པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་ཉི་ཤུ་བ།
དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་བསྟན་པའི་རྒྱུན་ལ་དགོངས་ཏེ་བཀའ་འགྱུར་རིན་པོ་ཆེ་དག་ངེས་ཤིག་བཞེངས་བར་བཞེད་ནས་ཞ་ལུ་ནས་ཆོས་རྗེ་བུ་སྟོན་རིན་པོ་ཆེས་ཞུས་དག་མཛད་པའི་བཀའ་འགྱུར་གདན་དྲངས། གཞན་ཡང་བཀའ་འགྱུར་གྱི་དཔེ་ཁུང་མ་མང་པོ་བསགས་ཏེ་རྗེ་འདི་ཉིད་ཀྱི་སྤྱན་ལམ་དུ་ཕབ་པའི་ཞུས་དག་ལེགས་པར་མཛད་ནས་གངས་རིའི་ལྗོངས་ཀྱི་ཡིག་མཁན་མཁས་པར་གྲགས་པ་རྣམས་བསྡུས་ཏེ་བཀའ་འགྱུར་གསར་བཞེངས་མཛད་པ་དེ་ལ་ནི་བཀའ་འགྱུར་སྐྱ་པོད་ཆེན་མོ་ལྗགས་ཞུས་མར་གྲགས་ཤིང༌། ཡང་གསེར་འབའ་ཞིག་གིས་བྲིས་པའི་བཀའ་འགྱུར་ཞིག་ཀྱང་གསར་བསྐྲུན་མཛད་དེ་བཀའ་འགྱུར་གཉིས་ཀ་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་ན་བཞུགས་སོ། །དེ་སྐབས་དུས་གཟིར་གྱི་འགྱུར་བ་ལ་བརྟེན་བླ་ཆེན་མི་ཆེན་མང་པོ་ཞིག །དར་རྒྱུད་ཀྱི་འགྱུར་ལྡོག་སྣ་ཚོགས་བྱུང་བ་གཟིགས་པས། རྒྱལ་སྲས་རིན་པོ་ཆེས། ཕྱི་མའི་སོ་ཚིས་གྲོག་སྐམ་ཉ་རྒྱ་འདྲ། །བསམ་པ་ཐོག་ཏུ་མི་ཁེལ་འདོད་འདུན་སྐྱུངས། །ཅིས་ཀྱང་དྲན་ན་འབྱོར་རྒུད་འདུ་འབྲལ་སོམས། །ལྟོ ས་ཐུབ་ཆོས་ལས་འདུག་གེ་མ་ཎི་བ། །ཞེས་གསུངས་བཞིན་ཕྱི་ཚིས་ཀྱིས་ཟས་ནོར་བསགས་ཀྱང་སྦྲང་མའི་སྦྲང་རྩི་དང༌།འདྲ་བར་མངོན་དུ་མཐོང་ཞིང་གྲུབ་ཀྱང༌། ད་དུང་སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས་པ་འདི་དག་ནི་ཀྱི་མ་ཀྱི་ཧུད་སྙིང་དང་མིག་མེད་པའོ་སྙམ་དུ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པར་ངེས་པའི་ངེས་ཤེས་དང་སྒྱུ་མས་རྨོངས་པའི་འགྲོ་བ་མཐའ་དག་ལ་སྙིང་རྗེ་ཤུགས་དྲག་ཏུ་འཁྲུངས་ནས་འཁོར་བའི་ངང་ཚུལ་ཐུགས་ལ་ཤར་བ་ལྟར་ཚིག་ཏུ་མཚོན་པར་མཛད་པ་ནི་འདི་ལྟར།
ན་མོ་ཤཱཀྱ་མུ་ན་ཡེ། ཚངས་དབང་དང་འཁོར་ལོས་བསྒྱུར་བ་ཡི། །དགའ་སྟོན་ཡང་གཤེད་མ་ལྟར་དགོངས་ཏེ། །ཆོག་ཤེས་ཀྱི་བདུད་རྩིས་ངོམ་པ་རྣམས། །ཨེ་མ་ཧོ་མཆོག་ཏུ་བསྔགས་པར་འོས། །རྟག་འཛིན་གྱི་འབྱུང་པོས་ཡིད་བསྒྱུར་ནས། །ཆོས་བརྒྱད་ཀྱི་དུག་ཆུས་རབ་མྱོས་པའི། །དྲེད་པོ་ཁྱོད་སྐྱེ་རྒ་ན་འཆི་ཡི། །གནས་ཚུལ་འདི་སྙིང་ནས་བསམ་པའི་རིགས། །ཉི་རྒས་ཀྱི་གྲིབ་མ་ཇི་བཞིན་དུ། །འཆི་བདག་ཁོ་མི་སྡོང་ཚུར་ཚུར་འོང༌། །བྲོས་པས་ཀྱང་ཐར་ས་མི་འདུག་པས། །འཆི་གྲབས་ལ་ཕྱི་ཤོལ་མ་བྱེ ད་ཅིག །སྟོང་གསུམ་གྱི་ཁྱོན་ལ་དབང་བསྒྱུར་ཞིང༌། །ཟས་ནོར་སོགས་རྒྱ་མཚོའི་འཇིངས་གནས་ཀྱང༌། །འཆི་བདག་གི་གཤིན་རྗེའི་ཞགས་པ་ཡིས། །དབང་མེད་དུ་ཕ་རོལ་གཅེར་བུར་འཁྲིད། །གནད་གཅོད་ཀྱི་མཚོན་རྣོན་དྲག་པོས་བསྣུན། །ངན་སོང་གི་འཁྲུལ་སྣང་སྣ་ཚོགས་ཤར། །སྔར་བྱས་ཀྱི་ལས་ལ་འགྱོད་ཅིང་འཚེར། །ཨ་ཙ་མ་ཅི་བྱ་གཏོལ་མེད་གྱུར། །ངན་སྐྱུགས་དང་བཤང་གཅི་དྲི་ང་བ། །འདམ་རྫབ་ཀྱི་ནང་དུ་བྱིང་ཞིང་ནུབ། བྱང་ཤ་རྣམས་ཕྱིར་སྦོས་མིག་འབྲས་རྡིབ། ཁ་ཟས་ཀྱི་ཞེན་ལོག་སྐོམ་པས་གདུངས། །རིག་རིག་ཏུ་བལྟ་ཞིང་ཡན་ལག་གཡོབ། །ངར་ངར་གྱི་དབུགས་ཕྲེང་གྱེན་དུ་བརྩེག །ཉམ་ཐག་གི་ང་རོས་བོས་བྱས་ཀྱང༌། །རང་ཉེས་ཀྱིས་སྐྱོབ་མཁན་གཅིག་ཀྱང་མེད། །འཇིགས་རུང་གི་གཡང་སར་ལྷུང་མཐོང་ནས། །རང་ཉིད་ལ་གཏིང་ནས་ཡི་མུག་སྐྱེས། །ལག་སྟོང་དུ་སྒྲེན་མོར་འགྲོ་དགོས་པ། །ནམ་ཡོང་ལ་ངེས་པ་མི་འདུག་ན། །གཟོན་མེད་དུ་བདེ་བར་སྡོད་ཕོད་དམ། །དོན་ཆུང་གི་ཁེ་ཉེན་རྩི་རྩི་ནས། །གློ་བུར་དུ་སྐྱས་ཆེན་འདེགས་དགོས་པའི། །ངང་ཚུལ་འདི་སྙིང་ནས་མི་དྲན་པ། །ཕྱུགས་ལས་ཀྱང་བླུན་པའམ་ཡང་ན་སྨྱོ། །གཏམ་ངན་དང་སྡུག་བསྔལ་ཁྱད་བསད་ནས། །སེར་སྣ་ཡིས་བསགས་པའི་ཟས་ནོར་ལས། །རྡུལ་ཙམ་ཡང་ཁྱེར་བའི་དབང་མེད་པར། །གཅེར་བུ་རུ་བར་དོའི་འཕྲང་ལ་འཁྱམ། །འབད་རྩོལ་གྱིས་བསྒྲུབས་པའི་ནོར་རྫས་དེ། །སྦྲང་མ་ཡིས་བསགས་པའི་སྦྲང་རྩི་བཞིན། །འབྲེལ་མེད་ཀྱི་སྐྱེ་བོ་གཞན་གྱིས་སྤྱོད། །གནས་ཚུལ་འདི་མངོན་སུམ་མཐོང་བཞིན་དུ། །ད་དུང་ཕྱི ་ཚིས་ཀྱི་གསོག་རུན་མཁན། །བློ་ངན་གྱི་སྐྱེ་བོ་ཅེ་རེ་ལོང༌། །ད་གསོག་ན་དུས་གསུམ་འཕགས་པའི་ནོར། །འགྱུར་མེད་ཀྱི་དད་པ་རྣམ་དག་ཁྲིམས། །ཐོས་པ་དང་གཏོང་བ་ངོ་ཚ་ཤེས།ཁྲེལ་ཡོད་དང་ཤེས་རབ་ནོར་རྣམས་སོགས། །འཕགས་ནོར་གྱིས་གང་བའི་བང་མཛོད་དེ། །སྐྱེ་རྒ་དང་ན་འཆིའི་དགྲ་ཀུན་གྱིས། །དུས་ནམ་ཡང་འཕྲོག་པར་མི་ནུས་པ། །མཐར་ཐུག་ཏུ་མི་འབྲལ་འགྲོགས་པས་བདེ། །ཞེས་དང༌།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བསྐལ་བཟང་འདི་ལ་བདེ་གཤེགས་ནི། །མང་པོའི་མཛད་པས་རྣམ་རོལ་པ། །དྲིན་ཅན་རྩ་བའི་བླ་མ་དེ། །དྲན་པས་སྲིད་པའི་གདུང་བ་སེལ། །དེང་ནས་བྱང་ཆུབ་མ་ཐོབ་པར། །ངན་སོང་འཇིགས་པ་ལས་སྒྲོལ་ཞིང༌། །མཐོ་རིས་ཐར་པའི་ལམ་འདྲེན་པ། །བླ་མ་མཆོག་ལ་རག་ལས་ཀྱང༌། །བཀའ་དྲིན་གསུམ་ལྡན་བླ་མ་ལས། །ལྷག་པའི་སྐྱབས་གནས་གཞན་འཚོལ་བ། །ཡིད་བཞིན་ནོར་བུ་མཆོག་ཐོབ་པ། །དོར་ནས་མཆིང་བུ་ལེན་པ་བཞིན། །ལྷ་ལས་ལྷག་པའི་རྟེན་བཟང་འདི། །རྙེད་དཀའ་དོན་ཆེ་ཤེས་གྱུར་ཀྱང༌། །དོན་ཆེན་སྙིང་པོ་མི་ལེན་པར། །ཚེ་འདི་བྱ་བས་དུས་འདའ་བ། །དབུལ་པོ་འགའ་ཞིག་སྟེས་དབང་གིས། །ནོར་བུའི་གླིང་དུ་སླེབས་ནས་ཀྱང༌། །ལག་སྟོང་གཅེར་བུར་རང་ཁྱིམ་དུ། །འཇུག་པ་ལས་ཀྱང་ཤིན་ཏུ་བླུན། །འདི་ནས་ལོ་ཟླའི་ཁོངས་ཙམ་དུ། །ཡོང་བར་ངེས་ཤིང་ནམ་འོང་བ། །ངེས་པ་མེད་པའི་དགྲ་དག་ལ། །རྨོངས་པའི་འཇིག་རྟེན་སྐྱེ་བོ་ཡང༌། །ཉིན་རེ་བཞིན་དུ་བག་བྱེ ད་ན། །ངེས་པར་འོང་ཞིང་ནམ་འོང་བ། །ངེས་མེད་འཆི་བདག་དགྲ་བོ་ལ། །གཟོན་མེད་བདེ་བར་འདུག་པ་འདི། །ཀྱེ་མ་ཀྱི་ཧུད་ཕྱུགས་ལས་བླུན། །འཇིགས་རུང་འཆི་བདག་ཟ་རེས་དེ། །དེ་རིང་ཐོག་ཏུ་མི་འབབ་པའི། །བདག་ལ་གདེངས་ཡོད་མ་ཡིན་ན། །ཅི་ཕྱིར་བདག་ཡིད་བདེ་བར་འདུག །མི་བཟད་བཟོ་དཀའི་ནད་ཀྱིས་བཏབ། །བཤང་གཅིའི་གདན་ལ་འགྲེ་ལྡོག་བྱེད། །དྲོད་བསྡུས་དབུགས་རྩེགས་ངར་སྒྲ་དག །འབྱིན་པའི་དུས་ཤིག་མྱུར་དུ་འོང་། །གཉེན་བཤེས་ངུ་བས་མཐའ་སྐོར་ཞིང༌། །སྨན་དང་རིམ་གྲོས་བཅོས་སུ་མེད། །ཡན་ལག་གཡོབ་ཅིང་རིག་རིག་བལྟ། །འོན་ཀྱང་རྟག་འཛིན་དབང་གྱུར་པས། །ད་དུང་གསོན་པར་རེ་ན་ཡང༌། །འཆི་བདག་གཤིན་རྗེ་གཉར་ཞོན་ཏེ། །མ་རང་ཁྲེལ་ནས་གད་མོ་དགོད། །གཅེས་པར་བསྐྱངས་པའི་ཤ་རུས་ཀྱང༌། །བཞག་ནས་གྲོགས་མེད་གཅིག་བུ་རུ། །འཇིགས་པའི་ཐང་ལ་དགྲས་བཅོམ་ལྟར། །མྱུར་དུ་འགྲོ་བའི་དུས་ཤིག་འོང༌། །སྟོང་གསུམ་ནོར་ལ་དབང་བསྒྱུར་ཡང༌། །རྡུལ་ཕྲན་ཙམ་ཡང་ཁྱེར་དབང་མེད། །གཉེན་བཤེས་མཛའ་བས་མཐའ་བསྐོར་ཡང༌། །གཅིག་ཙམ་རྗེས་སུ་འབྲང་བ་མེད། །དེ་ཚེ་བདག་གི་མིང་ཙམ་ཡང༌། །ཤུལ་དུ་ལུས་ན་གཞན་ཅི་སྨོས། །འཇིགས་ཆེན་འདི་འདྲ་མ་དྲན་པར། །འབྲེལ་མེད་ཚེ་འདིའི་བྱ་བ་ལ། །ཞེན་པ་བདག་དང་བདག་འདྲ་བའི། །མགོན་མེད་འགྲོ་བ་མཐའ་དག་ལ། །བརྩེ་བས་གཟིགས་ཤིག་བླ་མ་ལྷ། །ཞེས་སོགས་ཉམས་མགུར་མང་དུ་མཛད་དོ། །
སྤྱིར་སྙིགས་མའི་ངང་ཚུལ་ཆེས་ཆེར་བདོ་བ་དང༌། ལྷག་པར་ཕྱོགས་ལྷུང་གདོན་གྱིས་ཡིད་དཀྲུགས་ནས་བསྟན་འཛིན་དམ་པ་རྣམས་ལ་འཚེ་ཞིང་དྲིན་ལན་ལོག་པར་འཇལ་བའི་སྡིག་ཅན་འགའ་ཞིག་གི་ངང་ཚུལ་གཟིགས་པས་ཐུགས་སྐྱོ་བའི་ཉམས་མགུར་འདི་ལྟར་མཛད་དེ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཐུགས་རྗེ་དང་ལྡན་པའི་རྒྱལ་གཞན་གྱིས། །འདུལ་བ་རུ་མ་ནུས་སྤངས་པ་ཡི། །མགོན་མེད་ཀྱི་ལོང་བ་བདག་ཅག་ལ། །གཡེལ་མེད་དུ་གཟིགས་ཤིག་ཟས་གཙང་སྲས། །འདུས་བྱས་ཀྱི་ངང་ཚུལ་སྟོན་ཀའི་སྤྲིན། །དགྲ་གཉེན་གྱི་འཚོགས་འདུ་ཚོང་དུས་འགྲོན། །སྙིགས་དུས་ཀྱི་མི་ཚེ་མཁའི་གློག །ཤེས་ལྡན་འདྲ་ཡོད་ན་བསམ་པའི་རིགས། །ནག་ཕྱོ གས་ཀྱི་བདུད་རིགས་སྟོབས་ལྡན་པས། ཁྲེལ་མེད་ཀྱི་ངན་སྤྱོད་ཆུ་ལྟར་འཁྲུག །འདོད་ནག་གི་དུག་ཆུས་ཡིད་མྱོས་པས། །ཡ་རབས་ཀྱི་སྤྱོད་ཚུལ་རྒྱང་དུ་བསྲིངས། །དམ་ཚིག་དང་སྡོམ་པ་རྩ་ལྟར་དོར། །ངོ་ཚ་དང་གཏམ་ངན་ཁྱད་བསད་ནས། །འཇིགས་རུང་གི་ངན་འགྲོའི་གཡང་ས་ཆེར། །སུ་མགྱོགས་རང་མཛད་ཚོས་ཅི་དགོངས་ན། །རྒྱང་རིང་སྣང་ཚུལ་ཕར་ཞོག་གི །དབྱར་དགུན་སོགས་ནམ་ཟླའི་འགྱུར་ལྡོག་དང༌། །དེང་དུས་ཀྱི་སྐྱེ་བོའི་དར་རྒུད་འདི། །ཤེས་བཞིན་དུ་མི་མཐོང་ཅེ་རེ་ལོང༌། །འདི་ནང་གི་བྱ་བ་ཅི་བྱས་བདེ། །བྱང་ཆུབ་འདི་ཕྱིས་ནས་བཙལ་ཐབས་མེད། །ཐར་མེད་ཀྱི་བཙོན་ཁང་ར་བ་ལས། །འབྲོས་ཐབས་འདྲ་ཨེ་འདུག་ལེགས་པར་སོམས། །རི་གཟར་གྱི་འབབ་ཆུ་དྲག་པོ་ལྟར། །སྐྱེས་ཙམ་ནས་འཆི་བདག་ཕྱོགས་རྒྱུག་པ། །གང་གིས་ཀྱང་བཟློ ག་པར་མི་ནུས་ན། །བདེ་མོ་རུ་སྡོད་པ་ཕྱུགས་ལས་བླུན། །འདི་ནང་གི་དགྲ་འདུལ་གཉེན་སྐྱོང་སོགས། །འཇིག་རྟེན་གྱི་བྱ་བར་ཞེན་པ་ཚོ། །འབྲས་མེད་ཀྱི་སྤུན་པ་འཕྱར་འཕྱར་ནས། །དོན་པོ་མནར་མེད་ཀྱི་བུད་ཤིང་ཉིད། །སྟོང་གསུམ་ལ་དབང་བསྒྱུར་རྒྱལ་པོ་ཡང༌། །སྐད་ཅིག་ཀྱང་སྡོད་པའི་དབང་མེད་པར། །ཕ་རོལ་ཏུ་གཅེར་བུར་འགྲོ་དགོས་ན། །འཁོར་བའི་ཕུན་ཚོགས་ལ་ཡིད་བརྟན་ཅི། །དོན་ཆུང་ལ་མི་ཚེ་མཛད་པའི་རྒྱུ། །བན་བུན་གྱི་གཡེང་བས་ཅི་རང་མཛད། །རླང་དམར་གྱི་ནང་གི་མར་མེ་བཞིན། །ནམ་འཆི་ལ་ངེས་པ་མ་མཆིས་པ། །རྨི་ལམ་གྱི་དགའ་སྟོན་ལྟ་བུ་ཡི། །ཟག་བཅས་ཀྱི་བདེ་ལ་ཞེན་རིན་མེད། །འགྱུར་མེད་ཀྱི་ཟུང་འཇུག་བདེ་བ་ཆེའི། །གྲོང་ཁྱེར་དུ་ཞུགས་ན་མི་ལེགས་སམ། །ཞེས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn