པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅོ་བརྒྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-23 22:06:07     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

477653986319307543.jpg

                     ལྷོ་ཕྱོགས་ནས་བོད་དུ་ཚུར་ཕེབས་སྐབས་མྱང་སྟོད་ཕྱོགས་སུ་དད་ལྡན་འགའ་ཞིག་ལ་གདམས་པ་འདི་ལྟར་མཛད་དེ། རྗེ་ན་མོ་གུ་རུ་དཀོན་མཆོག་གསུམ། །མི་བདག་སྙིང་པདྨོའི་དབུས་བཞུགས་ལ། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་པ། །དུས་ད་ལྟ་ཉིད་དུ་སྩལ་དུ་གསོལ། །སྤྱིར་སངས་རྒྱས་འབྱུང་བ་བརྙེད་དཀའ་ཞིང༌། །སྒོས་དལ་འབྱོར་མི་ལུས་ཐོབ་དཀའ་ན། །ཚེ་འདིར་སྣང་བདེ་ལ་མ་ཆགས་པར། །དུས་གཏན་གྱི་མདུན་ན་སྒྲུབ་རེ་རན། །གཞོན་ཤ་ཁྲག་རྒྱས་པའི་ལང་ཚོ་ཡང༌། །དགུང་མཁའ་ལ་ཤར་བའི་འཇའ་ཚོན་དང༌། །སྲོག་ཆུ་བུར་བཞིན་དུ་འཇིག་འགྱུར་བས། །དེ་རྟག་འཛིན་མ་བྱེད་ཆོས་ལ་འབུངས། ཁོང་ཚངས་དབང་འཁོར་ལོས་བསྒྱུར་རྒྱལ་ཡང༌། །གནས་འཁོར་བའི་བདེ་འབྱོར་ཕུན་ཚོགས་ཀྱང༌། །སླར་མནར་མེད་འབར་བའི་མེས་བསྲེག་ན། །ད་སྲིད་པའི་བདེ་ལ་ཡིད་བརྟན་ཅི། །ཁྱེད་སྙིང་ནས་རང་ལ་ཕན་དགོངས་ན། །རྗེ་ལམ་སྣ་འདྲེན་པའི་བླ་མ་དང༌། །ཚེ་ཀུན་ཏུ་མི་འབྲལ་དགེ་བའི་ནོར། །ལམ་བསླབ་གསུམ་འབྲས་མེད་བསྟེན་ན་ལེགས། །འདི་ཕྱོགས་མེད་མྱུལ་བའི་བྱ་བྲལ་བ། །སྤྲང་སྨྱོན་པ་ཆོས་ཀྱི་རྒྱལ་མཚན་ལ། །བུ་སྦྱིན་པ་རྒྱ་མཚོས་བསྐུལ་བའི་ངོར། །དཔལ་འཁོར་ལོ་བདེ་ཆེན་ཞེས་བྱར་བཀོད། །ཅེས་དང༌།

                    ན་མོ་གུ་རུ་མཧཱ་མུ་དྲཱ་ཡ། རྗེ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང༌། །གསུམ་ལྡན་གྱི་བླ་མའི་ཞབས་ལ་འདུད། །ཚེ་གཅིག་གིས་སངས་རྒྱས་སྒྲུབ་པའི་ཐབས། །མཚན་ལྡན་གྱི་རྗེ་བཙུན་བླ་མ་ལ། །ཡེངས་མེད་དུ་གསོལ་བ་འདེབས་པ་འདི། །ཟབ་ལམ་གྱི་སྙིང་པོ་བསྡུས་པ་ཡིན། །རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་བསླུ་བ། །ཆུ་ཟླ་ལྟར་སྣང་བ་ཀུན་རྫོབ་གཤིས། །རི་བོང་གི་རྭ་ཡི་རྣོ་རྟུལ་ལྟར། །སྤྲོས་པ་དང་བྲལ་བ་དོན་དམ་ཡིན། །གཞི་བདེན་གཉིས་ཀྱི་རྣམ་དབྱེ་རྟོགས་པའི་བློ། །ཐབས་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པ། །ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འདི་ཆོས་ཀུན་ཡང་སྙིང་མཐར་ཐུག་ལགས། །ལམ་དེ་འདྲ་བསྒོམས་པ་ལས་བྱུང་བ། །སྒྲིབ་བྲལ་གྱི་ཡོན་ཏན་ནམ་མཁའི་མཛོད། །མཐར་ཐུག་གི་ཟུང་འཇུག་ཕྱག་རྒྱ་ཆེ། །སྐུ་གསུམ་གྱི་བདག་ཉིད་འབྲས་བུ་ཡིན། །བདེན་འཛིན་གྱི་འཆིང་བ་བཤིག་བྱས་ཏེ། །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །རང་བདེན་དང་བྲལ་བའི་སྟོང་པ་ཉིད། །ཇི་བཞིན་དུ་རྟོགས་པ་ལྟ་བའི་མཆོག །འཁོར་འདས་ཀྱི་རང་བཞིན་སྟོང་པའི་ངང༌། །རྣམ་དག་གི་རིགས་པའི་མདུང་བསྐོར་བྱས། །གཡེང་མེད་དུ་ཆུ་བོའི་གཞུང་བཞིན་དུ། །རྩེ་གཅིག་ཏུ་འཇོག་པ་སྒོམ་པ་ཡིན། །དོན་དམ་དུ་སྤྲོས་པ་ཀུན་བྲལ་ཡང༌། །རྗེས་ཐོབ་ཏུ་འཁྱེར་སོ་གསུམ་གྱི་ངང༌། །རྒྱལ་སྲས་ཀྱི་སྤྱོད་པའི་རྗེས་སློབ་པ། །སྐྱོན་མེད་ཀྱི་རླབས་ཆེན་སྤྱོད་པ་ཡིན། །ལམ་འདི་འདྲ་བསྒོམ་པའི་རྣལ་འབྱོར་པ། །ཨེ་མ་ཧོ་སྐྱིད་པའི་ཉི་མ་འཆར། །ཨ་ལ་ལ་དགའ་བའི་གླུ་དབྱངས་ལེན། །དབྱངས་མཆོད་པར་བཞེས་ཤིག་དཀོན་མཆོག་གསུམ། །ཞེས་གདམས་སོ། །དེ་ནས། དབུས་སུ་ལྷ་ལྡན་སྨོན་ལམ་གྱི་ཚོགས་དབུར་ཕེབས་དེའི་ཚེ་འབྲས་སྤུངས་སུ་མཆོག་གི་སྤྲུལ་པའི་སྐུ་ངག་དབང་བློ་བཟང་རྒྱ་མཚོས་གཙོས་དབུས་ཕྱོགས་ཀྱི་བླ་མ་སྤྲུལ་སྐུ་དགེ་བཤེས་རགས་བསྡུས་བཅས་ལ་འཇམ་དབྱངས་ཆོས་སྐོར་སོགས་དབང་ལུང་མན་ངག་མཐའ་ཡས་པ་གནང་དེ་སྐབས་དབུས་གཙང་གི་དགེ་འདུན་གྱི་སྡེ་ཕལ་མོ་ཆེས་རྗེ་འདི་པ་སོ་སོའི་གནས་སུ་གདན་དྲངས་ཏེ་མཆོད་ཅིང་བསྙེན་བཀུར་བ་དང༌། ཆོས་ཀྱི་བཀའ་དྲིན་ཞུས། རྗེ་འདི་པས་ཀྱང་གངས་རིའི་ལྗོངས་ཀྱི་དགེ་འདུན་གྱི་སྡེ་གང་ན་ཡོད་པ་ཐམས་ཅད་ལ་ཆོས་ཀྱི་བཀའ་དྲིན་སྩལ་ཞིང༌། རྗེ་འདིའི་གསུང་ཐོས་པ་ཙམ་གྱིས་གྲུབ་མཐའ་རིས་སུ་མ་ཆད་པ་མཐའ་དག་གིས་སྙིང་ནས་དད་ཅིང་མོས་པས་ཆོས་ཀྱི་བདུད་རྩི་ཞུ་བར་བྱེད་ལ། ལྷག་པར་འབྲུག་པ་རྣམས་ནི་རྗེ་འདི་ལ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དང་མཚུངས་པའི་དད་གུས་བྱེད་ཅིང༌། འབྲུག་པ་སངས་རྒྱས་རྡོ་རྗེས་རྗེ་འདི་ལ་ཕྱག་ཆེན་རྩ་འགྲེལ་གྱི་ལུང་ཞུས་ཏེ་ཕྱིན་ཆད་བདག་གིས་འདིའི་འཕྲིན་ལས་སྤེལ་ལོ་ཞེས་དམ་བཅས། རྗེ་འདི་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ་ཡོན་ཏན་ལ་ཆེས་ཆེར་བསྔགས་པའི་རྣམ་ཐར་ཡང༌། བསྒྲིགས་ཞེས་གྲག་གོ །

                     བར་སྐབས་སུ་རི་བོ་དགེ་ལྡན་གྱི་བླ་མ་དགེ་འདུན་ཚངས་མས་རབ་ཏུ་དགའ་ལྡན་གདན་ས་གཏན་དུ་མཛད་པ་ཞིག་དགོས། མ་མཐའ་འང་རེ་ཤིག་དགའ་ལྡན་དུ་བཞུགས་ནས་རྗེའི་སྐུ་གདུང་རིན་པོ་ཆེའི་སྟེང་གི་རྒྱ་ཕུབ་ཧ་ཅང་རྙིངས་པས་གྲུམ་ནས་ཐིགས་པས་མཆོད་ཁང་ཡང་ཆུད་ཟ་བ་འདི་ལ་ཐུགས་རྗེས་གཟིགས་དགོས་ཞེས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་ན་གདན་ས་མཛད་པར་ཞལ་གྱིས་མ་བཞེས་ཀྱང་སྐུ་གདུང་རིན་པོ་ཆེའི་རྒྱ་ཕུབ་བཟོ་བར་ཞལ་གྱིས་བཞེས་ཏེ་བྱང་རྩེར་ཕེབས། དེ་དུས་ངོ་མཚར་བའི་མཚན་ལྟས་བྱུང་བ་བརྡ་ཚིག་གིས་ཡི་གེར་འགོད་པར་མཛད་པ་ནི་འདི་ལྟར། སྭ་སྟི། མདང་གཉིད་ཀྱིས་ལོག་པའི་རྨི་ལམ་དུ། །བག་ཆགས་ཀྱི་ཉིང་འཁྲུལ་སྣ་ཚོགས་ཤར། །དུས་དང་པོར་བདེན་པའི་རྒྱ་ཡིས་བཅིངས། །སླར་འཁྲུལ་པའི་རང་མཚང་རིག་པ་ཡིས། །སེམས་ཆོས་ཉིད་ནམ་མཁའི་དབྱིངས་སུ་ཐིམ། །དཔེ་རྒྱ་མཚོའི་ནང་དུ་ཆབ་རོམ་བཞིན། །ཡང་དགུང་སྔོན་དབྱིངས་ནས་འཇའ་ཚོན་དང༌། །སླར་ཆུ་ནང་ཟླ་བའི་གཟུགས་བརྙན་ལྟར། །བློ་ཡང་དག་དང་ལྟར་སྣང་ཅི་རིགས་པའི། །ཡུལ་སྣ་ཚོགས་ཀྱི་བཀོད་པ་མ་འདྲེས་པར། །ལར་ངོ་མཚར་གྱི་རི་མོ་སྣ་ཚོགས་མཐོང༌། །དཔེ་དགུང་སྔོན་གྱི་དབྱི ངས་ནས་འཇའ་ཚོན་བཞིན། །ཚིག་གསལ་བར་བཀོད་ཀྱང་སྒྲོ་སྐུར་རྒྱུ། །དོན་དེ་ཕྱིར་ཁ་བྱང་ཙམ་ཞིག་བཀོད། །ཅེས་སོ། །

                   དེ་དུས་ཞག་གཉིས་གསུམ་ཞིག་ཁུག་སྣ་འཁྲིགས་པའི་རྐྱེན་གྱིས་ཉི་མ་ཁྲག་མདོག་ཏུ་འཆར་བ་བྱུང་ཞིང༌། དེ་དང་བསྟུན་དགེ་བའི་བཤེས་གཉེན་འགའ་ཞིག་གིས་ལུང་བསྟན་མང་པོ་བཀོད་པས་སྐྱེ་བོ་དུ་མ་རེ་དོགས་ཀྱི་ཅ་ཅོ་ཀུན་ཏུ་སྒྲོག་པ་རྗེ་འདི་པའི་སྙན་དུ་གསན་པས་ཐུགས་ལ་འདི་ལྟ་བུ་འཁྲུངས་ཏེ། ཀྱེ་མ་འགྲོ་བ་འདི་དག་ནི་ཤེས་བྱ་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་མངའ་བ་སངས་རྒྱས་བཅོམ་ལྡན་འདས་བདེན་པ་གསུང་བ་དེས།ཚེ་རབས་ཐམས་ཅད་དུ་མི་ཤིས་པ་དང༌། སྡུག་བསྔལ་དང༌། འཇིགས་པ་མཐའ་དག་འབྱུང་བའི་ས་བོན་དང༌། ལྟས་ངན་ལུང་གསལ་བར་བསྟན་པ་གཡོ་སྒྱུ་ཁྲམ་གསུམ་གྱི་མི་དགེ་བ་སྤྱོད་པ་ལ་རང་གི་ངང་གིས་འཇུག །ཆེད་དུ་སེར་གཟུགས་ཕལ་ཆེར་ནི་སྡོམ་པ་དང་དམ་ཚིག་ཡལ་བར་དོར་ནས་མཁན་སློབ་མཆེད་གྲོགས་དགྲ་བོའི་དང་མར་འཛིན། ཁྱད་པར་སྐྱེ་བོ་ཕལ་ཆེར་འཆི་བདག་གི་གཤིན་རྗེ་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ་མ་རངས་པའི་གད་མོ་དགོས་པ། རང་གི་སླད་བཞིན་འབྲང་བའི་ཆད་པ་དྲག་པོ་ཐོག་ཏུ་ངེས་པར་འབབ་ཅིང་དེ་ཡང་ནམ་ཡོང་ངེས་པ་མེད་པ་ལ་བག་གཟོན་ནམ་ཉམས་སྣང་ཅུང་ཟད་ཀྱང་མེད་པར་ཚེ་འདིའི་ཕྱི་ནང་གི་མཚན་མ་ཅུང་ཟད་ཙམ་ལ་དོགས་པ་འདི་ལྟར་བྱེད་པ། ཀྱེ་མ་མ་ལ་ཆེས་ཆེར་རྨོངས་པའམ།གདོན་ཐུགས་ལ་ཞུགས་པ་རང་ཡིན་པ་འདྲ། བཤེས་གཉེན་ཆེན་པོ་པོ་ཏོ་བའི་ཞལ་ནས། འོ་སྐོལ་སངས་རྒྱས་ཀྱི་མཁྱེན་པ་ལ་མོ་མ་རྣོ་ཤོས་ཙམ་དུའང་མི་རྩི་གསུང་བ་ཤིན་ཏུ་མད་སྙམ་དུ་ཐུགས་ལ་ཤར་བ་ཆ་ཙམ་ཚིག་ཏུ་གསལ་བར་མཛད་པ་འདི་ལྟར། ཨོཾ་སྭ་སྟི། གང་ལ་བརྟེན་ན་བསླུ་བ་མེད་པའི་སྐྱབས། །བདེན་པ་གསུང་བ་དེ་ལ་གུས་བཏུད་ནས། །རྣམ་དཔྱོད་ལྡན་པ་དམ་པའི་རྗེས་འབྲང་བའི། །གཟུར་གནས་སྐྱེ་བོ་ཡོངས་ལ་འདི་ལྟར་གླེང༌། །ཡོང་ངམ་མི་ཡོང་ཐེ་ཚོམ་ཟ་བ་ཡི། །རྒྱ་སོག་བོད་ཀྱི་འདྲེ་ཡི་དམག་འདུས་པའི། །དམག་དཔོན་བདུད་ནག་སེང་གེས་འགོ་བྱས་ཏེ། །བྱུང་དོགས་མཁའ་དབྱི ངས་སྦར་མོས་གཞལ་བས་ཅི། །ཡོང་ངེས་ཤེས་ཤིང་བཟློག་ཐབས་མེད་པ་ཡི། །དུས་ཀྱི་སྲིན་པོའི་ཁ་ཡི་ནང་ཆུད་ཅིང༌། །འཇིགས་རུང་ངན་འགྲོའི་གཡང་ས་མདུན་གནས་པ། །བཟློག་པའི་ཐབས་མཁས་བསྒྲུབས་ན་མི་ལེགས་སམ། །སྐྱིད་ཀྱང་མི་འཚེངས་སྡུག་ཀྱང་མི་ཕུང་བའི། །ཚེ་ཐུང་འདི་ཡི་རེ་དོགས་མདུན་མས་ཅི། །ངེས་པར་ཡོང་ཞིང་ནམ་ཡོང་ཆ་མེད་པས། །འཆི་གྲབས་ཚགས་སུ་བཙུད་ན་མི་ལེགས་སམ། །ཚེ་གཅིག་གཉེན་འདུན་འཇིགས་སར་སྐྱེལ་མ་སོགས། །རྨོངས་པ་རྣམས་ཀྱང་འབད་པས་ཚོལ་བྱེད་ན། །ནམ་གཞག་གཏན་གྱི་མདུན་མ་བསྒྲུབ་པ་ལ། །དུས་རྣམ་ཀུན་ཏུ་བརྩོན་པ་བསྟེན་པའི་རིགས། །ཚུལ་འདི་དྲན་པ་ཡིས་ཀྱང་གདུང་སེལ་བ། །འདྲེན་པ་མཉམ་མེད་སྒྱུ་འཕྲུལ་སྲས་པོ་ཡི། །ཕྱི་བཞིན་འབྲང་བའི་དགེ་སློང་གྱི་ན་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱས་སྤྲིངས། །དགེ་བས་འགྲོ་ཀུན་གྲོག་སྐམ་ཉ་རྒྱ་དང༌། །སྒྱུ་མའི་གཤིན་རྗེ་ཁྲོས་ལ་འཇིགས་པ་ལྟའི། །རེ་དོགས་ཆོས་བརྒྱད་འཆིང་བ་ལས་གྲོལ་ཏེ། །ཀུན་མཁྱེན་འགྲོ་བའི་རྩ་ལག་ཐོབ་པར་ཤོག །ཅེས་སོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།