པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅུ་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-23 22:01:38     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

387969592465124430.jpg

                      དེ་ནས་མིག་དམར་ཞེས་པ་ཤིང་ཕོ་བྱ་བའི་ལོ་བཀྲ་ཤིས་ལྷུན་པོར་ལྷ་ཁང་མང་པོ་གསར་བསྐྲུན་མཛད། གཞན་ཡང་རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་མང་པོར་སྐུ་གསུང་ཐུགས་རྟེན་མཆོད་རྫས་གསར་བཞེངས་དང་བསྙེན་བཀུར་ནར་མར་མཛད་ཅིང་ནམ་མཁའ་མཛོད་ལ་མངའ་བརྙེས་པ་ལྟར་བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་གྲུབ་མཐའ་རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་ཐམས་ཅད་ཆོས་ཟང་ཟིང་གཉིས་ཀའི་སྒོ་ནས་བསྐྱངས་ཤིང༌། སྐུ་གསུང་ཐུགས་རྟེན་རྣམས་ལ་མཆོད་པ་ཚད་མེད་པ་མཛད་དེ་རྒྱལ་བའི་བསྟན་པ་ཡུན་རིང་གནས་པའི་ཐབས་ལ་རྣམ་པ་ཀུན་ཏུ་བརྩོན་པར་མཛད་པ་ནི་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་རང་ཉིད་ཀྱི་ཞལ་ནས། མདོར་ན་རྒྱལ་སྲས་སྐུ་མཆེད་གསུམ་གྱི་མཛད་པ་རྗེས་སུ་བསྒྲུབས་ཏེ། དགེ་བཤེས་ཆེན་པོ་པོ་ཏོ་བའི་གསུང་ནས། གཅིག་གིས་དད་རྫས་མེ་ལ་བསྲེགས། །གཅིག་གིས་དད་རྫས་མཁར་དུ་བརྩིགས། །ངའི་དད་རྫས་དཀོན་མཆོག་སོ་ཅན་གྱི་ཁ་ན། །ཞེས་གསུངས་པ་བཞིན། དགེ་བཤེས་ཕུ་ཆུང་བ་དེ་དཀོན་མཆོག་མཆོད་པ་གཙོ་བོར་མཛད་དེ། ཁོང་རང་གི་གསུང་ནས། ངས་དང་པོར་སྤང་སྤོ ས་སྣ་ཆ་ཏིང་ངེ་བ་ཕུལ། དེ་ནས་རེང་བུ་བཞི་སྦྱོར་མཁར་སེང་ངེ་འབུལ་རྒྱུ་བྱུང༌། ད་ལྟ་ཨ་ཀ་རུ་དང༌། དུ་རུ་ཀ་སོགས་བསུང་ཆིང་ངེ་འབུལ་གསུང་ཞིང༌། རེས་གཅིག་གསེར་སྲང་ཉི་ཤུ་རྩ་གཉིས་ཀྱི་སྤོས་སྦྱར་ཞེས་གསུངས་པ་ལྟར། ཁོ་བོས་ཀྱང་སྤྱིར་དཀོན་མཆོག་གི་མཆོད་པ་ལ་གཙོ་བོར་བྱས་ཤིང༌། ཁྱད་པར་ཆུང་ངུ་ནས་ད་ལྟའི་བར་གུར་གུམ་བཟང་པོ་རིན་ཐང་ཆེ་ཞིང་སྤུས་མི་རྙེད་པའི་དུས་སུ་ཁ་ཆེ་བཟང་པོ་གཅིག་བུའང་སྔ་ཕྱི་བསྡོམས་ན་སྲང་གྲངས་བརྒྱ་ཕྲག་དུ་མ་སྦྱར་བའི་བཟང་སྤོས་ཁོར་ཡུག་ཏུ་ཕུལ།

                    དགེ་བཤེས་སྤྱན་སྔ་བ་དེ་གཙུག་ལག་ཁང་དང་རྟེན་གསུམ་བཞེངས་པ་གཙོ་བོར་མཛད་པ་ལྟར། ཁོ་བོས་ཀྱང༌། ར་སྒྲེང༌། དབེན་དགོན། བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་དང༌། འབྲས་སྤུངས་དང༌། བཀྲ་ཤིས་ལྷུན་པོའི་དངུལ་གྱི་མཆོད་རྟེན་གཉིས་དང༌། ཐུགས་རྗེ་ཆེན་པོའི་དབུ་ཐོག་སོགས་དབུས་གཙང་གཉིས་ཀའི་གསེར་ཐོག་དང་གཉྫིར་དང༌། དབེན་མགོན་དུ་རྗེ་བླ་མའི་སྐུ། བཀྲ་ཤིས་ལྷུན་པོར་དངུལ་སྐུ་བཞི། རྗེ་བཙུན་གྱི་ལི་སྐུ། སྟོན་པའི་གོས་སྐུ་སོགས་བྲི ས་འབུར་མང་པོ་དང༌། དབེན་དགོན་དགེ་འཕེལ་གངས་ཅན་རྣམས་སུའང་བསྟན་པ་ལ་བསམས་པའི་མཁར་ལས་ཅུང་ཟད་བགྱིས་ཤིང་ཁྱད་པར་བཀྲ་ཤིས་ལྷུན་པོར་སྔགས་ཁང༌། ལྷ་ཁང་རྣམ་པ་གསུམ། གཟིམ་ཁང༌། ཐ་ན་ཆོས་ཁྲིམས་ཁང་དང༌། སྐུ་གཉེར་ཁང་སྟེང་ཤོད། གོས་སྐུ་སྤེའུ། གྲྭ་སའི་རྒྱུན་ལ་ཕན་པར། རེ་བའི་ཀླུ་སྡིང་གཉིས་ལ་སོགས་པ་གསར་དུ་བགྱིས། དགེ་བཤེས་པོ་ཏོ་བ་དགེ་འདུན་གྱི་བསྙེན་བཀུར་གཙོ་བོར་མཛད་པར་ལྟར། ཁོ་བོས་ཀྱང་སྤྱིར་སྔར་སྨོས་པ་ལྟར་བོད་དབུས་གཙང༌། མངའ་རིས། ལྷོ་མོན་ཚུན་གྱི་རིས་མེད་པའི་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་སྣ་རེ་ཙམ་མ་བྱས་པ་མེད་ཅིང༌། བཀྲ་ཤིས་ལྷུན་པོའི་གྲྭ་ཚང་གསུམ་གངས་ཅན་གྱི་གྲྭ་ཚང་གཉིས། དཔལ་འཁོར་བདེ་ཆེན་གྲྭ་ཚང་བདུན། འབྲོང་རྩ་ཆོས་སྡེ། རི་བོ་དགེ་འཕེལ། གྲྭ་ཚང་ཆེན་མོ། རི་མཁར་ཆོས་སྡེ། ལྷུན་གྲུབ་རྩེའི་ཆོས་སྡེ་རྣམས་མང་ཇ་གཉིས་གསུམ་གྱི་དགེ་རྒྱུན་བཙུགས། ཁྱད་པར་བཀྲ་ཤིས་ལྷུན་པོར་ནི། རྩ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དེ་ཉིད་སྤྲུལ་པའི་སྐྱེས་མཆོག་ཏུ་གྱུར་པས་དགེ་འདུན་གྱི་བསྙེན་བཀུར་ཕུལ་དུ་བྱུང་བ་མཛད་པའི་རྒྱུན་དང༌། དེའི་སྟེང་དུ་བརྒྱད་མཆོད། བདུན་མཆོད་སོགས་མཁན་པོས་རྒྱུན་ཆགས་སུ་བཏང་དགོས་པ་རྣམས་བླ་མ་དེ་དང་དེ་དག་གི་མཛད་པ་འཕྲིན་ལས་ཀྱི་སྟོབས་ལས། མཆོག་དམན་སྣ་ཚོགས་བྱུང་བ་རྣམས་ཀྱངགོང་འཕེལ་དུ་བྱས་པའི་སྟེང་དུ་དཀོན་མཆོག་གཞན་གྱི་ཆེད་དུ་བསྔོས་པ་མ་གཏོགས། ལྷག་པོའི་བདོག་པ་ཅི་ཡོད་རང་དོན་དུ་སེར་སྣས་མ་བཟུང་བར་འདུས་པ་རྒྱ་མཚོའི་ཚོགས་རྙེད་པ་དང་བཀུར་སྟིས་ཡང་དག་པར་མཆོད།

