པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅུ་བཞི་བ།
དེ་ནས་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོ་ལྷ་ལྡན་སྨོན་ལམ་ཆེན་མོར་ཕེབས་ཏེ་ཚོགས་དབུ་མཛད་ནས་སྐྱེས་རབས་ཀྱི་གཟབ་བཤད་སོགས་འཇམ་མགོན་བླ་མའི་མཛད་སྲོལ་ཉམས་པ་མེད་པར་བསྐྱངས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་བསྙེན་པར་རྫོགས་པ་མཛད་པའི་མཁན་པོ་མཛད། གཞན་ཡང་དོན་གཉེར་ཅན་བརྒྱ་ཕྲག་མང་པོར་རབ་བྱུང་བསྙེན་རྫོགས་གནང༌། འབྲས་སྤུངས་ཚོགས་ཆེན་ལ་སྒྲུབ་ཐབས་རྒྱ་མཚོ་རྫོགས་པར་གནང༌། དེ་དུས་རྗེ་ཉིད་ཀྱི་ཞལ་སློབ་བསྟན་པ་ལ་ཕན་དུ་རེ་བ་མང་པོ་ཞིག་གློ་བུར་དུ་འདས་པས་རྐྱེན་བྱས་མི་རྟག་པའི་ངང་ཚུལ་བཅོས་མིན་ཐུགས་ལ་འཁྲུངས་ཏེ་གསུང་མགུར་འདི་ལྟར་མཛད་དེ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཀུན་མཁྱེན་གྱི་རྒྱལ་པོ་ཙོང་ཁ་པའི། །གདམས་པ་ཡི་མཛོད་འཛིན་དབེན་ས་པ། །དུས་གསུམ་གྱི་སངས་རྒྱས་ཡེ་ཤེས་དངོས། །མི་བདག་སྙིང་གི་པདྨོའི་ཟེའུ་འབྲུར་བཞུགས། །འཇིགས་རང་འཇིགས་ལྔ་བཅུ་ཁ་རལ་དུས། །ལོ་རྒན་ཚོ་བཞི་བཅུ་ལྔ་ཙམ་ལོན། །རྣམ་གཡེང་གི་ངང་ལ་མི་ཚེ་ཟད། །ད་ཚེ་ལྷག་འདི་སྣུམ་ཟད་མར་མེ་ཙམ། །རི་གཟར་གྱི་འབབ་ཆུ་དྲག་པོ་ལྟར། །སྙིགས་དུས་ཀྱི་ཚེ་ཐུང་ཞག་འགའོ། །སུས་བཟུང་བར་མི་ནུས་ནམ་མཁའི་གློག །འདི་བསམས་ན་ཚེ་འདིའི་མདུན་མས་ཅི། །མཐོ་དམན་གྱི་གྲོགས་པོ་ཕལ་མོ་ཆེ། །འཇིགས་རུང་གི་གཤེན་རྗེས་ཟོས་ནས་ཟིན། །ཐར་མེད་ཀྱི་འཆི་བདག་ཟ་རེས་དེ། །མི་བདག་ཅག་གི་ཐོག་ཏུ་འབབ་ལ་ཁད། །རྒྱུས་མེད་ཀྱི་བར་དོའི་འཕྲང་བརྒྱུད་ནས། །རྒྱང་རིང་དུ་གཅིག་པུར་འགྲོ་དགོས་ན། །བསླུ་མེད་ཀྱི་གྲོགས་དང་འཛད་མེད་ཀྱི་བརྒྱགས། འགྱོད་མེད་དུ་ཚགས་སུ་ཚུད་ལེགས་སམ། །འདི་ནང་གི་ཕུན་ཚོགས་ཅི་འབྱོར་ཀྱང༌། །རྨི་ལམ་གྱི་ཡུལ་གྱི་ལོངས་སྤྱོད་བཞིན། །དོན་ཆུང་ལ་མི་ཚེ་འཛད་པའི་རྒྱུ། །དུག་གསུམ་གྱི་ས་བོན་སྐྱུག་རེ་བྲོ ། །སྙིང་སྡུག་གི་མཛའ་གྲོགས་མང་ན་ཡང༌། །ངན་སོང་གི་འཐེན་ཐག་འཆིང་བའི་ལྕགས། །སིང་གླིང་གི་སྲིད་མོ་མཛེས་མ་ལྟར། །བདེ་འགྲོ་ཡི་སྲོག་གཅོད་ཐར་པའི་གཤེད། །གཞོན་གྲོགས་དང་དགའ་བའི་རྩེད་འཇོ་ཡང༌། །ཞིམ་འདོད་ཀྱིས་བཙན་དུག་ཟ་བ་བཞིན། །ཐར་མེད་ཀྱི་རོ་མྱགས་འདམ་རྫབ་ཏུ། །ཡུན་རིང་དུ་ཉམ་ཐག་ཨ་རེ་སྡུག །རོ་ཞིམ་གྱི་མྱོས་འགྱུར་མང་འཐུངས་ཀྱང༌། །དམར་འབར་གྱི་ཁྲོ་ཆུ་འཐུང་བའི་རྒྱུ། །འབུམ་ཕྲག་གི་སྐྱེ་བ་དུ་མ་རུ། །སེམས་རྣལ་དུ་མི་གནས་བ་མ་གླང༌། །བན་བུན་གྱི་འཇིག་རྟེན་བྱ་བ་འདི། །ཨ་འཐས་སུ་ཞེན་པས་སྡུག་ལ་བཀོད། །བག་ཆགས་ཀྱིས་བསླད་པའི་རྨི་ལམ་བཞིན། །ཉིན་མཚན་ཀུན་འཁྲུལ་པའི་བྱ་བས་འདས། །དུག་གསུམ་གྱི་བག་ཆགས་ཚན་ཆེས་པས། །ལང་ཤོར་གྱི་བག་མེད་བསམ་སྦྱོར་འདི། །བཙན་ཆོད་དུ་གཉེན་པོས་མ་སྤངས་ན། །འོ་བརྒྱལ་ཚེ་ད་དུང་བྱུང་གིས་དོགས། །འདུས་བྱས་ཀྱི་མཚན་ཉིད་མི་རྟག་ཅིང༌། །སྙིགས་དུས་ཀྱི་ཚེ་ལ་ལོང་མེད་པས། །ད་དོན་མེད་ཀྱི་བྱ་བས་མི་འདའ་བར། །ཡང་དག་གི་སྙིང་པོ་ལེན་པར་འདོད། །ཅེས་སོ། །
ལོ་དེ་ལ་སྟོང་འཁོར་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ་(མཆན། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཞི་པ་མདོ་རྒྱུད་རྒྱ་མཚོའི་མཚན་གཞན།)དང༌།སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་བློ་བཟང་རྒྱ་མཚོ་སོགས་བླ་ཆེན་མང་པོས་གཙོས་བསྙེན་རྫོགས་གསར་སྒྲུབ་བརྒྱ་ཕྲག་མང་པོའི་དོན་མཛད། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་གོང་སྨོས་བླ་ཆེན་གཉིས་པོ་དེ་དང་ཟུར་བཞི་སློབ་དཔོན་རྣམས་ཀྱིས་ཐོག་དྲངས་སྡེ་སྣོད་འཛིན་པ་སུམ་བརྒྱ་ལྷག་ཙམ་ལ་རྡོ་རྗེ་ཕྲེང་བ་དང་མི་ཏྲ་བརྒྱ་རྩའི་དབང་རྣམས་རྫོགས་པར་སྩལ། དེ་ནས་ལྷུན་རྩེ་ཆོས་སྡེ་རྣམས་ཀྱིས་གདན་དྲངས་ནས་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་དང་ཆོས་སྐྱོང་མང་པོའི་རྗེས་གནང་སོགས་ཆོས་མང་དུ་གནང༌། དེ་ནས་དམར་སེར་ཅན་ཞེས་པ་མེ་སྦྲུལ་གྱི་ལོ་ཟླ་བ་བཅུ་གཉིས་པའི་ནང་དུ་ཐམས་ཅད་མཁྱེན་པ་ཡོད་ཏན་རྒྱ་མཚོ་གློ་བུར་གྱི་རྐྱེན་གྱིས་ཞིང་གཞན་དུ་གཤེགས་ནས་དགོངས་པ་ཆོས་ཀྱི་དབྱི ངས་སུ་རྫོགས་པར་བྱ་བ་དང༌། ལྷ་ལྡན་སྨོན་ལམ་གྱི་ཚོགས་དབུ་རྣམས་དུས་མཚུངས་སུ་མཛད། སྨོན་ལམ་གྲོལ་འཕྲལ་རྭ་སྒྲེང་ལ་ཕེབས། དགོན་པ་གོང་དུ་ཟླ་བ་ལྷག་ཙམ་སྐུ་མཚམས་བཅད་དེ་སྐུ་འདྲ་རིན་པོ་ཆེ་དབུ་ཡོན་མ་སྤྱན་དྲངས། གསོལ་བ་རྩེ་གཅིག་ཏུ་འདེབས་པར་མཛད་པས་བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་བྱུང་བས་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་ལ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྗེ་མི་ཕམ་ཆོས་ཀྱི་མདུན་སའི་རྒྱན། །ལྷ་སྐལ་ལྡན་གྲངས་མེད་ཡོངས་ཀྱི་མགོན། །དཔལ་ནམ་མཁའ་དྲི་མ་མེད་པའི་ཞབས། །མི་བདག་སྙིང་པདྨོའི་ཟེའུ་འབྲུར་ཞོག །ཞིང་བདེ་བ་ཅན་ན་འོད་དཔག་མེད། །རྗེ་རྒྱལ་བའི་སྤྱན་སྔར་བཟང་པོ་སྐྱོང༌། །ཡོངས་ལྔ་རིག་པཎ་ཆེན་ཀུན་གྱི་གཙོ། །ཐུགས་བརྩེ་བས་གཟིགས་ཤིག་ཨ་ཏི་ཤ། །སྔོན་དཔག་མེད་དུས་ནས་སངས་རྒྱས་ཀྱང༌། །བདག་མགོན་མེད་འགྲོ་བའི་དོན་གྱི་ཕྱིར། །ཁྲིམས་བསླབ་གསུམ་ལྡན་པའི་དགེ་སློང་ཚུལ། །ཐུགས་བརྩེ་བས་གཟིགས་ཤིག་ཨ་ཏི་ཤ། །བོད་འདྲེ་སྲིན་གདུལ་དཀའ་འདུལ་མཛད་པའི། །དཔལ་མཐུ་སྟོབས་དབང་ཕྱུག་པདྨ་འབྱུང༌། །མགོན་ཁྱོད་ཀྱི་ཡེ་ཤེས་སྒྱུ་མའི་འཕྲུལ། །ཐུགས་བརྩེ་བས་གཟིགས་ཤིག་ཨ་ཏི་ཤ །དུས་མི་བཟད་སྙི གས་མ་ལྔ་བདོ་བ། །ཡུལ་བྱང་ཕྱོ གས་རྨོ ངས་པའི་མུན་ཁྲོད་འདིར། །ཆོས་ཕན་བདེའི་གཟི་འོད་སྟོང་འབར་བའི། །དཔལ་མར་མེ་མཛད་དཔལ་ཨ་ཏི་ཤ །རིགས་ཁྱབ་བདག་བདེ་གཤེགས་ཀུན་གྱི་དངོས། །ཆོས་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །ཚོགས་འཕགས་མཆོག་ཀུན་གྱི་འདྲེན་པ་མཆོག །སྐྱབས་བསླུ་མེད་མགོན་པོ་ཨ་ཏི་ཤ །ཕ་ཁྱོད་ཞབས་བསྟེན་ཅིང་མཆོད་པ་དང༌། །ཡིད་རྩེ་གཅིག་གདུང་བས་གསོལ་འདེབས་ན། །མཆོག་ཐུན་མོངས་དངོས་གྲུབ་མ་ལུས་ཀུན། །དུས་མྱུར་དུ་སྩོལ་མཛད་ཨ་ཏི་ཤ །ད་དེང་ནས་བྱང་ཆུབ་སྙིང་པོའི་བར། །མགོན་ཁྱོད་ཞབས་པདྨ་སྤངས་ནས་ནི། །བདག་རེ་བའི་སྐྱབས་གཞན་མི་འཚོལ་བས། །ཕ་ཐུགས་རྗེས་ཟུངས་ཤིག་ཨ་ཏི་ཤ །རྟེ ན་རྙེད་དཀའ་འཇིག་སླའི་མི་ལུས་འདི། །ཕྱིས་འབྲས་མེད་སྦུན་པ་མི་འཕྱར་བར། །དོན་རྩེ་གཅིག་སྙིང་པོ་ལེན་པ་རུ། །རྒྱུད་བྱིན་གྱིས་རློབས་ཤིག་ཕུལ་བྱུང་ཞབས། །དགྲ་བདག་འཛིན་འགོང་པོ་རྩད་ནས་བཏོན། །གཉེན་འགྲོ་དྲུག་སེམས་ཅན་གཅེས་པར་བཟུང༌། །ལམ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པར། །རྒྱུད་བྱིན་གྱིས་རློབས་ཤིག་ཕུལ་བྱུང་ཞབས། །སླར་མ་འོངས་སྐྱེ་བ་རྣམས་སུ་ཡང༌། །སྤྲང་བདག་གི་སྐྱིད་སྡུག་ལེགས་ཉེས་རྣམས། །དཔལ་ལྷ་ཅིག་ཇོ་བོ་ཁྱེད་རང་མཁྱེན། །ལམ་ལོག་པར་མ་གཏོང་ཨ་ཏི་ཤ །ཚེ་འདི་ནང་འགགས་པར་གྱུར་པ་ན། །དཔལ་མར་མེ་མཛད་དཔལ་སྣང་མཐའ་ཡས། །དོན་དེ་ཕྱིར་ཐུགས་རྗེའི་འོད་ཟེར་གྱིས། །བུ་སྙིང་མེད་བདེ་བ་ཅན་དུ་དྲོངས། །མི་ང་ལ་དད་ཅིང་གུས་པ་རྣམས། །སྟེང་དགའ་ལྡན་ལྷ་བརྒྱའི་གནས་མཇལ་ཞེས། །བཀའ་འགྱུར་མེད་ཞལ་གྱིས་བཞེས་པ་ཡི། །དོན་མངོན་སུམ་བདག་ལ་བསྟན་དུ་གསོལ། །ཅེས་དང༌།
འབྲོམ་ལ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ལྷ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །དཔལ་མར་མེ་མཛད་པའི་ཐུགས་ཀྱི་སྲས། །རྗེ་རྒྱལ་བ་ཀུན་གྱི་འབྱུང་གནས་ཞེས། །མཚན་སྙན་པར་གྲགས་པའི་རྒྱལ་བ་འབྲོམ། །སྲས་ས་བཅུའི་དབང་ཕྱུག་པད་དཀར་འཛིན། །རྒྱུད་མ་དག་འགྲོ་བ་འདྲེན་པའི་ཕྱིར། །རྟེན་ཚངས་སྤྱོད་དགེ་བསྙེན་ཚུལ་འཛིན་ཀྱང༌། །དོན་སྙིང་པོའི་དགེ་སློང་རྒྱལ་བ་འབྲོམ། །ཡུལ་བྱང་ཕྱོགས་ཨུ་པ་སཱི་ཀ་ཞིག །མིང་ཆོས་འཕེལ་སྐད་དུ་འབྱུང་ངོ་ཞེས། །རྗེ་རྒྱལ་བའི་ལུང་བསྟན་མཆོག་བརྙེས་པའི། །བོད་གངས་ཅན་མགོན་པོ་རྒྱལ་བ་འབྲོམ། །ཞིང་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་བརྩེ་བའི་ཡེ་ཤེས་གཅིག་བསྡུས་ནས། །དཔལ་བཀའ་གདམས་མེས་པོའི་སྐུར་སྟོན་པ། །ཕ་བསྟན་པའི་བདག་པོ་རྒྱལ་བ་འབྲོམ། །ཚེ་མི་རྟག་དགུན་ཉི་ལྟ་བུ་འདི། །དགྲ་ཆོས་བརྒྱད་རྐྱེན་གྱིས་མི་གཡེང་བར། །ད་རྩེ་གཅིག་དམ་ཆོས་བསྒྲུབ་པ་རུ། །རྒྱུད་བྱིན་གྱིས་རློབས་ཤིག་འབྲོམ་སྟོན་རྗེ། །གྱོང་ལྟོ་གོས་གཏམ་གྱི་སྟེང་དུ་བསྐུར། །ཚེ་འདི་ནང་ལུས་སྲོག་ཐེད་ལ་བོར། །རང་གཅེས་འཛིན་གཅོང་ནད་ཐོན་པ་རུ། །རྒྱུད་བྱིན་གྱིས་རློབས་ཤིག་འབྲོམ་སྟོན་རྗེ། །བྱམས་སྙིང་རྗེ་བྱང་ཆུབ་སེམས་གཉིས་འབྱོངས། །དབྱིངས་སྤྲོས་བྲལ་བདག་མེད་མངོན་སུམ་རྟོགས། །ལམ་རིམ་གཉིས་རྣལ་འབྱོར་མཐར་ཕྱིན་པར། །རྒྱུད་བྱིན་གྱིས་རློབས་ཤིག་འབྲོམ་སྟོན་རྗེ། །ཞེས་ཇོ་བོ་ཡབ་སྲས་གཉིས་ཀྱི་གསོལ་འདེབས་ཕྱག་བྲིས་སུ་མཛད་དོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn