པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅུ་་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-23 21:44:00     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

358131054518963745.jpg

                     དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས། དགུན་ཆོས་ཐོག་ཚོགས་ཆེན་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་རྣམ་ཐར་གཟབ་བཤད་མཛད། དེ་ནས་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་དགུ་ལ་ལྷོ་མོན་ཕྱོགས་སུ་ཕེབས་ཏེ། ཐོག་མར་ཁང་བུ་སྟག་ལུང་དུ་ལྷ་རིན་པོ་ཆེ་དཔོན་སློབ་ལ་འཁོར་ལོ་བདེ་མཆོག་གི་དབང་དང༌། འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང༌། བདེ་མཆོག་དཀར་པོའི་ཚེ་སྒྲུབ། མགོན་པོ་ཏྲཀ་ཤད་ཀྱི་ཆོས་སྐོར་ཡོངས་རྫོགས། སྨན་བླའི་རྗེས་གནང་ལུང་དང་བཅས་པ་སོགས་འདོད་ཆོས་རྣམས་ལེགས་པར་སྩལ། དེ་ནས་རིམ་གྱིས་སྤ་གྲོ་ཐིམ་བུ་དར་དཀར་གྱི་བར་དུ་ཕེབས། སྤྱིར་ལྷོ་མོན་དེ་རང་རང་གི་གྲུབ་མཐའ་དང་བླ་མ་སོ་སོའི་ཕྱོགས་འཛིན་གཞན་ལས་ཆེ་ཡང་རྗེ་འདི་ལ་ནི་རང་ཉིད་ལ་གྲུབ་མཐའི་ཕྱོགས་འཛིན་མེད་པར་ཀུན་ལ་དག་སྣང་མཛད་པའི་མཐུས་ཐམས་ཅད་ཀྱིས་བསྙེན་བཀུར་འབུལ་བ་ཞབས་ཏོག་ཚད་མེད་པ་བྱུང་ཞིང༌། རྗེ་འདི་ཉིད་ཀྱིས་ཀྱང་དགེ་འདུན་གྱི་སྡེ་རྣམས་སུ་ཟང་ཟིང་གི་སྒོ་ནས་མང་འགྱེད་བཟང་པོ་དང༌། ཆོས་ཕྱོགས་ངོས་ནས་དཔལ་གསང་བ་འདུས་པ་དང་འཇིགས་བྱེད་སོགས་པའི་དབང་དང་ཟབ་ཁྲིད་དུ་མ་དང༌། ཡི་དམ་དང་ཆོས་སྐྱོང་མང་པོའི་རྗེས་གནང་སོགས་འདོད་ཆོས་མང་དུ་སྩལ་ཞིང༌། ཁྲོམ་མི་སྟོང་ཕྲག་མང་པོ་ཚོགས་པ་རྣམས་ལ་ལས་འབྲས་ཀྱི་རྣམ་གཞག་གཙོ་བོར་མཛད་པའི་ཚེ་དབང་དང༌། ཡིག་དྲུག་གི་ལུང་སྩལ་ནས་དགེ་བའི་དམ་བཅའ་ཆེད་དུ་བསྐུལ་བས་བསྙེན་གནས་ཀྱི་དམ་བཅའ་ལེན་མི་བརྒྱ་ཕྲག་དུ་མ་དང༌། བཟང་སྤྱོད། བྱམས་སྨོན་ལྟུང་བཤགས། སྒྲོལ་མ། ཤེར་སྙིང༌། སྐྱབས་འགྲོ། རང་གང་མོས་ཀྱི་བླ་མའི་གསོལ་འདེབས། མ་ཎི་དུང་ནས་བཟུང་ཉེར་གཅིག་རེ་ཡན། སྲོག་གཅོད་སྤོང་བ། ཉལ་ཕྱག་ལང་ཕྱག །དུས་ཀྱང་རབ་རྣམས་ཀྱིས་ཇི་སྲིད་འཚོའི་བར། ཐ་མས་ལོ་གཅིག་བར་དུ་དམ་བཅའ་ལེན་མི་བསམ་གྱིས་མི་ཁྱབ་པ་བྱུང་བས་རྗེ་འདི་པ་གང་དུ་བྱོན་པའི་ཡུལ་དེ་དང་དེར་དམ་བཅའི་རྒྱུན་སྐྱོང་བས་དགེ་བའི་ལམ་གསལ་བར་མཛད་དོ། །ཁྱད་པར་དགུང་ཝང་ལ་བརྟེན་པའི་མི་བརྒྱ་སྟོང་ཕྲག་མང་པོ་གསོད་རེས་བྱེད་ཅིང་རང་རང་གི་བླ་མ་རྣམས་ཀྱིས་ཀྱང་མ་འདོམས་པའི་རྩ་བ་མི་ཤ་ལེན་པར་ཆས་པ་མང་པོ་ལ་དངོས་པོའི་གནང་སྦྱིན་སྔོན་དུ་འགྲོ་བས། ཕྱག་ཕྲེང་སྤྱི་བོར་བཞག་སྟེ་མི་ཤ་མི་ལེན་པའི་དམ་ཚིག་ལ་བཞག་ནས་སྡིག་པའི་རྩ་བ་བཅད་པས་ལྷོ་མོན་ཕྱོགས་བདེ་འཇམས་སུ་གནས་པ་བྱུང་ངོ༌། །དེ་ལྟ་བུའི་ཚུལ་གྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་མཛད་ཅིང༌། སླར་བོད་དུ་ཕེབས་པ་ན། དབུས་གཙང་གཉིས་ཀར་དུས་འཁྲུག་མཐོ་དམན་གྱི་འགྱུར་ལྡོག་ལྷག་པར་ཆེ་བས་ལ་ལ་སྡུག་བསྔལ་དངོས་ལ་སྤྱོད།

                    ལ་ལ་སྡུག་བསྔལ་གྱི་རྒྱུ་ལ་དགའ་དགའ་ལྟར་སྤྱོད་པ་གཟིགས་པས་ཐུགས་སྐྱོ་ཤས་དྲག་པོ་འཁྲུངས་ཏེ་ངེས་འབྱུང་གི་གདུང་དབྱངས་གསུངས་པ་ནི། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དང་པོར་འཁོར་འདས་ཀྱི་སྐྱོན་ཡོན་རིག །བར་དུ་བླང་དོར་གྱི་རོལ་པས་འདས། །ཐ་མར་ཀུན་བྱང་གི་རང་བཞིན་རྣམས། །དབྱེ ར་མེད་དུ་མཁྱེན་རྣམས་བདག་གི་སྐྱབས། །རྟག་འཛིན་གྱི་གདོན་ཆེན་ཐུགས་ཞུགས་པས། །ཕྱི་རྩིས་ཀྱི་གྲབས་ཤོམས་བྱེད་བྱེད་ནས། །འབྲས་མེད་ཀྱི་སྦུན་པ་འཕྱར་བ་བཞིན། །དོན་མེད་དུ་འདའ་བ་འདི་ཨ་ཙ་མ། །སྡིག་སྡུག་དང་གཏམ་ངན་ཁྱད་བསད་དེ། །སེར་སྣ་ཡིས་ཟས་ནོར་བསགས་བསགས་ནས། །རྡུལ་ཕྲན་ཙམ་འཁྱེར་བའི་དབང་མེད་པར། །ལག་སྟོང་དུ་འགྲོ་བ་འདི་ཨ་ཙ་མ། །ཉོན་མོངས་ཀྱི་གོམས་པ་ཤུགས་དྲག་པས། །ལང་ཤོར་གྱི་བག་ཡངས་སྤྱོད་སྤྱོད་ནས། །ཐར་མེད་ཀྱི་དམྱལ་བའི་བཙོན་ཁང་དུ། །ཚ་གྲང་གི་སྡུག་བསྔལ་འདི་ཨ་ཙ་མ། །གཉེན་གྲོགས་དང་འཁོར་མང་ཚོགས་པའི་དབུས། །ང་སྙམ་དུ་མངོན་པར་འགྱིང་འགྱིང་ནས། །མྱ་ངམ་གྱི་ཐང་ལ་དགྲས་བཅོམ་བཞིན། །གྲོགས་མེད་དུ་ཉམ་ཐག་འདི་ཨ་ཙ་མ། །ཤ་ཁྲག་གི་ལང་ཚོ་ཡིད་འཕྲོག་ཅིང༌། །མཛེས་བྱེད་ཀྱི་གསེར་གཡུས་བརྒྱན་བརྒྱན་ནས། །ཀེང་རུས་ཀྱིས་ཁྱབ་པའི་དུར་ཁྲོད་དུ། །གཅེར་བུ་རུ་འགྲོ་བ་འདི་ཨ་ཙ་མ། །བློ་མཐུན་གྱི་སྙིང་སྡུག་མང་པོ་དང༌། །དགའ་འདུས་ཀྱི་ཉམས་དགའ་སྐྱོང་སྐྱོང་ནས། །དབང་མེད་དུ་འཆི་བདག་བདུད་པོ་དེས། །སོ་སོ་རུ་འཕྲལ་བ་འདི་ཨ་ཙ་མ། ཁང་བཟང་གི་བཀོད་པ་བརྒྱ་བྱས་ཤིང༌། །དབྱིབས་ལེགས་ཀྱི་གནས་མལ་གཤོམ་གཤོམ་ནས། །རྣག་ཁྲག་གིས་སྦགས་པའི་རོ་ཁུང་དུ། །སྒྲེན་མོ་རུ་ཉལ་བ་འདི་ཨ་ཙ་མ། །འཇམ་ལེགས་ཀྱི་གྱོན་པ་བརྒྱ་ཕྲག་དང༌། །ཞིམ་དགུ་ཡི་བཟའ་བཏུང་སྤྱད་སྤྱད་ནས། །མྱུར་བ་རུ་དུར་བརྒྱགས་ཁམ་གང་ཟ། །རོ་ཤུན་གྱིས་དཀྲི་བ་འདི་ཨ་ཙ་མ། །སྟོང་གསུམ་གྱི་ཁྱོན་ལ་དབང་བསྒྱུར་ཞིང༌། །ཕུན་ཚོགས་ཀྱི་སྟོབས་ཀྱིས་དྲེགས་དྲེགས་ནས། །འཇིགས་རུང་གི་གཤེན་རྗེ་ཆོས་རྒྱལ་གྱིས། །དབང་མེད་དུ་འཁྲིད་པ་འདི་ཨ་ཙ་མ། །མ་བརྟགས་པར་ཉམས་དགའི་སྐྱེ་བོའི་ཚོགས། །འདི་ནང་གི་བདེ་ལ་ཞེན་ཞེན་པའི། །ཐུགས་རྒྱུད་ལ་གླུ་འདི་མི་འབབ་མོད། །དེ་ཀུན་ཀྱང་དེ་བས་ཨ་ཙ་མ། །ཨ་ཙ་མ་བཅུ་ཡི་གླུ་ཆུང་འདི། །ཕྱོགས་མེད་ཀྱི་རྒྱལ་ཁམས་མྱུལ་མྱུལ་ནས། །སྙོམ་ལས་ཀྱི་མལ་དུ་རྟག་ཉལ་བའི། །བློ་བཟང་གི་ཆོས་རྒྱན་ཞེས་བྱས་སྨྲས། །ཞེས་སོ། །

                    དེ་ནས་རིམ་གྱིས་བཀྲ་ཤིས་ལྷུན་པོར་ཕེབས་ནས་མང་འགྱེད་རྒྱས་པར་སྩལ་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་བཀའ་ཤོག་དང་གདན་འདྲེན་གྱི་མི་སྣ་བཅས་རྗེ་འདི་ལྷ་ལྡན་སྨོན་ལམ་གྱི་ཚོགས་དབུར་སྤྱན་དྲངས་ཏེ་ཆུ་གླང་ནས་ས་རྟའི་བར་སྨོན་ལམ་ཆེན་མོའི་ཚོགས་དབུ་རྒྱུན་དུ་མཛད། གླང་ལོའི་སྨོན་ལམ་གྲོལ་ནས་སྤྲུལ་པའི་སྐུ་བསོད་ནམས་ལེགས་དཔལ་བཟང་དང༌། སེ་འབྲས་རྒྱུད་སྟོད་སྨད་སོགས་ཀྱི་དགེ་བའི་བཤེས་གཉེན་བཞི་བཅུ་ཙམ་ལ་བསྙེན་རྫོགས་གནང༌། འབྲས་སྤུངས་ཚོགས་ཆེན་ལ་འཇམ་དབྱངས་ཆོས་སྐོར་ཡོངས་རྫོགས་དང༌། ཐམས་ཅད་མཁྱེན་པ་ལ་མགོན་པོ་ཞལ་གྱི་རྣམ་འགྱུར་མང་པོའི་བཀའ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བེའུ་བུམ་ལུང་ཞལ་ཤེས་དང་བཅས་པ་གནང་ངོ༌། །

                   དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་སྔགས་གྲྭར་བཞུགས་པའི་རབ་འབྱམས་པ་རྣམས་ལ་འདུས་པའི་བཤད་ཉན་གྱི་སྟེང་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་འཆད་ཉན་གསར་འཛུགས་མཛད། དེ་ནས་རེ་ཤིག་སྐུ་མཚམས་མཛད་དེ་དཔལ་གསང་བ་འདུས་པའི་ཟབ་ལམ་རིམ་པ་ལྔ་ལ་ཉམས་བཞེས་རྩེ་གཅིག་ཏུ་མཛད་པས་རིམ་ལྔའི་རྟོགས་པ་མངོན་དུ་གྱུར་ཏེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་འཇམ་མགོན་བླ་མའི་རྗེས་སུ་སློབ་པར་འདོད་པ་རྣམས་ཀྱིས་རང་ངོས་ནས་ཉམས་ལེན་བྱུང་ཕྱིན་རྗེའི་བསྟན་པ་འདི་ལ་ཚེ་གཅིག་ཉིད་ལ་ཟུང་འཇུག་བསྒྲུབ་པའི་ཉེ་ལམ་འདི་ལྟ་བུ་ཡོད་དོ་ཞེས་རྡོ་རྗེའི་སྒྲ་དབྱངས་སྒྲོགས་པར་མཛད་པ་ནི། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དཔལ་བདེ་བ་ཆེན་པོའི་ཡེ་ཤེས་སྐུ། །ཕྱི་ངུར་སྨྲིག་གར་གྱིས་རྣམ་རོལ་པ། །ཕ་མ་ཏི་བྷ་དྲའི་ཞབས་ལ་འདུད། །དུས་ཉིན་གཅིག་རིག་པ་དྭངས་པའི་ཚེ། །ཆོས་ཐོས་པའི་སྙིང་པོ་ཅུང་ཟད་བསམས། །དེ་བསམས་པས་བླ་མའི་བཀའ་དྲིན་དྲན། །ལུང་མན་ངག་རིགས་པས་ངེས་པའི་དོན། །འདི་འབྲས་བུ་ལམ་བྱེད་ཚུལ་ཉིད་དུ། །རྗེ་བླ་མའི་བཀའ་དྲིན་རྗེས་དྲན་པའི། །ངག་རྡོ་རྗེའི་གླུ་དབྱངས་འདི་བཞིན་ལེན། །མགོན་ཐུགས་རྗེ་ཅན་དེའི་བཀའ་དྲིན་གྱིས། །རྟེ ན་དལ་འབྱོར་ཚང་བའི་མི་ལུས་ཐོབ། །རྗེ་རྒྱལ་བ་གཉིས་པའི་བསྟན་དང་མཇལ། །རྒྱུད་སྡོམ་པ་གསུམ་གྱིས་མཛེས་པར་བྱས། །གཞི་དམ་ཚིག་སྡོམ་པ་གཅེས་པར་བསྲུངས། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །བཀའ་མདོ་རྒྱུད་དོན་ལ་སྒྲོ་འདོགས་བཅད། །གནས་འཁོར་བའི་རྒྱུ་འབྲས་ངང་ཚུལ་རིག །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཉིད་སྦྱངས། །དབྱི ངས་གནས་ལུགས་རྟོགས་པའི་ལྟ་བ་གོ །ལམ་རིམ་གཉིས་ཟབ་མོའི་ཉམས་ལེན་ཤེས། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །གཞི་མ་དག་སྐྱེ་ཤི་བར་དོ་གསུམ། །རྒྱུད་སྨིན་བྱེད་སྐུ་གསུམ་ངོ་བོར་བསྒྱུར། །ཡུལ་གང་སྣང་དག་པའི་རོལ་པར་ཤར། །ལུས་ཟབ་གསལ་གཉིས་མེད་ལྷ་ཡི་སྐུ། །ངག་གྲག་སྟོང་སྔགས་ཀྱི་བཟླས་པ་ཤེས། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །ནང་རྡོ་རྗེའི་ལུས་ཀྱི་གནས་ལུགས་རྟོགས། །རྩ་འདབ་བརྒྱད་ནོར་བུའི་ཆུ་སྐྱེས་དབུས། །ཆོས་ཁྱད་པར་གསུམ་ལྡན་སྨིན་ལེགས་མར། །སེམས་རྩེ་གཅིག་ཆགས་པའི་རོལ་རྩེད་ཀྱིས། །མ་ཡེ་ཤེས་ཌཱ་ཀིའི་གཟི་བརྗིད་རྒྱས། །སྟེང་ཆུ་ཤེལ་ཟླ་ཟེར་སྤྲོས་ཤིང་བསྡུས། །ཕྱིས་ཇི་སྙེ ད་ཆོས་ཀྱི་རི་དྭགས་ཀུན། །སྔར་མཉམ་གཞག་དྲན་པའི་རྒྱ་རུ་བཅུག །རྒྱ་དེ་ཉིད་བདེ་སྟོང་ལྷ་སྐུར་ཤར། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །སྙིང་མཚོན་ཆ་འཁོར་ལོ་རྩིབས་བརྒྱད་དབུས། །སྔགས་བཟང་པོའི་ཐིག་ལེས་ངར་བླུད་ནས༌། །དགྲ་གཟུང་འཛིན་བཞོན་པའི་བདུད་སྡེ་ཡི། །མགུལ་ཅིག་ཅར་འདྲལ་བའི་དགྲ་ཐབས་མཁས། །ཡང་ཆོས་འཁོར་པདྨོའི་ལྟེ་བ་ལ། །དཔལ་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི། །ནོར་བཻཌཱུར་དཀར་པོའི་པི་ཝཾ་ནི། །རྒྱུད་འོད་ཟེར་ལྔ་ཡི་རི་མོ་ཅན། །གདངས་མི་ཤིགས་རྡོ་རྗེ་གསུམ་གྱི་དབྱངས། །དཔལ་མཁའ་སྤྱོད་གྲུབ་པའི་གཏམ་སྙན་འདིས། །དབྱེད་དཀའ་བ་མ་རིགས་མདུད་པ་འབྱེད། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །ཐབས་ཤེས་རབ་ངེས་གསང་རྩ་མཆོག་ནི། །ཆེས་ཕྲ་བའི་ཆུ་སྐྱེས་མྱུར་གུའི་རྩེར། །རྫས་དཀར་དམར་འབྲས་བུའི་ཐིག་ལེ་མཛེས། །འདི་ཟོས་པས་ཞེ་སྡང་འདོད་ཆགས་དང༌། །དེའི་འབྲས་བུ་གཏི་མུག་མེ་ཏོག་རྒྱས། །སྲོག་མ་འགགས་བཞིན་དུ་མངོན་སུམ་ཤི །ལར་འགལ་འདུའི་ལྟད་མོ་ཅི་ཡང་མཐོང༌། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །བློ་མྱུར་མགྱོགས་དྲན་པའི་ལྷ་བཟོ་ཡིས། ཁམས་ཕྲ་མོའི་གསེར་སྦྱངས་བཙོ་མ་ལས། །རྟེན་ཡེ་ཤེས་རང་བཞིན་ལྷ་སྐུ་བཞེངས། །སྐུ་དེ་ཡི་ཆོ་འཕྲུལ་བསམས་མི་ཁྱབ། ཁམས་གསུམ་པོ་མ་ལུས་རིལ་གྱིས་མིད། །མཐར་དེ་བཞིན་གཤེགས་པའི་ཚོགས་ཀུན་བསད། །རྗེ་སངས་རྒྱས་ཡུམ་ཡང་བདག་ཏུ་བཟུང༌། །དེའི་ངོ་ཚས་རང་ཡང་སྟོང་པར་བྲོ ས། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །སླར་ནམ་མཁའི་ལམ་ལས་འཇའ་ཚོན་འཁྲུངས། །འཇའ་དེ་ཉིད་མཚན་དཔེའི་འོད་དུ་འབར། །ཐབས་དབང་པོའི་གཞུ་ཡི་ན་ཆུང་དང༌། །ཡུལ་འོད་གསལ་ཆང་གིས་རྟག་མྱོས་པའི། །དབྱིངས་ལྷན་སྐྱེས་གཞོན་ནུ་མིག་ཡངས་པོ། །དུས་འདུ་འབྲལ་མེད་པའི་གྲོགས་པོར་སོང༌། །གྲོགས་མཛའ་བས་དངོས་པོ་གཅིག་ཏུ་འདྲེས། །དཔལ་ཟག་མེད་ནོར་དང་ལོངས་སྤྱོད་ཚོགས། ཁོང་གཞན་ལས་ཕྲོགས་ཏེ་བདག་གིར་བཟུང༌། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །དོན་དེ་བཞིན་མངོན་དུ་མ་གྱུར་ཀྱང༌། །ཆོས་ཟབ་མོ་ཐོས་དང་བསམ་པའི་མཐུས། །རྗེ་སངས་རྒྱས་ལས་ཀྱང་ཆེས་དཀོན་པའི། །ལམ་འདི་འདྲ་བླ་མའི་དྲིན་གྱིས་རྙེད། །མི་ང་ལ་གཏད་པ་མ་མཆིས་ཀྱང༌། །གླུ་འདི་ཉིད་གསང་ཆེན་རྒྱད་སྡེའི་བཅུད། །ཡུལ་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ། །གླུ་འདི་འདྲ་གསང་བའི་མགུར་དུ་འཛེར། །འདི་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། །རྗེའི་བཀའ་དྲིན་དྲན་ཚེ་དབྱངས་སུ་བསྡེབས། །གཏམ་འདི་ཡི་དགེ་བས་འགྲོ་བ་ཀུན། །དཔལ་ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་སོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།