པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་ཉེར་གཅིག་པ།
ལས་བདག་གིར་བྱ་བའི་སྙིགས་མའི་འགྲོ་བ་རྣམས་ལ་རྒྱལ་བས་ཀྱང་ཅི་བྱར་མེད་པར་ཉམ་པར་གཟིགས་ནས་སྟོན་པ་ཐུགས་རྗེ་ཅན་ལ་གསོལ་འདེབས་ཤུགས་དྲག་ཏུ་མཛད་པས་སྟོན་པ་ཐུགས་རྗེ་ཅན་གསེར་གྱི་ལྷུན་པོ་ལ་ཉི་མ་བྱེ་བའི་མདངས་བྱུགས་པ་ལྟ་བུ་ཞིག་ཞལ་གཟིགས་ནས་དེའི་མདུན་དུ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ་གསོལ་བ་འདེབས་པའི་གདུང་དབྱངས་འདི་ལྟར་མཛད་དེ། ན་མོ་གུ་རུ་ནི་ཨནྡྲཱ་ཡ། མི་མཇེད་ཀྱི་ཞིང་གི་སྟོན་པ་དང༌། །དབྱེར་མེད་ཀྱི་རྩ་བའི་བླ་མ་ལ། །བྱང་ཆུབ་ཀྱི་སྙིང་པོར་སྐྱབས་སུ་མཆི། །འབྲལ་མེད་དུ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །རྒྱུད་དྲུག་གི་མ་རྒན་སེམས་ཅན་རྣམས། །ཁམས་གསུམ་གྱི་བཙོན་ཁང་ར་བ་འདིར། །ཉོན་མོངས་ཀྱི་ལྕགས་སྒྲོག་དམ་པོས་བཅིངས། །ལས་ངན་གྱི་རླུང་ནག་འཚུབས་མས་གཡེང༌། །སྡུག་བསྔལ་གྱི་མདའ་ཆར་དྲག་པོས་མནར། །གྲོགས་མེད་དུ་མྱ་ངམ་ཐང་ལ་འཁྱམས། །མགོན་མེད་ཀྱི་ལོང་བ་ཉམ་ཐག་པ། །སྙིགས་དུས་ཀྱི་སྐལ་ངལ་འགྲོ་བ་ལ། །བསླུ་མེད་ཀྱི་འདྲེན་མཆོག་ཤཱཀྱའི་ཏོག །ལོངས་སྤྲུལ་གྱི་ཞིང་ཁམས་གར་བཞུགས་ཀྱང༌། །སྒྲིབ་བྲལ་གྱི་སྤྱན་གྱིས་གཟིགས་མཛོད་ལ། །བཙོ་མ་ཡི་གསེར་སྦྱངས་མེ་ལོང་འདྲའི། །འཛུམ་ཞལ་གྱི་བདུད་རྩིས་དབུགས་ཕྱུང་ལ། །ཐུགས་རྗེ་དང་ཐབས་ཚུལ་བརྒྱ་ཕྲག་གིས། །དྲིན་ཅན་གྱི་འགྲོ་བ་མ་ལུས་པ། །མཐོ་རིས་ཀྱི་ཐེམ་སྐས་ལ་བརྒྱུད་ནས། །སྐུ་གསུམ་གྱི་གཞལ་མེད་ཁང་དུ་དྲོངས། །ཞེས་སོ། །དེ་ནས་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་གི་ལོ་འཚུབ་ལྷོངས་ཆེ་ཞིང་ཕྱི་ནང་གི་མཚན་ལྟས་ཀྱང་འཚུབ་འགྱུར་ཆེ་བ་བྱུང་ནས་བཀྲ་ཤིས་ལྷུན་པོའི་བླ་མ་རྣམས་ཀྱིས་གཙོས་རྗེ་ཉིད་ཀྱི་སློབ་མ་གཙོ་ཆེ་བ་མང་པོས་སྐུ་ཚེ་སྒྲུབ་མཛད་དགོས་ཞེས་གསོལ་བ་བཏབ་ཅིང་རྐྱེན་བཟློག་དགོས་ཚུལ་ནན་གྱིས་ཞུས་ཀྱང་རྗེ་ཉིད་ནི་སྔོན་གྱི་གྲུབ་ཆེན་རྣམས་ཀྱི་རྣམ་ཐར་ལྟར་འཇིག་རྟེན་ཆོས་བརྒྱད་མགོ་སྙོམ་ཞིང༌། རྐྱེན་བཟང་ངན་གང་བྱུང་ཡང་ལམ་དུ་འཁྱེར་བ་ལས་རྐྱེན་བཟློག་སོགས་མ་མཛད་ཅིང༌། ཆོས་བརྒྱད་མགོ་སྙོམ་པའི་གསུང་ཡང་འདི་ལྟར་བྱོན་ཏེ།ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། གང་ལ་བརྟེན་ན་བསླུ་བ་མེད་པའི། །དཀོན་མཆོག་གསུམ་དང་རྗེ་བཙུན་བླ་མ། །དབྱེ ར་མེད་སྙིང་གའི་པདྨོར་བཞུགས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ། །དེང་སང་བར་སྣང་གློག་འདྲའི་ཚེ་ཐུང༌། །བསྲིངས་ཀྱང་དགུན་གྱི་དགོང་ཉི་འདྲ་བ། །གསོན་ཡང་ཅི་བྱ་བདེ་བས་གཏན་གྱི། །མདུན་གྲབས་བྱས་ན་ལེགས་པ་མིན་ནམ། །རྨི་ལམ་ལོ་བརྒྱ་ལོན་དང་ཡུད་ཙམ། །སོང་ནས་སད་པ་གཉིས་ཀ་མཚུངས་ལྟར། །མི་རྟག་སྒྱུ་མ་ཆུ་བུར་གློག་འདྲ། །དེ་བས་ནམ་མཁའ་གནས་པ་དེ་སྲིད། །སྐྱེ་རྒ་ན་འཆི་མེད་པའི་ཕུན་ཚོགས། །བསྒྲུབས་ན་འགྲུབ་ཅིང་སྒྲུབ་དབང་ཡོད་དུས། །སྒྲུབ་པར་མི་བྱེད་བྱིས་པའི་སྤྱོད་པ། །སྡིག་སྡུག་གཏན་ངན་ཁྱད་དུ་བསད་ནས། །སྐྱིད་ཀྱང་མི་འཚེངས་སྡུག་མི་ཕུང་བའི། །ཚེ་འདིའི་ཕུན་ཚོགས་སྒྲུབ་རྣམས་མཐོང་ཚེ། །གང་ཞིག་ཐོབ་པས་ཉེས་ཀུན་མུན་ཚོགས། །ཡོང་ཡེ་མཐར་བྱེད་ནམ་མཁའི་ནོར་བུ། །འགྱུར་མེད་བདེ་བ་ཆེན་པོའི་རང་བཞིན། །སྐུ་གསུམ་གཞལ་མེད་ཕོ་བྲང་ཆེན་པོར། །སེམས་ཤེས་ལྡན་པ་སུ་ཞིག་མི་འཇུག །འཇིག་རྟེན་འདི་ཡི་བདེ་སྐྱིད་སྒྲུབ་དང༌། །གྲུབ་རྣམས་བརྟན་དང་རྒྱས་པའི་དོན་དུ། །བཟླས་བརྗོད་རིམ་གྲོ་མཆོད་སྦྱིན་ལ་སོགས། །བརྩོན་པ་ཆེན་པོས་ལེགས་པར་བསྒྲུབས་ཀྱང༌། །བཟང་པོའི་ཁ་ཟས་རྣོན་པོའི་དུག་དང༌། །སྦྱོར་བའམ་གསེར་བཟང་སིལ་མའི་རིན་གྱིས། །མི་གཙང་ཁྱོད་ཀྱི་འབྲས་མེད་སྤུན་པ། །ཉོ་བ་ལས་ཀྱང་བླུན་པ་མིན་ནམ། །རང་དོན་ཁོ་ནར་ནོར་དང་ཚེ་སྒྲུབ། །དབང་སྡུད་དྲག་པོའི་མངོན་སྤྱོད་ལ་སོགས། །ངན་སོང་སྒྲུབ་པའི་མྱུར་ལམ་ཡིན་ཞེས། །མདོ་རྒྱུད་ཀུན་ལས་གསུངས་པ་ཡིན་ནམ། །བདག་ལ་ཕན་པར་འདོད་པའི་གྲོགས་པོ། །རྣམ་དཔྱོད་ཡངས་པའི་སྐྱེ་བོ་གང་དག །ཙ་ནག་ཀྱ་ཡི་བྲམ་ཟེའི་ཁྱེའུའི། །རྣམ་ཐར་ཚུལ་ལ་རྗེས་སུ་འཇུག་ན། །མིག་ཅན་གཡང་དུ་མཆོང་བ་མིན་ནམ། །ཆོས་བརྒྱད་འཆིང་བའི་ལྕགས་སྒྲོག་སྤངས་ནས། །བདག་ཉིད་ཕྱིར་དུ་བརྒྱ་ཕྲག་དཀའ་བས། །གཡེལ་མེད་ཐར་པ་བསྒྲུབ་པ་དེ་ཡང༌། །ཐེག་མཆོག་ལམ་ལས་རྒྱབ་ཀྱིས་ཕྱོགས་ན། །འདི་ནང་བདེ་སྐྱིད་འབའ་ཞིག་སྒྲུབ་ཕྱིར། །བཟླས་བརྗོད་དཀའ་ཐུབ་རྣམ་དཀར་དགེ་ཚོགས། །བརྩོན་པའི་འབྲས་བུ་ཇི་ལྟར་འགྱུར་ཞེས། །ཤེས་ལྡན་རྣམས་ལ་དམ་བུས་གླེང་ངོ༌། །ཞེས་དང༌།
ན་མོ་གུ་རུ། ལྷ་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ཕ་རྗེ་བཙུན་བླ་མའི་ཞབས་ལ་འདུད། །དུས་མ་རུངས་སྙིགས་མ་ལྔ་བདོ་བས། །བདུད་ནག་པོའི་རིགས་རྣམས་སྟོབས་ལྡན་ཞིང༌། །ལྷ་དཀར་པོའི་ཕྱོགས་རྣམས་སྒྲུབ་ཐག་རིང༌། །མི་ཕལ་ཆེར་མི་དགེ་སྡིག་ལ་རྔམས། ཁྱིམ་སྤངས་པའི་དགེ་སྤྱོང་ཕལ་ཆེར་ཡང༌། །རྒྱུད་ཁྲིམས་འཆལ་གཡོ་སྒྱུ་ཚུལ་འཆོས་མཁན། །རྗེ་ཟས་གཙང་སྲས་ཀྱི་བསྟན་པ་ཡང༌། །སྣུམ་ཟད་པའི་མར་མེ་དག་དང་མཚུངས། །དོན་དེ་ཕྱི ར་ཐར་པ་འདོད་པ་རྣམས། །སེམས་བག་ཡོད་བརྩོན་པ་བསྟེན་པའི་རིགས། །སྤྱིར་འདུས་བྱས་མཚན་ཉིད་དབྱར་གྱི་སྤྲིན། །སྒོས་དེང་སང་མི་ཚེ་གློག་འདྲ་བས། །དོན་འདོ་མེད་བྱ་བས་མི་གཡེང་བར། །དུས་གཏན་གྱི་མདུན་མ་སྒྲུབ་རེ་རན། །ད་རན་པར་མ་ཟད་འཕྱིས་པ་ཙམ། །གནས་འཁོར་བའི་རྒྱ་མཚོ་གཏིང་ཟབ་ཅིང༌། །སྒོས་ངན་སོང་སྡུག་བསྔལ་བཟོད་དཀའ་བས། །སེམས་ཡོད་ན་འབྲོས་པའི་དུས་ལ་བབ། །ལུས་འདོར་ལེན་ཡང་དང་ཡང་བྱས་པའི། །ཤ་རུས་པ་བསགས་ན་ལྷུན་པོ་བརྒལ། །ཟངས་བཞུ་བའི་ཁུ་བ་བཏུངས་པ་དང༌། །ཟས་མི་གཙང་རྣག་ཁྲག་སྤྱད་པ་དང༌། །ལྷའི་བདུད་རྩི་འཐུངས་པ་གང་ཡིན་པའི། །དཔེར་རྒྱ་མཚོ་རུང་བ་མ་ཡིན་གསུངས། ཁོང་གཞན་དང་འཐབས་ཤིང་རྩོད་པ་ཡིས། །མགོ་བཅད་ནས་སྤུངས་ནའང་རི་རབ་འདས། །སྙིང་ཉེ་བའི་མཛའ་བཤེས་དང་བྲལ་བས། །ངག་སྨྲེ་ཞིང་ངུས་པའི་མཆི་མ་ཡང༌། །ཕྱོགས་གཅིག་ཏུ་བསྐྱིལ་ན་རྒྱ་མཚོར་མཚུངས། །འདི་ཤེས་ཤིང་བདེ་བར་སྡོད་ཁོམ་པ། །ཡིད་མྱོས་སམ་ཁྱོད་སྙིང་ལྕགས་ལས་བྱས། །ཚེ་འདི་སྣང་སྐྱེལ་མས་འདོར་ལ་ཁད། །དགྲ་གཤིན་རྗེའི་གདན་འདྲེན་མདུན་ཏུ་སླེབས། །ལམ་བར་དོའི་འཕྲང་འདི་ཡ་ཡང་ང༌། །ཚེ་ཕྱི་མའི་འབྱོན་ས་ཅི་འདྲ་རང༌། །ཡར་བདེ་འགྲོར་སྐྱེས་ཀྱང་མཁས་པ་ཡིས། །དོན་བསམས་ན་དམྱལ་མེད་ལྟ་བུར་འཇིགས། །མི་སྙིང་ཅན་རང་ལ་སྙིང་རྗེས་ལྟོ ས། །རང་བསམ་ན་ཕྱི་མའི་མདུན་གྲབས་གྱིས། །སྔོན་ལན་བརྒྱར་མྱོང་བ་མ་ཡིན་པའི། །ལར་སྲེད་པའི་བདེ་བ་གང་ཞིག་ཡོད། །དེ་སྤྱད་པས་དོན་འབྲས་ཅི་འདྲ་འབྱུང༌། །ད་བསམས་ན་སྙིང་པོ་གང་འདྲ་འདུག །འདི་སོམས་ལ་ཕྱིན་ཆད་འདོད་འདུན་བསྐྱུངས། །རྗེ་འདྲེན་མཆོག་རྒྱལ་པོ་བླ་མའི་ཞབས། །འདི་འབྲལ་མེད་སྤྱི་བོའི་རྒྱན་བཟུངས་ལ། །བཀའ་མདོ་རྒྱུད་རྒྱ་མཚོའི་བཅུད་བསྡུས་པ། །ལམ་ཐབས་ཤེས་ཟབ་མི་ཉམས་ལེན་གྱིས། །དཔལ་སྐུ་གསུམ་བདེ་བ་ཆེན་པོ་དེ། །ཚེ་འདི་ལ་བསྒྲུབས་ན་མི་ལེགས་སམ། །ཞེས་སོགས་ཉམས་མགུར་མང་དུ་མཛད་དོ། །
དེ་སྐབས་གང་ལྗོངས་འདིར་གཙང་སོག་འཛིངས་པའི་དུས་འཁྱོམས་དང༌། འབྲི་ཕག་སྡེ་གཟར་གྱི་དུས་འཁྱོམས་སོགས་དམག་འཁྲུག་བརྒྱུད་མར་བྱུང་བས་གཤིན་རྗེའི་འཇིག་རྟེན་མི་ཡུལ་དུ་འཕོས་པ་ལྟར་འཁྱིག་བརྡུང་དང་གསོད་གཅོད་དབུལ་ཞིང་ཕོངས་པས་ཉམ་ཐག་པ་སོགས་སྡུག་བསྔལ་མཚོ་རྡོལ་ལྟར་གྱུར་ཅིང༌། དེང་སང་གི་སྐྱེ་བོ་རྣམས་ཀྱི་དགྲ་གཉེན་དང་མཐོ་དམན་ཡིད་བརྟན་མི་རུང་བའི་འགྱུར་ལྡོག །ལྷག་པར་དུས་ངན་གྱི་ཁྲེལ་མེད་སྤྱི་དང་བྱེ་བྲག་ཏུ་བསྟན་པའི་སྒོར་ཞུགས་པར་རློམས་པའི་སེར་གཟུགས་སྙིགས་མ་ལྔའི་གདོན་གྱིས་བསྐྱོད་ཅིང༌། ཆགས་སྡང་དང་ཕྲག་དོག་གཡོ་སྒྱུའི་ཆང་གིས་ཡིད་ལྷག་པར་མྱོས་པས་ངན་འགྲོའི་མེ་དོང་འཇིགས་སུ་རུང་པའི་སྟེང་དུ་དགའ་མགུར་ཟློས་གར་བསྒྱུར་བ་མང་པོ་གཟིགས་ཤིང༌། སྙན་དུ་གསན་པས་དེ་དག་གི་བྱེད་སྤྱོད་ལ་སྒྲུབ་བྱེད་འཕེན་པའི་ཚུལ་དུ་ཉམས་མགུར་འདི་ལྟར་མཛད་དེ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྤྲོས་དང་བྲལ་ཡང་མཚན་དཔེའི་རྒྱན་གྱིས་སྤྲོས། །གསུང་གཅིག་ཉིད་ཀྱང་དུ་མ་སོ་སོར་སྟོན། །དབྱིངས་ལས་གཡོ་བ་མེད་ཀྱང་ཆོས་ཀུན་གསལ། །འཆིང་བ་བཅད་ཀྱང་སྙིང་རྗེས་དམ་དུ་བཅིངས། །བསླུ་མེད་འདྲེན་པ་ཤཱཀྱའི་རྒྱལ་པོ་དང༌། །དབྱེར་མེད་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །དུས་ངན་སྙིགས་མའི་བདག་ཅག་འགྲོ་རྣམས་ལ། །འབྲལ་མེད་བརྩེ་བས་གཟིགས་ལ་མཆོག་སྩོལ་ཞིག །ཆོས་མེད་མི་ལ་ཆོས་ཀྱི་རྗེར་བཏགས་པ། །བདག་དང་བདག་འདྲའི་བླ་མར་རློམ་མཐོང་ཚེ། །དུལ་ཞིང་ཞི་སོགས་ཡོན་ཏན་བཅུ་ལྡན་པའི། །བཟློག་ཕྱོགས་བླ་མའི་མཚན་ཉིད་ལགས་སམ་སྙམ། །འགྲོ་བའི་འདྲེན་པར་མངོན་རློམ་ཕྱོགས་རིས་ཅན། ཁྲོས་པའི་ཚེ་ན་ཡུལ་དང་སྡེ་དགོན་འཇོམས། །རྒྱལ་པོའི་རྣམ་ཐར་སྐྱོང་རྣམསམཐོང་བའི་ཚེ། །མཐོ་རིས་ཐར་བའི་ཡར་འདྲེན་ཅི་འདྲ་རང༌། །ཕན་བདེའི་འབྱུང་གནས་བསྟན་དང་བསྟན་འཛིན་ཅེས། །གསུངས་མོད་བསྟན་འཛིན་ཕལ་ཆེར་ཆགས་སྡང་གིས། །སྐྱེ་དགུའི་ཕན་བདེ་འཇོམས་པ་མཐོང་བའི་ཚེ། །སངས་རྒྱས་བསྟན་པའང་སྡུག་བསྔལ་འབྱུང་བའི་སྒོ། །དགེ་ལེགས་རྩ་བ་ཚུལ་ཁྲིམས་ཡོངས་བོར་བའི། །ཐེག་མཆོག་རྣལ་འབྱོར་དབང་པོ་མང་མཐོང་ཚེ། །འགྲམ་རྩ་མེད་པའམ་ཟགས་པའི་ཁང་རུལ་སྟེང༌། ཁང་བརྩེགས་བརྟན་པོའི་བཀོད་པ་རུང་སྙམ་སེམས། །གྲོང་འདབས་དང་འབྲེལ་དགོན་པའམ་གཞན་དུ་ཡང༌། །བཀོད་པས་མཛེས་པའི་ཁྲི་གདན་ལ་འདུག་སྟེ། །མ་ཇོའི་ཞབས་འབྲིང་ཅན་དེའང་རྣམ་གྲོལ་གྱི། །སྲོག་ལྡན་ཅི་ཞིག་ཚུལ་ཁྲིམས་ནོར་ལ་སོམས། །བཀའ་དྲིན་གསུམ་ལྡན་བླ་མའི་ཐུགས་དཀྲུག་ཅིང༌། །བཀའ་བཞིན་མི་སྒྲུབ་སློབ་མའི་ཚོགས་མཐོང་ཚེ། །མནར་མེད་ཁྲོ་ཆུ་ཁོལ་མའི་ཟངས་མོ་ཆེ། །ཆག་གམ་རྡོལ་བའི་གཏམ་སྙན་ཐོས་སམ་སྙམ། །བསྟན་པའི་སྒོར་ཞུགས་ངུར་སྨྲིག་གོས་གྱོན་ནས། །ཁྲིམས་འཆལ་བག་མེད་སྤྱོད་པའི་ཚོགས་མཐོང་ཚེ། །ངན་སོང་གསུམ་གྱི་གནས་དེ་ལེགས་བྲི ས་ཀྱི། །དགའ་བའི་ཚལ་ལྟར་མཐོང་བ་ཡིན་ནམ་སྙམ། །སྐྲ་བྲེགས་ལུས་བསྒྱུར་ཆོས་ཀྱི་སྒོར་ཞུགས་ཀྱང༌། །ཀུན་སློང་དུག་ཆུས་ཡིད་མྱོས་དགེ་འདུན་གྱི། །སྡེ་བཅས་དམ་ཆོས་སྤོང་བའི་ཚོགས་མཐོང་ཚེ། །བསྟན་ལ་ཞུགས་པ་ཡིས་ཀྱང་ལྷག་པར་ཕུང༌། །བརྫུན་དང་ངན་གཡོ་ཁྲམ་གྱིས་རང་དོན་དག །སྒྲུབ་རྣམས་སྤྱང་གྲུང་འཛེམ་པར་བྱེད་མཐོང་ཚེ། །རང་དོན་དོར་ནས་གཞན་དོན་གཙོར་མཛད་པའི། །སེམས་དཔའ་མཆོག་རྣམས་མི་གྲུང་བླུན་པ་སྙམ། །དམ་པས་སྨད་པའི་མི་དགེའི་ལས་རྣམས་ལ། །བག་མེད་དགའ་མགུར་འཛུག་རྣམས་མཐོང་བའི་ཚེ། །དགེ་སྡིག་ཤན་འབྱེད་ཆོས་ཀྱི་རྒྱལ་པོ་དེ། །ཤིའམ་མཆེ་བ་ཟད་པར་ཤེས་པ་འདྲ། །སེམས་ཅན་མགུ་བྱ་མ་གཏོགས་རྒྱལ་བ་རྣམས། །མཉེས་བའི་ཐབས་གཞན་མེད་ཀྱང་མཆོད་སྦྱིན་ཕྱིར། །སྐྱེ་འགྲོ་ཁྲལ་གྱིས་མནར་བ་མཐོང་བའི་ཚེ། །འཚེ་བ་ཆོས་སུ་སྨྲ་ལ་ཉེས་པ་ཅི། །དུས་མཐའི་སྐྱེ་བོ་ཀུན་གྱི་སྤྱོད་ཚུལ་རྣམས། །སྟོན་པའི་གསུང་རབ་བཻ་ཌཱུར་ས་གཞིའི་ངོས། །གསལ་བར་ཤར་བའི་སྣང་ཚུལ་ཅུང་ཟད་ཙམ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱས་བཀོད། །དགེ་བས་མཐའ་ཡས་འགྲོ་བ་མ་ལུས་པ། །དུས་བཟང་ཡོན་ཏན་བརྒྱ་ལ་ལོངས་སྤྱོད་ཅིང༌། །སྐྱོན་བྲལ་སྡོམ་པ་གསུམ་གྱིས་རྒྱུད་བསྡམས་ནས། །སྐུ་གསུམ་གོ་འཕང་མྱུར་དུ་ཐོབ་པར་ཤོག །བདག་ཀྱང་ཚེ་རབས་ཀུན་ཏུ་འགྲོ་རྣམས་ཀྱི། །ངན་སྤྱོད་སྐྱོན་གྱི་ཚོགས་ལ་མི་རྟོག་པར། །དག་སྣང་བྱམས་བརྩེའི་འོད་ཀྱིས་ཁྱབ་བྱས་ཏེ། །རྣམ་གྲོལ་དགའ་བའི་ཚལ་དུ་མྱུར་འཇུག་ཤོག །ཅེས་དང༌།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn