པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅུ་དགུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-23 22:10:59     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

521286971938942575.jpg

                      གཞན་ཡང་དེ་དུས་ཉམས་མགུར་འདི་ལྟར་མཛད་དེ། ན་མོ་གུ་རུ། དཀྱིལ་འཁོར་གྱི་འཁོར་ལོ་བྱེ་བའི་གཙོ། །དུས་མཐའ་འདིར་ངུར་སྨྲིག་རྣམ་རོལ་གྱིས། །སངས་རྒྱས་ཀྱི་མཛད་པ་མངོན་སུམ་བསྒྲིབས། །ད་དུང་ཡང་ཡེ་ཤེས་སྤྱན་གྱིས་གཟིགས། །འཁོར་འདས་ཀྱི་ཆོས་རྣམས་ཇི་སྙེད་པ། །སྣང་བ་ལྟར་མ་ཞེན་གནས་ཚུལ་ལྟོས། །སྣང་གནས་ཀྱི་ངོ་བོ་གཉིས་མཐོང་ན། །རྟག་པ་དང་ཆད་པའི་མཐའ་ལས་གྲོལ། །མདོ་རྒྱུད་ཀྱི་རྒྱབ་རྟེ ན་དཔུང་ཆེ་ཞིང༌། །གདམས་ངག་གི་ནང་བྱན་ཚུད་པ་ཡི། །བྱི ན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི། །མཚན་ལྡན་གྱི་རྗེ་བཙུན་བསྟེན་པས་འཚངས། །ཐར་འདོད་ཀྱི་སྐལ་ལྡན་ཁྱེད་རྣམས་ཀྱང༌། །ཆོས་ཉིད་ཀྱི་རང་ཞལ་གཟིགས་བཞེད་ན། །སྐམ་བཤད་ཀྱི་ཐ་སྙད་མཁན་པོ་དང༌། །ཐོས་ཆུང་གི་སྒམ་སྒོམ་མ་ཡིན་པའི། །ཡོང་གྲགས་ཀྱི་རྗེ་ལ་བློ་སྙིང་གཏོད། །ཤུགས་དྲག་གི་བསག་སྦྱངས་ཡུན་དུ་བསྲིངས། །སྣང་ཐོག་ཏུ་ཞེན་པའི་གཞི་རྩ་ཤིག །རིག་ཐོག་ཏུ་ཡོད་མེད་མཐའ་དང་བྲལ། །སྣང་ཙམ་གྱི་རྟེན་འབྲེལ་མི་བསླུ་ཞིང༌། །རྟེན་འབྲེལ་གྱིས་སྟོང་པའི་དོན་སྟོན་པ། །ཟུང་འཇུག་ཏུ་སྐྱོང་བའི་རྣལ་འབྱོར་འདི། །ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །ཟུང་འཇུག་ཏུ་འཁྱེར་པའི་ཉམས་ལེན་ཡིན། །ཞེས་དང༌། རྗེ་བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཆང༌། །མི་བདག་སྙིང་པདྨོའི་དབུས་བཞུགས་ལ། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་པ། །དུས་ད་ལྟ་ཉིད་དུ་བདག་ལ་སྩོལ། །ལོ་དཀར་པོའི་ས་ག་ཟླ་བ་ལ། །དུས་ཉིད་གཅིག་དགེ་ལྡན་རི་བོའི་ངོས། ཁམས་འདུས་པ་བསང་ཕྱིར་སོང་པའི་ཚེ། །ཡུལ་རི་མོ་སྣ་ཚོགས་སོ་སོར་སྣང༌། །སྒོ་མ་འགགས་སྣང་བའི་ཚུལ་བརྟགས་པས། །ཀུན་བྱང་གི་ཆོས་རྣམས་ངོ་བོས་སྟོང༌། །ངོ་བོ་དང་བྲལ་ཡང་ཅི་ཡང་ཤར། །སྣང་སྟོང་གཉིས་འགལ་བ་མ་ཡིན་པའི། །ཟུང་འཇུག་གི་གཞལ་མེད་ཉམས་དགའ་བ། །འདི་གང་ཤར་གྱི་ངོ་བོ་བསྐྱངས་པས་མཐོང༌། །ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན། །ལམ་འདི་ཉིད་ཀྱི་སྟེང་དུ་འབབ་པར་གསུངས། །བཟང་ངན་གྱི་སྣང་བ་གང་ཤར་ཡང༌། །མིང་རྟོག་པས་བཏགས་པ་ཙམ་ཞིག་ལས། །རྡུལ་ཙམ་ཡང་དམིགས་སུ་མ་མཆིས་ན། །ལར་དགག་སྒྲུབ་ཀྱི་སྤྲོ་པས་ཅི་རང་བྱེ ད། །ད་མནར་མེད་འབར་བའི་མེ་ནང་དུ། །ཡུན་བསྐལ་པར་བསྲེགས་ཀྱང་ཉམ་ང་མེད། །རྨི་ལམ་གྱི་རབ་འབར་མེས་བསྲེགས་ཀྱང༌། །སྲེག་མཁན་དང་བསྲེག་བྱ་སྲེག་བྱེད་གང༌། །དོན་དེ་ཕྱིར་ཚངས་དབང་ལ་སོགས་པ། །དཔལ་སྲིད་པའི་ཕུན་ཚོགས་ཐམས་ཅད་ལའང༌། །ཡིད་འདུན་ཅིང་ཆགས་པ་ཅུང་ཟད་མེད། །ལར་སྒྱུ་མས་སྤྲུལ་པའི་ལོངས་སྤྱོད་བཞིན། །དོན་འདི་བཞིན་ངེས་པ་བླ་མའི་དྲིན། །ཚིག་སྐམ་བཤད་ཀྱི་རྒྱུད་པ་མ་ཡིན་པ། །དཔལ་བྱིན་རླབས་ཀྱི་རྒྱུད་པ་མ་ཉམས་པའི། །ཕ་ཡོངས་གྲགས་ཀྱི་རྗེ་བཙུན་བསྟེན་པས་འཚེངས། །ཞེས་པ་དང༌། ཡང་ཧ་ཧ། སེམས་གསལ་རིག་འགག་མེད་དུ་སྐྱེ་བ་འདི། །སྐྱེ་མེད་དུ་མཐོང་བ་ཡ་རེ་མཚན། །སྐྱེ་མེད་ལ་གནས་དང་འགག་པ་གང༌། །མོ་གཤམ་གྱི་བུ་མོའི་འགྱིང་བག་བཞིན། །སེམས་རང་བཞིན་སྤྲོས་པའི་མཐའ་དང་བྲལ། །གདངས་འགག་མེད་ཅིར་ཡང་འཆར་ཞིང་སྣང༌། །དབྱིངས་གཟུང་འཛིན་གྱི་སྒྲོག་ལས་རྣམ་གྲོལ་ཀྱང༌། །དེང་སྦར་འཛིན་བྱེད་པ་འདི་འདྲ་ཞིག ཁོང་གཞན་ཚོ་ལྟ་ཁྲིད་དང་ཕྱག་ཆེན་སྒོམ། །མི་ཁོ་བོ་ལ་བསྒོམ་བྱ་སྒོམ་བྱེ ད་དང༌། །དོན་འདི་བསྒོམ་གྱི་མཚན་ན་རྡུལ་ཙམ་མེད། །སྒོམ་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ད་མྱུར་དུ་ཤིའམ་གསོན་ཡང་བླ། །སེམས་སྣང་སྟོང་བདེ་ཆེན་གྱི་གྲོགས་མཆོག་དང༌། །དུས་སྐད་ཅིག་མི་འབྲལ་འགྲོགས་ནས་འགྲོ། །སྡུག་བསྔལ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། ཁ་ཕྱི་ལྟའི་ཐ་སྙད་རྟོག་གེ་པས། །འདི་ཐོས་ན་འགལ་འདུའི་ཕུང་པོར་སེམས། །དོན་ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །གླུ་འདི་འདྲ་གསན་ན་འཛུམ་པ་འཆོར། །ཞེས་དང༌།

                    ན་མོ་མཧཱ་མུ་དྲཱ་ཡ། ཕ་བཀའ་དྲིན་མཉམ་མེད་བླ་མ་རྗེ། །མི་བདག་སྙིང་པདྨོའི་ཟེའུ་འབྲུར་བཞུགས། །རྟེན་དལ་འབྱོར་མི་ལུས་རྙེད་དཀའ་ཞིང༌། །འདི་མི་རྟག་མྱུར་དུ་འཆི་བས་ན། །རྒྱུད་ངང་རིང་ལེ་ལོ་མ་མཆིས་པར། །ད་གཡེལ་མེད་སྒྲུབ་ལ་བརྩོན་པར་མཛོད། །རྗེ་བསླུ་མེད་བླ་མ་དཀོན་མཆོག་ལ། །སྙིང་རུས་པའི་གཏིང་ནས་སྐྱབས་འགྲོ་ཞིང༌། །མ་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་འཚལ། །སྔོ་ཐོག་མ་མེད་ནས་ད་ལྟའི་བར། །སེམས་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས། །ད་འཁྲུལ་པའི་རྗེས་སུ་མ་འབྲེང་བར། །ཆོས་ཀུན་གྱི་རང་བཞིན་གདོད་མའི་གཤིས། །དོན་གཡེལ་མེད་སེམས་ཀྱི་རྡོ་རྗེ་སྟེ། །ལམ་ཕྱག་རྒྱ་ཆེན་པོར་གྲགས་པ་ཡིན། །དེར་རེ་དོགས་དགག་སྒྲུབ་མ་བྱེད་པར། །སེམས་ཆོས་དབྱིངས་ངང་དུ་ལྷོད་ཀྱིས་གློད། །ལུས་སྣང་སྟོང་དག་པ་ལྷ་ཡི་སྐུ། །ངག་གྲག་སྟོང་རྡོ་རྗེའི་བཟླས་པ་དང༌། །སེམས་གསལ་སྟོང་ཕྱག་རྒྱ་ཆེན་པོའི་ངང༌། །དུས་རྟག་ཏུ་གཡེང་མེད་མཉམ་པར་ཞོག །རྗེས་མཚན་མའི་དུག་དང་མ་འདྲེས་པར། །དཔལ་ཚོགས་གཉིས་བྱང་ཆུབ་ཆེན་པོར་བསྔོས། །ཞེས་པ་རྣམས་མཛད།

                     དེ་ནས་རྗེའི་སྐུ་གདུང་རིན་པོ་ཆེའི་དབུ་ཐོག་ཏུ་རྒྱ་ཕུབ་བྱ་འདབ་དང་བཅས་པ་གསར་གཟོས་ལེགས་པར་གྲུབ་སྟེ་ཕུལ་ནས་རབ་ཏུ་གནས་པ་རྒྱས་པར་མཛད་གཞན་ཡང་སྐུ་གདུང་རིན་པོ་ཆེའི་སྐུ་མདུན་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཕུལ་ཞིང༌། དགའ་ལྡན་འདུས་ཚོགས་ལ་མདོ་སྔགས་ཀྱི་ཆོས་མང་དུ་སྩལ་དེ་ནས་གཙང་ཕྱོགས་སུ་ཕེབས་ཏེ་གཅེན་ལུང་དང༌། ལྷོ་ཕྱོགས་སུ་དད་ལྡན་མང་པོ་གདན་དྲངས་པ་ལྟར་ཕེབས་ཏེ། གང་དང་གང་དུ་ཕེབས་པའི་ས་དེ་དང་དེར་སྐྱེ་བོ་རྣམས་ལ་མཐོ་རིས་དང་ཐར་པའི་ས་བོན་ཐེབས་པར་མཛད་ཅིང༌། ལྷོ་ཕྱོགས་ཀྱི་གཞི་བདག་དཀར་ཕྱོགས་པ་རྣམས་ཀྱིས་གུས་པ་ཆེན་པོས་མཆོད་ཅིང༌། རྗེ་ཉིད་ནས་ཀྱང་ཐུགས་མཉེས་པའི་གསུང་མགུར་འདི་ལྟར་མཛད་དེ། ན་མོ་གུ་རུ་བུདྡྷ་བོདྷི་སཏྭ་བྷྱཿཕ་བཀའ་དྲིན་གསུམ་ལྡན་བླ་མ་རྗེ། །བདག་མོས་པའི་བུ་ལ་ཐུགས་རྗེས་གཟིགས། །ལོ་རབ་མྱོས་སྐྱེས་བདག་གཉིས་ཀྱི་མཚམས། ཁོང་དད་ལྡན་སྐྱེ་བོས་འཚམས་སྦྱར་ནས། །བོད་མོན་མཚམས་ནོར་འཛིན་ཡངས་པའི་གཞིར། །ཟས་བསོད་སྙོམས་འཚོལ་བའི་དོན་དུ་ཕྱིན། །དེར་བྱོན་པས་ལྷ་ཆེན་བཟང་ར་སོགས། ཁོང་དཀར་ཕྱོགས་སྐྱོང་བའི་གཞི་བདག་རྣམས། །ཡིད་དགའ་བས་མཆོད་པའི་སྤྲིན་གྱིས་བསུས། །སྤྱིར་དད་ལྡན་སྐྱེ་བོའི་ཞིང་ས་ལ། །དུས་ཀུན་ཏུ་དགེ་བའི་ས་བོན་བཏབ། །ཁྲོམ་འདུ་འགྱེས་རོལ་པ་སྣ་ཚོགས་པའི། །ཕྱི་རྣམ་གཡེང་བན་བུན་རྒྱར་ཆུད་ཀྱང༌། །ཡུལ་གང་ཤར་མི་རྟག་སྡུག་བསྔལ་བ། །དཔེ་སྒྱུ་མ་རྨི་ལམ་དྲི་ཟའི་གྲོང༌། །ཆུ་དྭངས་པའི་ཟླ་གཟུགས་ལྟར་མཐོང་བས། །དབྱིངས་སྤྲོས་བྲལ་གསལ་བར་སྟོན་པ་བཞིན། །དོན་དེ་ཕྱིར་སྒྱུ་མས་བསླུས་པ་ཡི། །མ་ཁམས་གསུམ་འཁོར་བའི་འགྲོ་ཀུན་ལ། །སྙིང་རུས་པའི་གཏིང་ནས་སྙིང་རྗེ་སྐྱེས། །དེ་སྐྱེས་ཀྱང་གཞི་མེད་རྩ་བ་བྲལ། །དོན་སྣ་མང་བྱ་བའི་སྒྲོག་ཆུད་ཅིང༌། །རྒྱུད་སྙོམས་ལས་ལེ་ལོའི་དབང་གྱུར་ཀྱང༌། །ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི །དོན་གཅེས་པའི་བརྗོད་བྱ་མཆོག་གྱུར་པ། །ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འདི་རེས་འཇོག་རེས་འགའ་ཟུང་འཇུག་པའི། །དོན་ཉམས་ལེན་གནད་དང་མ་བྲལ་ཙམ། །བཀའ་མདོ་རྒྱུད་ཀུན་གྱི་སྙིང་པོ་མཆོག །ཆོས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འདི་ཀུན་གྱིས་ངེས་ན་ཨ་ལ་ལ། །དོན་ངེས་ནས་གྲོལ་ན་ཨེ་མ་ཧོ། །ཞེས་སོ། །

                                                                                                                        རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།