                   དེས་ན་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་རྣམ་ཐར་རྣམས་ལའང་ཞིབ་ཏུ་བརྟགས་ན། གདན་སའི་རྒྱུན་དང༌། རྟེན་གསུམ་མཆོད་ཆའི་རིམ་པ་བསྒྲུབས་པ་དང༌། དགེ་འདུན་གྱི་བསྙེན་བཀུར་ཞབས་ཏོག་གི་ཆ་ནི་རྗེ་དེ་ཉིད་ལས་ཀྱང་ཅུང་ཟད་ལྷག་གམ་སྙམ་དུ་རློམ་པ་ཡང་མཆིས་སོ། །མཁས་པའི་བྱ་བ་གསུམ་གྱི་སྒོ་ནས་ཀྱང་བསྟན་པ་ལ་ཕན་པ་དང༌། སྟོན་པ་ལ་བྱ་བ་ཅུང་ཟད་བྱས་ཏེ། དེ་ཡང་ངལ་གསོ་མེད་པར་ཕྱོགས་མེད་ཀྱི་རྒྱལ་ཁམས་ཀུན་ཏུ་མྱུལ་ནས་གང་ལ་གང་འཚམ་གྱི་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང༌། རྗེས་གནང་མདོ་སྔགས་ཀྱི་ལུང་བཤད་མན་ངག་གི་ཆར་ཕབ་ཅིང༌། ཆེད་དུ་བསྙེན་རྫོགས་ཀྱི་མཁན་པོ་བྱས་པ་ནི། ལོ་ལྔའི་བར་ཟིན་བྲིས་འདུག་པས་སྟོང་ཙམ་ཟིན་པའི་རྒྱུ་མཚན་ལས་ན། ད་ཙམ་ཁྲི་ཁྲག་བརྒལ་བར་སྣང་ལ། རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་བྱས་པའི་མཁན་བུ་ཐམས་ཅད་ལ་ཚེ་རབས་ཐམས་ཅད་དུ་མཁན་པོའི་བྱ་བ་བྱས་ཏེ་ཕན་པ་སྒྲུབ་པའི་ཡི་དམ་བཅས། འདི་ནི། སྟོན་པས་ཀུན་དགའ་བོ་ཁྱོད་ཀྱིས་མཁན་པོ་དང་སློབ་དཔོན་བྱས་ནས་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་བྱས་ན་ང་ལ་བྱ་བ་བྱས་པ་ཡིན་ནོ། །ཞེས་བཀའ་སྩལ་བའི་ཕྱིར་ཁོ་བོའི་རྣམ་པར་ཐར་པའི་མཆོག་ཡིན་ནོ། །དེ་ལྟར་ན་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་ལ་བརྟེན་པ་ཤར་རྒྱ་ནག་པོ་ནས་ནུབ་ཛཱ་ལན་རྡ་རའི་བར་གྱི་ཆོས་ཀྱི་གདན་ཁྲི་འཛིན་པ་དང༌། དྲེགས་ལྡན་གྱི་ཅོད་པན་དུ་གྱུར་པ་དང་རིགས་མཐོན་པོའི་བརྒྱུད་པ་འཛིན་པ་དང༌། སྡོམ་པ་གསུམ་དང་ལྡན་ཞིང་རིམ་གཉིས་ཀྱི་རྣལ་འབྱོར་ལྷུར་ལེན་པ་ཕལ་ཆེར་ལ་ཆོས་ཀྱི་ཕན་པ་བསྒྲུབས། མདོར་ན་ཁོ་བོ་རང་གི་ཡོན་ཏན་ལ་གྲུབ་མཐའ་གང་ལ་ཡང་ཆགས་སྡང་གིས་ཀུན་ནས་བསླངས་པའི་ཕྱོགས་འཛིན་གཏན་ནས་མེད་པའི་མཐུས། བདག་ལ་མངོན་པར་དགྱེས་པའི་ཆོས་ཀྱི་བདུད་རྩི་ཡང་དག་པར་བཞེས་པ་གྲུབ་མཐའ་སྣ་ཚོགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེ་ཕྲ་དུ་མས་ནི་བོད་དབུས་གཙང་ཕྱོགས་མཚམས་ཀུན་ཏུ་ཁྱབ་ཅིང༌། གཞན་ཡང་གྲྭ་ས་ཆེ་ཆུང་གི་མགོན་དུ་བཞུགས་པ་ལྷ་ཁང་གསར་དུ་བགྱི་བར་བརྩོན་པ་དང༌། གཙུག་ལག་ཁང་གི་ཞིག་གསོས་དང་། གསང་ཐོག་གསེར་ཕྲུ་སོགས་བྱ་བར་འདོད་པ་དང༌། རང་རང་གི་སྡེ་དེ་དང་དེའི་གཏོང་སྒོ་རྣམས་ཁྲལ་ཙམ་ལ་ངོ་མཚར་བྱས་ཏེ་གོང་འཕེལ་དུ་བཞེད་པ་རྣམས་ཀྱང་ཁོ་བོ་ལ་སྤྱན་ཡར་གཟིགས་པའི་འཕྲིན་ལས་ཀྱི་རྒྱུན་དུ་སེམས་སོ། །ཞེས་གསུངས་པ་ལྟར་རོ།

                    རྗེ་འདི་ནི་བསྟན་པ་དང་སེམས་ཅན་གྱི་དོན་ལ་ནམ་ཡང་ཐུགས་སྐྱོ་བར་མི་མཛད་པར་དགུན་དུས་ལྷ་ལྡན་དུ་བྱོན་ནས་སྨོན་ལམ་ཆེན་མོའི་ཚོགས་དབུ་མཛད་དེ་རྗེ་རིན་པོ་ཆེའི་མཛད་ཆེན་མ་ཉམས་པར་སྐྱོང་ཞིང་ལྷ་མི་བགྲང་བ་ལས་འདས་པ་སྨིན་གྲོལ་ལ་འགོད་པར་མཛད། དབྱར་དུས་གཙང་དུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོས་གཙོས་ཕྱོགས་ཀྱི་ཆོས་སྡེ་རྣམས་ལུགས་གཉིས་ཀྱིས་སྐྱོང་ཞིང་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་སྨིན་གྲོལ་ལ་འགོད་པར་མཛད། བར་སྐབས་ཤིག་ལྷོ་མོན་ཕྱོགས་སུ་ཕེབས་ཏེ་དབེན་པའི་ནགས་ཚལ་རྣམས་གཟིགས་པས་དབེན་པ་ལ་སྤྲོ་བའི་ཉམས་མགུར་འདི་ལྟར་མཛད་དེ། ན་མོ་གུ་རུ། རྗེ་དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །ཕ་བཀའ་དྲིན་གསུམ་ལྡན་བླ་མ་དང༌། །དཔལ་མཉམ་མེད་བུ་རམ་ཤིང་པའི་ཞབས། །དགྲ་སྲིད་པའི་འཇིགས་འཕྲོག་དེ་ལ་འདུད། །ལྷ་བསྟན་སྐྱོང་ཆེན་མོ་གནས་པའི་མགུལ། །བོད་གངས་ཅན་ལྷོ་བོད་གཉིས་ཀྱི་མཚམས། །ཡུལ་སྦས་ལུང་འབྲས་མོ་གཤོངས་ཀྱི་འདབས། །སའི་ཐིག་ལེ་ཁང་བུ་ཞེས་གྲགས་པ། །གཞི་རི་ཀླུང་ཐམས་ཅད་མ་རྒད་ཀྱི། །མདངས་བཟང་པོའི་འཇོ་སྒེག་རོལ་པ་འཛིན། །ནོར་པདྨ་རཱ་ག་བཻ་ཌཱུརྱ། །གསེར་བཙོ་མ་དུང་དང་གཡུ་འདྲ་བའི། །མདོག་སྣ་ཚོགས་དབྱིབས་ལེགས་མེ་ཏོག་གིས། །ཕྱོ གས་ཀུན་ཏུ་འཇའ་ཚོན་བཀྲམ་པ་བཞིན། །སྤང་སྔོ་ལྗང་རི་བོ་མཁའ་ལ་སྙེགས། །གཡུ་མཚོ་འདབ་མཛེས་པའི་ནགས་ཚལ་རྒྱས། །བྱ་སྣ་མང་མགྲིན་པའི་གསུང་སྙན་སྒྱུར། །ཕུ་གངས་དང་གཡའ་ཡི་ར་བས་བསྐོ ར། །ཤེལ་དཀར་འཚེར་དབུ་བའི་གོས་གྱོན་པའི། །ཆུ་མི་ཆེ་མི་ཆུང་སྙོམས་པར་འབབ། །སྟེང་ཆུ་འཛིན་སྔོན་པོ་ལང་མ་ལིང༌། །དུས་རེས་འགའ་སྦྲང་ཆར་ཟིམ་བུ་འབབ། །ནད་བཞི་བརྒྱ་རྩ་བཞི་འཇོམས་བྱེད་ཅིང༌། །རོ་ཁ་དོག་ནུས་པ་སྣ་ཚོགས་པའི། །སྨན་བཟང་པོས་ས་ཡི་ཕྱོགས་ཀུན་བརྒྱན། །ལི་ག་དུར་པཱ་ཤུག་བ་ལུ་སོགས། །སྤོས་བཟང་པོའི་དྲི་དང་རྒྱུན་དུ་འཐུལ། །ལྷའི་དགའ་ཚལ་ལྟ་བུའི་ཡུལ་ལྗོངས་དེར། །རྗེ་ཟས་གཙང་སྲས་ཀྱི་རྣམ་ཐར་བཞིན། །དྲན་ཤེས་བཞིན་ལྡན་པས་འཆག་ཅིང་འདུག །དུས་དེ་རིང་ནགས་ཀྱི་སྨན་ལྗོངས་ངོགས། །བློ་འཁྲུལ་བས་བརྟགས་ཤིང་མཐོང་བ་ཡི། །ཡིད་ངོ་མཚར་རི་མོ་སྣ་ཚོགས་ཀྱང༌། །དོན་དཔྱད་ན་མི་དམིགས་སྟོང་པའི་ངང༌། །རྗེ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །བཀའ་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་དོན། །སྲས་དུས་གསུམ་འཕགས་བཞི་བསྐྱེད་པའི་ཡུམ། །འདི་གསལ་བར་སྟོན་པའི་སློབ་དཔོན་དང༌། །ཡུལ་སྣང་ཙམ་མ་བརྟགས་ཉམས་དགའ་ཡང༌། །དོན་གནས་ཚུལ་ནམ་མཁའི་པདྨོ་བཞིན། །འདི་མ་རྟོགས་འཁོར་བའི་སེམས་ཅན་རྣམས། །ཆེས་བཟོད་དཀའི་སྡུག་བསྔལ་ཡང་ཡང་མྱོང༌། །གདོན་དངོས་འཛིན་སྒྱུ་མས་རྨོངས་པ་ཡི། །མ་ཁམས་གསུམ་འཁོར་བའི་སེམས་ཅན་གྱིས། །དོན་འདི་འདྲ་རྟོགས་ན་དགའ་བ་ལ། །ལམ་འདི་འདྲ་རྙེད་ན་སྐྱིད་པ་ལ། །མི་ང་ལ་ངེས་པ་མ་མཆིས་ཀྱང༌། །མི་ཁོ་བོའི་དཔུང་གཉེན་ཟས་གཙང་སྲས། །མགོན་དེ་ཉིད་ནས་བཟུང་ཟབ་མོའི་ལམ། །ཚིག་སྒྲ་སྤྱིའི་རྒྱུད་འཛིན་མ་ཡིན་པར། །འདི་མངོན་དུ་མཛད་པའི་གྲུབ་ཐོབ་ཀྱི། །ཕ་རྒྱུད་ལྡན་བླ་མ་ཚུལ་བཞིན་བསྟེན། །བོད་གངས་ཅན་བསྟན་འཛིན་མཐའ་དག་ལ། །སེམས་ཁོང་ནས་དག་པའི་སྣང་བ་སྦྱངས། །རྒྱུད་ཆོས་སྤོང་ལོག་ལྟས་མ་སྦགས་ཙམ། །འདི་བསྟན་པ་འགལ་མེད་རྟོགས་པའི་དྲིན། །སྤྱིར་འཁྲུལ་པའི་སེམས་ཅན་ཐམས་ཅད་དང༌། །སྒོས་རྨི་ལམ་ཡུལ་གྱི་གཉེན་བཤེས་འདྲའི། །བདག་མཐོང་ཐོས་དྲན་རེག་གྱུར་རྣམས་ལའང༌། །དུས་ཀུན་ཏུ་དགེ་བའི་སྨོན་ལམ་བསྒྲུབས། །སྐྱབས་མཆོག་གསུམ་བསླུ་མེད་ཐུགས་རྗེ་ཡིས། །ང་རྫུན་པ་སྒྱུ་མའི་དགེ་སློང་ལ། །ལས་ཅི་བྱས་འབྲས་བུ་འཚེང་ངམ་སྙམ། །ད་ཤི་ཡང་འགྱོད་པ་ཅུང་ཟད་མེད། །གཏམ་འདིས་ཀྱང་འགྲོ་བ་མ་ལུས་པ། །རྒྱུད་ཆགས་སྡང་དྲི་མས་མ་གོས་པར། །ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཆོས་ཐམས་ཅད་གཟིགས་པ་ཐོབ་པར་ཤོག །ཅེས་སོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།