པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅོ་ལྔ་བ།
དེ་ནས་འབྲས་སྤུངས་སུ་ཕེབས་པ་ན་སེ་འབྲས་གཉིས་ཀའི་མཁན་པོ་མཛད་དགོས་ཞེས་བླ་མ་དགེ་འདུན་ཚང་མས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་རྗེ་རིན་པོ་ཆེའི་བསྟན་རྒྱུན་ལ་དགོངས་ནས་རེ་ཤིག་མཛད་པར་ཞལ་གྱིས་བཞེས་ཏེ་སེ་འབྲས་གཉིས་ཀའི་མཁན་པོ་མཛད། དེའི་ཚེ་སྟོན་པ་ཐུབ་པའི་དབང་པོ་ལ་བདེན་ཚིག་གསོལ་འདེབས་འདི་ལྟར་མཛད་དེ། ན་མོ་གུ་རུ་མུ་ནི་ཨིནྡྲཱ་ཡ། བསྐལ་བཟང་འདྲེན་པ་རྒྱུ་སྐར་སྟོང་གི་དབུས། །སྙིང་སྟོབས་ཆ་ཤས་རྫོགས་པའི་འོད་དཀར་ཅན། །ཐུབ་དབང་སྨྲ་བའི་ཟླ་བའི་ཞབས་པད་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །འཇིགས་རུང་སྙིགས་མའི་བྱིན་ཟ་ཆེར་འབར་བས། །རྒྱལ་གཞན་མཐའ་དག་སྐྲག་པ་འཛིན་པའི་ཚེ། །མཁྱེན་བརྩེའི་སྤྲིན་ཕུང་ཐུགས་རྗེའི་ཆུ་རིས་ཅན། །གདུང་སེལ་ཤཱཀྱ་གཙོ་བོ་ལས་གཞན་ཅི། །དེ་ཕྱེར་ཐུབ་པའི་ཉི་མ་མང་པོ་ཡིས། །ཡལ་བར་བོར་བའི་དམུ་རྒོད་གདུལ་དཀའ་བ། །ཉམ་ཐག་མགོན་སྐྱབས་མེད་པ་བདག་ཅག་ལ། །རེ་བའི་སྐྱབས་གཞན་མེད་དོ་ཤཱཀྱའི་ཏོག །བསམ་ཞིང་བསམས་ཤིང་ཀུན་མཁྱེན་ཉི་མའི་གཉེན། །མངོན་སུམ་མ་མཐོང་གདུང་བའི་མེ་འབར་བ། །གཞོལ་ཕྱིར་སྤྲིན་དང་བྲལ་ཡང་མིག་མཁའ་ལས། །མཆི་མའི་ཆར་ཟིམ་གཡོ་བས་ཅི་ཡང་ཁེབས། །དེ་སླད་ལྷར་བཅས་སྟོན་པ་མཆོག་དེ་ཉིད། །དྲན་པའི་ཡུལ་དུ་གཤེགས་ཀྱང་གུས་པ་ཡིས། །ཞབས་ཕྱི ར་བསྙེ གས་པར་འདོད་པ་བདག་ཅག་ལ། །བརྩེ་བས་ཕྱི་བཞིན་གཟིགས་དང་ཟས་གཙང་སྲས། ཁྱོད་ཀྱི་བསྟན་པའི་ཆ་ཙམ་མི་སྒྲུབ་པར། །ཉོན་མོངས་དུག་གསུམ་ཆང་གིས་རབ་མྱོས་པ། ཁྲེལ་མེད་སྨྱོན་པ་ལྟ་བུ་བདག་ཅག་ལ། །བཅོམ་ལྡན་ཐུགས་རྗེ་མངའ་བས་སྐྱབས་མཛོད་ཅིག །དལ་འབྱོར་དོན་ཆེན་སྙིང་པོ་མི་ལེན་པར། །དོན་ཆུང་ཚེ་འདིའི་བྱ་བས་དུས་འདའ་བ། །རིན་ཆེན་དོར་ནས་མཆིང་བུ་ལེན་པ་ཡི། །བག་མེད་བཟང་རྫུ་མཁན་ལ་ཐུགས་རྗེས་གཟིགས། །འདུས་བྱས་མི་རྟག་ཁྱད་པར་རང་གི་ཚེ། །རྩྭ་རྩེའི་ཟིལ་པ་བར་སྣང་གློག་འདྲ་ཡང༌། །རྙེད་བཀུར་དོན་གཉེར་རྟག་ཏུ་སྡོད་གྲབས་བྱེད། །རྟག་འཛིན་ཕྱི་བཤོལ་མཁན་ལ་ཐུགས་རྗེས་གཟིགས། །ཚེར་མའི་སྡུག་བསྔལ་ཙམ་ཡང་མི་བཟོད་ཀྱང༌། །བསྐལ་བརྒྱར་ངན་འགྲོའི་སྡུག་བསྔལ་མྱོང་བའི་རྒྱུ། །དགེ་སྡིག་ཁྱད་དུ་བསོད་པའི་ཁྲེལ་མེད་པོ། །སྡིག་ལྡན་སེར་གཟུགས་ཅན་ལ་ཐུགས་རྗེ་གཟིགས། །ཉོན་མོངས་དགྲ་བོར་ཤེས་ཀྱང་སེམས་ལ་འཆང༌། །སྡོམ་གསུམ་གཉེན་དུ་མཐོང་ཡང་ཡལ་བར་འདོར། །གཞན་གྱིས་དམ་པར་བཀུར་ཡང་ཐ་མལ་པ། །འགལ་འདུའི་ཕུང་པོ་བདག་ལ་ཐུགས་རྗེ་གཟིགས། །ལྡན་གྲོལ་མི་ལྡན་དཀོར་གྱིས་རང་རྒྱུད་ཚོས། །ཉིན་མཚན་ཁོར་ཡུག་རྣམ་གཡེང་རོ་ཉལ་མཁན། །ཆོས་བརྒྱད་ཁོལ་པོ་གཞན་ངོར་ཚུལ་འཆོས་པ། །སྙིང་རུལ་བླུན་པོ་བདག་ལ་ཐུགས་རྗེས་གཟིགས། །གར་འགྲོའི་གཏོལ་མེད་གཞན་གྱི་ལམ་སྣ་འདྲེན། །རང་རྒྱུད་མ་དུལ་གཞན་ལ་དམ་ཆོས་འཆད། །རང་མགོ་མི་ཐོན་མང་པོའི་ཚོགས་དཔོན་བྱེད། །བཙུན་པའི་གཟུགས་བརྙན་བདག་ལ་ཐུགས་རྗེས་གཟིགས། །ཚུལ་འདི་བུ་རམ་ཤིང་པའི་རྣམ་ཐར་དང༌། །རང་གཞན་སྤྱོད་ཚུལ་དྲན་པས་རྐྱེན་བྱས་ཏེ། །དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། །དཔལ་ལྡན་འབྲས་སྤུངས་ཆོས་སྡེ་ཆེན་པོར་སྨྲས། །ཞེས་སོ། །
དུས་དེ་དང་གཞན་གྱི་ཚེ་ཡང་ཁྲིམས་འཆལ་ངུར་སྨྲིག་གིས་དཀྲིས་ཤིང་དད་པས་བྱིན་པ་ལ་འཛེམ་མིན་སྤྱད་ཀྱང་དབུལ་བའི་སྡུག་བསྔལ་གྱིས་ཉམ་ཐག་པ་དུ་མ་སྤྱན་ལམ་དུ་གཟིགས་པས་ལྷག་པར་སྙིང་རྗེ་འཁྲུངས་ཤིང་ཐུགས་ཡ་ང་བར་གྱུར། དེས་མཚོན་ཚེ་འདིའི་བདེ་སྐྱིད་དོན་དུ་གཉེར་བའི་ཕྱིར་སྡིག་པ་འབའ་ཞིག་བྱེད་པ་རྣམས་ཀྱི་བསམ་སྦྱོར་གཟིགས་པས་ཀྱང་རྐྱེན་བྱས། འདི་ལྟར་ཐུགས་ལ་ཤར་བ་བཞིན་འཕགས་པའི་དབྱངས་སུ་བསྡེབས་པར་མཛད་པ་ནི། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕ་རྗེ་བཙུན་བླ་མའི་ཞབས་ལ་འདུད། ཁྱེད་གསོན་དང་རྣམ་དཔྱོད་ཡངས་པ་ཀྱེ། ཁེ་མནོག་ཆུང་གི་བྱ་བས་ཅི་ཞིག་བྱེད། །བདེ་འདོད་ན་དམ་པའི་ལྷ་ཆོས་མཛོད། །ནོར་ཟང་ཟིང་གི་འདུ་འགོད་སྟོན་ཀའི་སྤྲིན། །གཉེན་འཁོར་གཡོག་གི་ལང་ལོང་ཚོང་དུས་འགྲོན། །ལུས་ཤ་ཁྲག་གི་ལང་ཚོ་ནམ་མཁའི་འཇའ། །འདི་དགོངས་སམ་ཤེས་ལྡན་གྲོགས་པོ་དག །རྟེན་དལ་འབྱོར་འདི་ཉི་མོའི་སྐར་མ་འདྲ། །དགྲ་འཆི་བདག་ཁོ་མི་སྡོད་ཚུར་ཚུར་འོང་། །ཚེ་ཕ་རོལ་གྱི་ངམ་གྲོག་གཡང་ས་ཆེ། །འདི་དགོངས་སམ་ཤེས་ལྡན་གྲོགས་པོ་དག །སྤྱིར་འཁོར་བའི་གནས་འདི་དུག་སྦྲུལ་ཚང༌། །དགོས་འདོད་ཡོན་གྱི་ལོངས་སྤྱོད་ཀིམ་པའི་འབྲས། །ལྷ་ཚངས་དབང་གི་དཔལ་ཡང་ཆུ་ཤིང་འདྲ། །འདི་དགོངས་སམ་ཤེས་ལྡན་གྲོགས་པོ་དག །ཉེན་ཆེ་དུས་སུ་སྐྱོབ་པ་དཀོན་མཆོག་གསུམ། །དུས་མཐར་ཐུག་གི་གཏན་གྲོགས་དྲིན་ཅན་རྗེ། །རང་དགོས་དུས་སུ་ཕན་པ་དམ་པའི་ཆོས། །འདི་དགོངས་སམ་ཤེས་ལྡན་གྲོགས་པོ་དག །ཤུལ་ཐག་རིང་གི་རྒྱགས་ཕྱེ་སྦྱིན་པའི་གཏེར། །ལམ་མཐོ་རིས་ཀྱི་ཐེམ་སྐས་ཚུལ་ཁྲིམས་དང༌། །རྒྱན་གཟུགས་བཟང་གི་བྱེད་པོ་བཟོད་པ་སྟེ། །འདི་དགོངས་སམ་ཤེས་ལྡན་གྲོགས་པོ་དག །ཁྱེད་འདི་ནང་གི་བདེ་ལ་ཆགས་རིན་མེད། །ཡུལ་འདི་ལས་དགའ་ལྡན་ལྷ་ཡུལ་སྐྱིད། །ཟས་འདི་ལས་ལྷ་ཡི་བདུད་རྩི་ཞིམ། །འདི་དགོངས་སམ་ཤེས་ལྡན་གྲོགས་པོ་དག །གོས་འདི་ལས་ལྷ་རྫས་ན་བཟའ་དྲོ། །རྒྱན་འདི་ལས་ནོར་བུ་རིན་ཆེན་མཛེས། །གྲོགས་འདི་ལས་ལྷ་དང་ལྷ་མོ་བཟང༌། །འདི་དགོངས་སམ་ཤེས་ལྡན་གྲོགས་པོ་དག །མིའི་འདོད་པའི་བདེ་ལ་ཞེན་པས་ཅི། །ཀྱེ་ལྷ་ཡི་ལུས་དང་ལོངས་སྤྱོད་ཡོད། །ཀྭའི་འཁོར་བའི་བདེ་བ་འདོད་ན་ཡང༌། །ཆོས་ཚུལ་བཞིན་མཛོད་དང་འདི་བཞིན་འབྱུང༌། །ཞེས་སོ། །
དེ་སྐབས་དབེན་པའི་གནས་སུ་སྒྲུབ་པ་སྙིང་པོ་མཛད་པ་ལ་ཐུགས་སྨོན་པའི་གསུང་དབྱངས་འདི་ལྟར་མཛད་དེ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྗེ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཉིད། །ཕ་འགྲན་ཟླ་མེད་པའི་བློ་བཟང་གྲགས། །མི་བདག་སྙིང་པདྨོའི་དབུས་བཞུགས་ལ། །མཆོག་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གནས་འཇིགས་རུང་འཁོར་བའི་བཙོན་ར་འདིར། །སྔར་སྐྱེ་རྒ་ན་འཆིའི་འཁོར་ལོ་བསྐོ ར། །ད་རྗེ་བཙུན་བླ་མའི་ཐུགས་རྗེ་ཡིས། །ལས་ཉོན་མོངས་སྐྱེ་བ་བཟློ ག་ཏུ་གསོལ། །གཞོན་ལང་ཚོ་རྒྱས་པའི་མྱུ་གུ་དེ། །མཐར་ལོ་ཟླ་འགྱུར་བས་རིམ་བཞིན་སྨིན། །སེམས་ཅོལ་ཆུང་བྱི ས་པ་རྒན་པོའི་ལུས། །འདི་བསམས་ཤིང་ཤེས་པ་གཏིང་ནས་སྐྱོ། །དབྱར་སྤང་ལྗོངས་བཀྲ་བའི་མེ་ཏོག་དེ། །དབྱིབས་རབ་མཛེས་མཐོང་ན་ཡིད་འཕྲོག་ཀྱང༌། །དུས་ནམ་ཟླ་སྟོན་དུ་གྱུར་པ་ན། །མདོག་མི་ལེགས་རྙིངས་ཤིང་ཡིད་མི་ཆགས། །དོན་དེ་བཞིན་ཡིད་འོང་བལྟ་ན་མཛེས། །རྒྱན་ལང་ཚོས་དྲེགས་པའི་གཞོན་ནུ་ཡང༌། །མཐར་དར་ཡོལ་རྒན་པའི་དུས་ཀྱི་ཚེ། །གཟུགས་མི་སྡུག་རོ་ལངས་མངོན་སུམ་བཞིན། །ནང་ཤ་དང་ཁྲག་གི་སྟོབས་བྲི་བས། །ཕྱི་ལྷབ་ལྷབ་འཕྱང་པའི་པགས་པ་དེ། །རྒྱ་གཉེར་མ་མང་པོས་རྒྱ་གྲམ་བཅིངས། །ལུས་དྲང་པོར་སྐྱེས་པའང་གཞུ་ལྟར་སྒུར། །སོའི་གེ་སར་ཕལ་ཆེར་ལྷུང་གྱུར་པས། །མཆུའི་ཡལ་འདབ་གཡོ་ཡང་མཛེས་པ་མེད། །ངག་མི་གསལ་ལྡབ་ལྡིབ་སྨྲ་བ་འདི། །མདུན་ཁ་ཆུས་ཆག་ཆག་འགྲེམས་པ་བཞིན། །ཡར་ལྡང་ཚེ་སུག་བཞི་ས་ལ་བགྲད། །མར་སྡོད་ཚེ་འཕེབས་ཆེན་རྒྱག་དང་མཚུངས། །རྐང་བྱི ན་པ་སོར་བཞིའི་ཁྲི་དེས་ཀྱང༌། །ལུས་སྒྲོམ་བུ་མི་ཐེག་ལིང་ལིང་འདར། །སྐྲ་ཟེགས་ཤིང་ལྷག་མ་སྐྱ་བོར་གྱུར། །མིག་མི་གསལ་མིག་འབྲས་ནང་དུ་བྲོ ས། །གཏམ་འགྲོ་འོང་རྣ་བའི་སྒོ་ལ་བཀག །བློ་རྨོངས་ཤིང་དྲན་དང་དབང་པོ་ཉམས། །ལུས་འབད་པས་འཁོར་བ་ལ་བརྟེན་ཡང༌། །འགྲོས་འཁྱོར་ཞིང་འཁྱོར་ཞིང་རེས་འགའ་འབུབ། །ཚེ་ཕལ་ཆེར་ཟད་པས་ཕ་རོལ་ཉེ། །གཉེན་ཉེ་འབྲེལ་འཁོར་གཡོག་བཅས་པས་ཀྱང༌། །ད་མེད་ན་བདེ་ཞེས་ཤི་སྨོན་བྱེ ད། །རྒས་འཁོགས་ཤིང་ལང་ཚོ་ཉམས་གྱུར་པས། །ཤིང་ཁོང་རུལ་སྡོང་པོ་རྙིང་པ་འདྲ། །ཚུལ་འདི་འདྲའི་འཇིགས་རུང་སྡུག་བསྔལ་ཡང༌། །དུས་ལན་རེ་ཁོ་ན་མ་ཡིན་ཏེ། །རྒྱུན་མི་ཆད་ཡང་དང་ཡང་དུ་མྱོང༌། །ལར་རྒས་པའི་སྣང་ཚུལ་འདི་ལྟ་བུ། །ཡོངས་ཀུན་ལ་འབྱུང་བའི་རང་བཞིན་ཡང༌། །གཞོན་ལང་ཚོ་རྒྱས་པའི་བྱི ས་པ་རྣམས། །འདི་མི་ཤེས་ན་ཚོད་རྟག་ཏུ་རེ། །ཕྱི་གསེར་ཆུས་གཡོགས་པའི་བཤང་གཅི་ལ། །སེམས་ཆགས་ཀྱང་རང་མཚང་མྱུར་དུ་སྟོན། །ཚོན་རི་མོ་བཀྲ་བའི་དབང་པོའི་གཞུ། །མདངས་ལེགས་ཀྱང་མྱུར་དུ་ཡལ་ནས་འགྲོ། །དོན་དེ་ཕྱིར་ལུས་ཀྱི་རྐྱེན་བཟོད་ཚེ། །ནགས་སྨན་ལྗོངས་མཛེས་པའི་དགའ་ཚལ་དེར། །གྲངས་བཅུ་གཉིས་སྦྱངས་པའི་ཡོན་ཏན་བླངས། །བཀའ་མདོ་རྒྱུད་དམ་པའི་རྣམ་ཐར་བལྟ། །ཆོས་མང་དུ་ཐོས་པའི་གནས་རྣམས་སེམས། །དོན་ཏིང་འཛིན་བདེ་ལ་རྩེ་གཅིག་རོལ། །སླར་རྗེས་ཐོབ་སྒྱུ་མའི་རྣམ་ཐར་སྐྱོང༌། །དུས་རེས་འགའ་ས་འཛིན་ཡངས་པར་འཆག །ལམ་ཐུན་མོང་རིམ་པ་ནས་བཟུང་སྟེ། དཔལ་ཟུང་འཇུག་བདེ་བ་ཆེན་པོའི་བར། །གཞི་སྟན་ཐོག་གཅིག་ཏུ་དྲིལ་བྱས་ནས། །དུས་ཉིན་མཚན་ཁོར་ཡུག་བསྒོམ་པར་སྤྲོ། །མཐར་ན་ཚོད་ཡོངས་སུ་སྨིན་གྱུར་ཀྱང༌། །རྗེ་ཀུན་མཁྱེན་ཐུབ་པའི་དབང་པོ་ཡིས། །ཆོས་མང་དུ་ཐོས་པའི་དགེ་སློ ང་དེ། །ནགས་བཟང་པོའི་སྐྱེད་མོས་ཚལ་གྱི་ཁྲོད། །ཚེ་ལང་ཚོ་ཡོལ་བ་གནས་པ་བདེ། །ཞེས་གསུངས་བཞིན་རྒ་ཤིས་སྐྲག་པ་མེད། །སེམས་ཆོས་བརྒྱད་སྤྲོས་པ་རྩད་ནས་བཅད། །ལྷའི་སྐྱེད་ཚལ་འདྲ་བའི་དབེན་གནས་དེར། །ཕ་བླ་མའི་རྣམ་ཐར་སྐྱོང་བར་སྤྲོ། །སྟེང་ཆུ་འཛིན་བླ་བྲེ་ལང་ལིང་གཡོ། །བར་སྨུག་པའི་སྟོད་གཡོགས་ཡོལ་བས་བྲེ ས། །སྨད་ནགས་ཚལ་སྔོན་པོའི་ཤམ་ཐབས་མཛེས། །གཞི་ནེའུ་གསིང་མེ་ཏོག་ཕང་ཕུང་ཅན། །འགྲོགས་བདེ་བའི་བྱ་དང་རི་དྭགས་གྲོགས། །ཡིད་བག་ཕེབས་བདེ་བར་ཟློས་གར་སྒྱུར། །ཚེ་འདི་ནང་ཆགས་སྡང་སྐྱེ་བའི་ཡུལ། །གཉེན་ཉེ་དུ་དགྲ་སོགས་མིང་ཡང་མེད། །ཀུན་མངོན་དགའ་བསྐྱིད་པའི་སྨན་ལྗོངས་དེར། །ནོར་འབྱོར་རྒུད་གསོག་བསྲུང་སྡུག་བསྔལ་བྲལ། །འཕྲལ་གང་བྱུང་ཆོག་ཤེས་བདུད་རྩིས་འཚོ། །ཆོས་འཕགས་ནོར་བདུན་གྱི་བང་མཛོད་འཛིན། །ལས་ཅི་བྱེད་སྣ་ཐག་རང་གིས་བཟུང༌། །རྗེ་རྒྱལ་བ་ཀུན་གྱི་རྗེས་སུ་སློབ། །ཚུལ་འདི་འདྲའི་བདེ་སྐྱིད་ཁྱད་པར་གང༌། །ལྷའི་དབང་པོས་ཀྱང་ནི་རྙེད་དཀར་གསུངས། །དོན་དེ་ཕྱི ར་པདྨོའི་དྲ་བ་ཡིས། །སྟེང་མཛེས་པར་ཁེབས་པའི་ཡིད་བཞིན་མཚོ། །རྒྱང་མིག་ལམ་བབ་པའི་ངང་པ་བཞིན། །གནས་དབེན་པའི་དགའ་ཚལ་སྙིང་ལ་དྲན། །ལས་ཉོན་མོངས་ཆུ་སྲིན་མང་པོས་གཙེས། །རླབས་སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག །གཏིང་མཐའ་མེད་འཁོར་བའི་རྒྱ་མཚོ་ལས། །ད་མྱུར་དུ་སྒྲོལ་ཕྱིར་དབེན་པར་འགྲོ། །ལམ་ཐབས་ཤེས་ཟབ་མོའི་ཉམས་ལེན་གྱིས། །དགྲ་སྐྱེ་རྒ་ན་འཆི་རྩད་བཅད་ནས། །དུས་རྟག་ཏུ་འདུ་འབྲལ་མི་བྱེད་པའི། །ལུས་ལོངས་སྤྱོད་གྲོགས་སོགས་སྒྲུབ་པར་སྨོན། །ཚུལ་འདི་ལྟར་རེ་བའི་དོན་པོ་རྣམས། །སྐྱབས་བསླུ་མེད་བླ་མ་དཀོན་མཆོག་གིས། །ཡུན་མི་རིང་མྱུར་དུ་འགྲུབ་པ་ཡི། །གེགས་ཞི་ཞིང་མཐུན་རྐྱེན་འགྲུབ་པར་མཛོད། །ཅེས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn