་ལོངས་སྤྱོད། །གཉེན་གྲོགས་འཁོར་གཡོག་ཕུན་ཚོགས་གང་ལའང༌། །ཡིད་བརྟན་རུང་བ་ཅུང་ཟད་མེད་ཅིང༌། །བདེ་མེད་སྡུག་བསྔལ་བརྒྱ་ཡིས་གཙེས་ནས། །ལས་ངན་དབང་གིས་ལུས་ངན་བླངས་པའི། །དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས། །ངན་སོང་ལོག་པར་ལྟུང་བ་རྣམས་ཀྱི། །སྡུག་བསྔལ་འདི་བ་བཟོད་ཐབས་ཨེ་འདུག །མི་བཟོད་བཞིན་དུ་རང་ཉེས་འབྲས་བུ། །དུས་ཀྱི་ལོ་ཏོག་བཞིན་དུ་སྨིན་ནས། །མི་འདོད་ཚོར་བ་དྲག་པོས་མནར་ཚེ། །སངས་རྒྱས་ཀྱིས་ཀྱང་སྐྱོབ་པའི་ཐབས་མེད། །དེ་ཕྱིར་རང་དབང་ཡོད་པའི་དུས་འདིར། །སྐྱེ་རྒ་ན་འཆི་རྒུད་པའི་སྡུག་བསྔལ། །མཐའ་དག་སྤངས་པའི་སྐུ་གསུམ་གོ་འཕང༌། །བསྒྲུབ་པའི་ཚུལ་ལ་བརྩོན་པར་གྱིས་ཤིག །ཅེས་སོགས་ངེས་འབྱུང་ཤུགས་དྲག་པོས་བསྐྱོད་པའི་ཉམས་མགུར་མང་དུ་མཛད་དོ། །ལྷག་པར་དེ་དུས་ཆེན་པོར་རློམས་པ་སྟོབས་ཀྱིས་དྲེགས་པ་མང་པོ་ཞིག་དུས་དཀྲུག་གིས་ཉམ་ཐག་པར་གྱུར་པ་གཟིགས་པས་དངོས་སུ་དེ་དག་ལ་ཕན་པ་བྱེད་པའི་སྐབས་མ་རྙེད་ཅིང་ཐུགས་ངེས་འབྱུང་དང་སྙིང་རྗེས་བསྐུལ་བའི་དཀོན་མཆོག་ལ་གསོལ་འདེབས་འདི་ལྟར་མཛད་དེ།

                   གུ་རུ་བུདྡྷ་བོ་དྷི་སཏྭ་ཡ་ན་མཿ སྒྱུ་མས་རྨོངས་པའི་འགྲོ་བ་འདིའི། །དུག་གསུམ་དྲི་མ་འཁྲུད་པའི་ཕྱིར། །དམ་ཆོས་བདུད་རྩིའི་ཆར་འབེབས་པའི། །ཤཱཀྱའི་གཙོ་བོ་དེ་ལ་འདུད། །འཇིགས་རུང་སྲིད་པའི་རྒྱ་མཚོ་འདིར། །ལས་དང་ཉོན་མོངས་རྦ་ཀློང་འཁྲུག །སྡུག་བསྔལ་ཆུ་སྲིན་གྱིས་གཙེས་པའི། །ཉམ་ཐག་འགྲོ་འདི་ཐུགས་རྗེས་སྐྱབས། །དམྱལ་བ་ཡི་དྭགས་དུད་འགྲོ་སོགས། །སྡུག་བསྔལ་དྲག་པོས་མནར་བ་ཡི། །མགོན་སྐྱབས་མེད་པའི་འགྲོ་བ་ཀུན། །ཐུགས་རྗེ་མངའ་བས་བསྐྱབ་ཏུ་གསོལ། །བདེ་བར་འགྲོ་བ་ཞེས་གྲགས་ཀྱང༌། །འདུ་བྱེད་འགྱུར་བའི་སྡུག་བསྔལ་གྱི། །མདའ་ཆར་འབབ་པ་འདི་དག་ལ། །ཐུགས་རྗེ་མངའ་བས་བསྐྱབ་ཏུ་གསོལ། །འདུས་པ་འབྲས་ཞིང་བསགས་པ་འཛད། །སྐྱེས་པ་འཆི་ཞིང་མཐོན་པོའི་མཐའ། །རྒུད་པས་མནར་བའི་འགྲོ་བ་རྣམས། །ཐུགས་རྗེ་མངའ་བས་བསྐྱབ་ཏུ་གསོལ། །སྐྱེ་རྒ་ན་འཆི་རྒུད་པ་ཡི། །འཇིགས་རུང་སྲིན་པོའི་མཆེ་བ་བཞིའི། །ཕྲག་ཏུ་ཞུགས་པའི་སྐྱེ་བོ་ཡི། །མགོན་སྐྱབས་མཛོད་ཅིག་ཟས་གཙང་སྲས། །དེང་ང་དུས་ཀྱི་འགྱུར་བ་འདི། །ཀུན་མཁྱེན་ཐུབ་པའི་གསུང་རབ་ལས། །སྲིད་པའི་ཕུན་ཚོགས་རྨི་ལམ་དང༌། །ཟས་ནོར་སྦྲང་མའི་སྦྲང་རྩི་དང༌། །འདུས་བྱས་ས་འཛིན་མཐོན་པོ་ཡི། །རྩེ་ནས་ལྷུང་བའི་འབབ་ཆུ་བཞིན། །གསུངས་དོན་རྨོངས་བའི་སྐྱེ་བོ་ལ། །མངོན་སུམ་སྟོན་པའི་སློ བ་དཔོན་བཞིན། ཁ་ཅིག་རྔོན་པས་གཙེས་པ་ཡི། །རི་དྭགས་ཇི་བཞིན་སྐྲག་པས་ཉེན། །ལ་ལ་འཇིགས་རུང་མྱ་ངམ་གྱི། །ཐང་ལ་དགྲས་བཅོམ་འགྲོན་པོ་བཞིན། །འགའ་ཞིག་བདེ་བ་འདོད་པའི་ཕྱིར། །དགོད་ཅིང་སྡིག་པའི་ལས་བྱས་པས། །མཆི་མས་གདོང་གཡོགས་ངུ་བཞིན་དུ། །རྣམ་སྨིན་མྱོང་བའི་ལས་ལ་སྤྱོད། །ཕལ་ཆེར་བར་དོའི་སེམས་ཅན་བཞིན། །ལས་ངན་གདོན་གྱིས་དཀྲུགས་པ་ཡི། །ཉམ་ཐག་འགྲོ་བ་འདི་རྣམས་ལ། །ཐུགས་རྗེ་མངའ་བས་མི་དགོངས་ན། ཁྱོད་ལས་ལྷག་པའི་སྐྱབས་གཞན་ཅི། །དེ་ཕྱིར་བསྐལ་པ་དཔག་མེད་ནས། །བདག་ཅག་སྙིགས་མའི་འགྲོ་བ་རྣམས། །ཕྱག་མཚན་བཞེས་བཞིན་ཐུགས་རྗེས་སྐྱོབས། །ཞེས་སོ། །

                  གཙང་སོག་གཟིར་བའི་དུས་ཆོས་སྡེ་མང་པོ་ཞིག་ཀྱང་འགའ་ཞིག་དབང་མེད་དུ་དམག་ལ་བསྐུལ་བ་དང༌། འགའ་ཞིག་ནི་བསམ་བཞིན་དུ་སེར་དམག་བྱས་པ་སོགས།རྒྱལ་བའི་བསྟན་པ་ཆེས་ཆེར་ཉམས་པའི་ངང་ཚུལ་གཟིགས་པ་དང་སྐྱེ་བོ་ཕལ་མོ་ཆེའི་སྣང་ཚུལ་སྣ་ཚོགས་པ་ཞིག་གཟིགས་པས་ཐུགས་ཕྱུང་ཞིང་འཁོར་བའི་གནས་སུ་ཉམ་ཐག་པའི་འགྲོ་བ་འདི་དག་ལ་ཕན་པ་བླ་ན་མེད་པ་སྦྱིན་པའི་སྐྱབས་གནས་སྟོན་པ་མཚུངས་པ་མེད་པ་ཤཱཀྱའི་གཙོ་བོ་ལ་གསོལ་འདེབས་འདི་ལྟར་མཛད་དེ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གཅོ་མའི་གསེར་སྦྱངས་ལྷུན་པོ་ནི། །ལོ་ཁྲིའི་མཚམས་སྤྲིན་གོས་གྱོན་ནས། །དགེ་མཚན་འོད་ཀྱིས་འགེངས་འདྲ་བའི། །ཤཱཀྱའི་གཙོ་བོ་དེ་ལ་འདུད། །ཀྱེ་མ་བདག་ཅག་སྐལ་པ་ངན། །འཇིགས་རུང་དུས་ཀྱི་སྲིན་པོ་ལྔས། །སྣོད་བཅུད་ཀུན་གྱི་མདངས་ཕྲོགས་པའི། །མཐའ་འཁོབ་མུན་པའི་ཡུལ་འདིར་སྐྱེས། །ཐུབ་དབང་སྨྲ་བའི་ཉི་མ་དེ། །དུས་ཀྱིས་ནུབ་རིའི་ཕག་ཏུ་གཤེགས། །རྒྱལ་སྲས་འཕགས་པའི་ཚོགས་རྣམས་དང༌། །བསྟན་འཛིན་དམ་པའི་སྐྱེས་བུ་རྣམས། །དག་པའི་ཞིང་དུ་བཏང་སྙོམས་མཛད། །བསྟན་པ་རིན་ཆེན་སྒྲོན་མེ་ཡང༌། །བུད་ཤིང་ཟད་པའི་མེ་དང་མཚུངས། །སྟོན་པའི་བཀའ་ཁྲིམས་ཡིད་བཞིན་ནོར། །གུས་པས་གཙུག་གི་རྒྱན་འཛིན་པ། །འོད་སྟོང་བདག་པོའི་གཟི་བྱིན་གྱིས། །ལྷ་ལམ་བཀང་བའི་རྒྱུ་སྐར་བཞིན། །དམ་པའི་གཟུགས་ཀྱི་ཚང་ཚིང་ནགས། །ཆགས་སྡང་གཡོ་སྒྱུ་ཕྲག་དོག་གི །གདུག་པའི་སྦྲུལ་གྱིས་གང་བ་ཡི། ཁ་རླངས་མེ་ཡི་འབྲས་བུས་ཁྱབ། །ངུར་སྨྲིག་མཛེས་པའི་གོས་འཆང་ཡང༌། ཁྲེལ་དང་ངོ་ཚ་སྡོམ་པ་གསུམ། །ཅིག་ཅར་སྤངས་པའི་ཟློས་གར་གྱིས། །ཆུ་སྲིན་རྒྱལ་མཚན་ཅན་སྡེའི་ཚོགས། །ཉིན་བྱེ ད་ཟེར་གྱིས་རེག་པ་ཡི། །པདྨོ་གཞོན་ནུ་ལྟ་བུར་འཛུམ། །ཐ་མལ་སྐྱེ་བོ་ཕལ་ཆེར་ཡང༌། །ཆགས་སྡང་དྲག་པོའི་གདོན་ཞུགས་པས། །དམ་པས་སྨད་པའི་ལས་རྣམས་ལ། །འཛེམ་མེད་ཅི་དགར་ཀུན་ཏུ་སྤྱོད། །སྔོན་དུས་དགེ་བའི་མི་དབང་གིས། །སྐྱེ་དགུ་བདེ་བའི་དོན་བཅས་པའི། ཁྲིམས་རྣམས་གཞི་མདོའི་རྩྭ་ལྟར་འདོར། །རང་འདོད་གཟུ་ལུམས་སྤྱོད་པ་ཡི། །སྡིག་སྤྱོད་རྒྱལ་པོའི་ཁྲལ་གྱིས་མནར། །ནད་རིམས་འཐབ་རྩོད་མུ་གེ་ཡི། །གནམ་ལྕགས་སེར་ཆེན་སྟོང་བབ་པས། །སྐྱེ་དགུའི་བདེའི་པད་ཚལ་བཅོམ། །འདི་འདྲའི་འགྲོ་བ་ཉམ་ཐག་པ། །རི་དྭགས་རྒྱ་རུ་ཆུད་འདྲ་བའི། །མགོན་སྐྱབས་མེད་པ་བདག་ཅག་ལ། །ཐུགས་རྗེ་ཆེ་ལྡན་སྟོན་པ་ལས། །ལྷག་པའི་སྐྱབས་གཞན་ཅང་མ་མཆིས། །ཁྱོད་སྔོན་བདེ་གཤེགས་རིན་པོ་ཆེ། །སྙིང་པོའི་ཡབ་ཏུ་གྱུར་པའི་ཚེ། །རྙོག་མས་སྦགས་པའི་རྩོད་དུས་འདི། །བརྩེ་ལྡན་གཞན་གྱིས་སྤངས་དུས་སུ། །རླབས་ཆེན་སྨོན་ལམ་འབུམ་ཕྲག་གིས། །ཐབས་མཁས་ཐུགས་རྗེས་ཕྱག་མཚན་བཟུང༌། །དེ་ཕྱིར་སྙིགས་མའི་བྱིན་ཟ་ཡིས། །གདུངས་བའི་བདག་ཅག་འགྲོ་བ་རྣམས། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེ། །སྡུག་བསྔལ་རྦ་ཀློང་འཁྲུག་པའི་ཀློང༌། །བྱིང་བའི་མགོན་མེད་འགྲོ་བ་འདི། །ཐུགས་རྗེའི་ལྕགས་ཀྱུས་དྲང་དུ་གསོལ། །བླང་དོར་གནས་ལ་ལྟ་བའི་མིག །མ་རིག་ལིང་ཐོག་གིས་བསྒྲིབས་པས། །དམུས་ལོང་གཡང་སར་མཆོང་འདྲ་བའི། །རྨོངས་པའི་འགྲོ་ལ་བརྩེ་བས་གཟིགས། །ཁྱི་ཕག་མི་གཙང་ཕུང་པོ་ལ། །ཆགས་ཤིང་ཞེན་པ་ཇི་ལྟ་བར། །སྡུག་བསྔལ་བདེ་བར་འཛིན་པ་ཡི། །ལོག་ཤེས་ཅན་རྣམས་ཐུགས་རྗེས་སྐྱོབས། །འདོད་ཆགས་རི་གཟར་ཆུ་བཞིན་འཁྲུག །ཞེ་སྡང་དུས་མཐའི་མེ་ལྟར་འབར། །ཕྲག་དོག་རླུང་དམར་ལྟར་འཚུབས་པའི། །རྨོངས་པའི་འགྲོ་རྣམས་ཐུགས་རྗེས་སྐྱོབས། །བདེ་འདོད་སྡུག་བསྔལ་འདོར་འདོད་ཀྱང༌། །དགེ་ལ་དགྲར་བལྟ་སྡིག་པ་ལ། །དགའ་ཞིང་བརྩོན་པས་འཇུག་པ་ཡི། །ལོག་ཤེས་ཅན་རྣམས་ཐུགས་རྗེས་སྐྱོབས། །ཐ་མའི་དུས་ཀྱང་སྐྱེངས་བྱེད་པའི། །མཚོན་དང་མུ་གེ་ནད་རིམས་ཀྱི། །མི་བཟད་མདའ་ཆར་དྲག་པོ་ཡིས། །གདུངས་པའི་འགྲོ་རྣམས་ཐུགས་རྗེས་སྐྱོབས། །རྒྱལ་བའི་བསྟན་ལ་རབ་བྱུང་ནས། །ཆོས་གོས་བཞིན་དུ་གོ་ཆ་གྱོན། །གསིལ་བྱེད་བཞིན་དུ་མདའ་མཚོན་ཐོགས། །མིག་ཅན་འབར་པའི་མི་ནང་དུ། །མཆོང་འདྲའི་འགྲོ་རྣམས་ཐུགས་རྗེས་སྐྱོབས། །མི་བཟད་དྲི་ང་མི་གཙང་བའི། །ལྗན་ལྗིན་མུན་པའི་ནང་ཞུགས་ཏེ། །བཟོད་དཀའ་གདུང་བས་ཉམ་ཐག་པའི། །སྐྱེ་གནས་ཅན་རྣམས་ཐུགས་རྗེས་སྐྱོབས། །ལང་ཚོ་རྒྱས་པའི་མེ་ཏོག་ཀྱང༌། །དུས་ཀྱི་བ་མོས་བཅོམ་པ་ཡི། །འགྲམ་ཟགས་ཁང་རུལ་ལྟར་འཇིག་པའི། །འཆི་བར་ཉེ་རྣམས་ཐུགས་རྗེས་སྐྱོབས། །མཛའ་བའི་གཉེན་དང་བསགས་པའི་ནོར། །ལུས་དང་ལོངས་སྤྱོད་ཀུན་བོར་ནས། །མགོན་མེད་སྐྱབས་མེད་ཕ་རོལ་ཏུ། །གཅིག་པུར་འགྲོ་རྣམས་ཐུགས་རྗེས་སྐྱོབས། །སྡུག་དང་བྲལ་ཞིང་དགྲ་དང་ཕྲད། །འདོད་འབྲས་ཀྱིས་དབེན་མི་འདོད་པའི། །དངོས་རྣམས་ཐོག་ལྟར་བབ་པ་ཡི། །མགོན་མེད་རྣམས་ལ་ཐུགས་རྗེས་སྐྱོབས། །ཟས་ནོར་ལོངས་སྤྱོད་སྟོབས་རྣམས་ཀྱིས། །ང་རྒྱལ་དྲེགས་པས་འགྱིང་རློམ་ཡང༌། །དབང་མེད་རྒུད་པའི་ལྕགས་སྒྲོག་གིས། །དམ་པོར་བཅིངས་རྣམས་ཐུགས་རྗེས་སྐྱོབས། །ཚ་གྲང་བཟོད་དཀའི་སྡུག་བསྔལ་དང༌། །བཀྲེས་སྐོམ་བཀོལ་སྤྱད་གཅིག་ལ་གཅིག །ཟ་བའི་འཇིགས་རུང་སྡུག་བསྔལ་གྱིས། །མནར་བའི་འགྲོ་རྣམས་ཐུགས་རྗེས་སྐྱོབས། །མདོར་ན་ནམ་མཁའི་མཐས་ཀླས་པའི། །མར་གྱུར་འགྲོ་བ་མ་ལུས་པ། །སྲིད་ཞིའི་རྒྱ་མཚོ་ལས་བསྒྲལ་ཏེ། །ཐམས་ཅད་གཟིགས་པའི་གནས་སུ་དྲོངས། །ཞེས་སོ། ། 

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།