པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅུ་གཉིས་པ།

ད་ནི་གློ་བུར་ཉིད་དུ་བསྐྱས་ཆེན་འདེགས་པར་ཡང་ཉེའམ་ཅི་ཆ་སྙམ་དུ་ཐུགས་ལ་ངེས་འབྱུང་ཤུགས་དྲག་ཏུ་འཁྲུངས་ཏེ་དོན་དེ་ཉིད་འཕགས་པའི་དབྱངས་སུ་བསྡེབས་པར་མཛད་པ་ནི་འདི་ལྟར། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དུས་གསུམ་གྱི་སངས་རྒྱས་མི་གཟུགས་ཅན། །གསུམ་ལྡན་གྱི་བླ་མའི་ཞབས་པད་ལ། །བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆི། །འབྲལ་མེད་དུ་བརྩེ་བས་རྗེས་འཛིན་མཛོད། །མཐའ་མེད་ཀྱི་འཁོར་བའི་རྒྱ་མཚོ་འདིར། །ལས་ཉོན་གྱི་འཆིང་བ་དམ་པོས་བཅིངས། །སྐྱེ་རྒ་དང་ན་འཆིའི་རྦ་ཀློང་འཁྲུགས། །གནས་ཚུལ་འདི་བསམས་ཤིང་གློ་སྙིང་འདར། །ཚངས་དབང་དང་ཁྱབ་འཇུག་དྲག་པོ་སོགས། །འཆི་མེད་ཀྱི་བདག་པོའི་དཔལ་ཐོབ་ཀྱང༌། །དབང་མེད་དུ་མནར་མེད་མེས་བསྲེག་ན། །མཐོ་རིས་ཀྱི་བདེ་ལ་ཡིད་བརྟན་ཅི། །དཔག་མེད་ཀྱི་ཚེ་དང་འབྱོར་པ་ཅན། །གསེར་དངུལ་གྱི་འཁོར་ལོས་བསྒྱུར་རྒྱལ་ཡང༌། །ངེས་མེད་དུ་འཁོར་བའི་ཡང་བྲན་འགྱུར། །ཨ་ཙ་མ་སྲི ད་འདིར་སྙིང་པོ་གང༌། །ཚེ་སྔོན་གྱི་དགྲ་བོ་འདི་ནང་གཉེན། །འདི་ནང་གི་དགྲ་ཡང་ཕྱི་མའི་གྲོགས། །ཟ་ཟིར་འཁོར་བའི་ངང་ཚུལ་འདི། །འབྲེལ་མེད་ཀྱི་སྨྱོན་པའི་ཟློས་གར་རང༌། །སྐད་ཅིག་ཀྱང་འབྲལ་བར་མི་ཕོད་པའི། །ཡིད་འོང་གི་སྙིང་གྲོགས་མཛའ་བཤེས་རྣམས། །དུས་ཚོད་སོ་སོར་འགྲོ་བ་འདི། །ཡིད་རེ་སྐྱོ་སེམས་ལ་ཅུང་མ་བབ། །སྡིག་སྡུག་དང་གཏམ་ངན་ཁྱད་བསད་ནས། །སེར་སྣ་ཡིས་བསགས་པའི་ཟས་ནོར་ལས། །རྡུལ་ཕྲན་ཙམ་འཁྱེར་བའི་དབང་མེད་པར། །ལག་སྟོང་དུ་འགྲོ་བ་འདི་སེམས་ལ་གཟན། །ཚེ་ལྷག་གི་བསྐྱེལ་མ་ཡུད་ཙམ་ལ། །འཆི་བདག་གི་བསུ་མ་བང་རེ་མགྱོགས། །ཕ་རོལ་གྱི་གཡང་ས་འཇིགས་པ་ཆེ། །ཅི་རང་དྲག་འབྲོས་ཐབས་ཨེ་འདུག་སོམས། །སྔར་བྱས་ཀྱི་རང་གི་ལས་ལ་འགྱོད། །སྡིག་ལྟུང་གི་ཁུར་པོ་རི་བས་ལྕི། །གྲོགས་མེད་དུ་བསྐྱས་ཆེན་འདེགས་པ་འདི། །གཏིང་ནས་རང་སྐྱོ་ཞིང་འཚེར་ལ་འཇིགས། །འཆི་ལམ་དུ་བདག་ཉིད་ཆུད་པའི་ཚེ། །ཁ་དྲག་གི་དཔའ་བོས་མི་བཟློག་ཅིང༌། །སྟོང་གསུམ་ཀུན་གང་བའི་ཟས་ནོར་དང༌། །མཛེས་སྡུག་གི་ལང་ཚོས་བསླུ་རུ་མེད། །འཚོ་བྱེ ད་ཀྱི་རྒྱལ་པོ་གཞོན་ནུ་དེ། །མངོན་སུམ་དུ་བྱོན་ཡང་ཅི་བྱར་ཡོད། །བརྩེ་གདུང་དང་ལྡན་པའི་གྲོགས་དབུས་ནས། །གཅིག་པུ་རུ་འགྲོ་བ་འདི་ཤིན་ཏུ་འཚེར། །རྒྱུས་མེད་ཀྱི་བར་དོ་ལམ་འཕྲང་དོག །ལས་ངན་གྱི་འཁྲུལ་སྣང་ཆུ་ལྟར་འཁྲུགས། །འཇིག་སྐྲག་གི་སྡུག་བསྔལ་ཡ་ང་བ། །མངོན་སུམ་དུ་ཤར་ཚེ་ཅི་ཙུག་བྱེ ད། །འདི་ནང་གི་དགའ་སྐྱིད་འཛོམ་པ་དང༌། །སྒྱུ་ལུས་ཀྱི་ཁང་སྟོང་ཤུལ་དུ་བཞག །རྣམ་ཤེས་དེ་བྱ་སྤུ་རླུང་ཁྱེར་བཞིན། །དོན་མེད་དུ་འཁྱམ་པ་འདི་སེམས་ཀྱི་གཅོང༌། །ལས་ངན་གྱིས་ཉིང་མཚམས་སྦྱར་བའི་ཚེ། །ལྗན་ལྗིན་གྱི་མི་གཙང་དང་འདྲེས་ནས། །མུན་ཁྲོད་ཀྱི་མངལ་ནང་དྲི་ང་བར། །འདུག་ཚུལ་འདི་བསམས་ན་སྙིང་རླུང་ལྡང༌། །མངལ་གྲིབ་ཀྱིས་དམ་ཆོས་བག་ཆགས་བརྗེད། །རབ་རྨོངས་ཀྱི་བྱིས་པའི་གནས་སྐབས་གྱུར། །བླང་དོར་གྱི་གནས་ལ་ལྐུགས་པ་འདྲ། །སྤྱོད་ཚུལ་དེ་དྲན་པས་ཤེས་པ་འཕྱོ། །གཞོན་ནུ་དང་ལང་ཚོ་དར་བའི་དུས། །སྡིག་གྲོགས་དང་དུག་གསུམ་ཤུགས་དྲག་གིས། །བསླད་ནས་ཀྱང་ངན་འགྲོའི་སྡུག་བསྔལ་རྒྱུ། །བག་མེད་དུ་སྒྲུབ་ན་ཅི་རང་དྲག །གཏིང་ཟབ་ཀྱི་འཁོར་བའི་ཁྲོན་པ་འདིར། །ལེགས་ཉེས་ཀྱི་མཐོ་དམན་སྣ་ཚོགས་པའི། །བདེ་སྡུག་གི་གན་བུན་མང་པོ་ཞིག །མགལ་མེ་ལྟར་འཁོར་བ་འདི་ཡིད་རབ་སྐྱོ། །འཁོར་བ་ན་སྐྱིད་སྡུག་ཅི་ཡོད་རྣམས། །ཐོག་མེད་ནས་ཐ་མ་ད་ལྟའི་བར། །ཡང་ཡང་རང་ཉམས་སུ་མྱོང་ལགས་ན། །དེ་ཀ་ཙམ་ཚིམ་མམ་སུན་རེ་རན། །དྲེད་པོ་ཁྱོད་རང་ལ་སྙིང་རྗེས་ལྟོ ས། །སྐྱིད་སྡུག་གི་འདམ་ཀ་ད་རེས་བྱུང༌། །རང་ཉིད་ལ་རང་གི་གཉེར་བབས་པས། །ཇི་ལྟར་བྱ་རང་གི་སེམས་ལ་དྲིས། །སེམས་ཉིད་ཀྱི་དངུལ་དཀར་མེ་ལོང་ལ། །འཁོར་བ་འདིའི་སྣང་ཚུལ་ཤར་བའི་ཚེ། །བབ་ཅོམ་གྱི་ཚིག་ཕྲེང་ཡི་གེའི་གཟུགས། །འགོད་པ་པོ་བློ་བཟང་ཆོས་རྒྱན་ཡིན། །ཞེས་སོ། །
དུས་དེའི་ཚེ་ལུང་བསྟན་མཁན་པོ་མང་པོ་ཞིག་གིས་སྐུ་ཚེའི་བར་ཆད་ཆེ་བས་ཚེ་སྒྲུབ་མཛད་དགོས་སོ་ཞེས་བསྐུལ་བ་ན་ཆོས་བརྒྱད་འགོ་སྙོམས་ཀྱི་གསུང་འདི་ལྟར་བྱོན་ཏེ། རྗེ་གསུམ་ལྡན་བླ་མ་རྡོ་རྗེ་འཛིན། །མི་བདག་སྙིང་པདྨོའི་དབུས་བཞུགས་ལ། །དགྲ་ཆོས་བརྒྱད་སྣང་ཞེན་བཀྲག་པོ་ཆེ། །འདི་རྩད་ནས་ཐོན་པར་བྱིན་གྱིས་རློབས། །ཚེ་རིང་དུ་གནས་ན་རྣམ་དཀར་གྱི། །ལམ་བཟང་པོ་སྒྲུབ་པོ་ཤི་ཡང་བདེ། །ལས་བག་ཆགས་བཟང་པོའི་ངང་དུ་འཆི། །ཨ་ལ་ལ་གསོན་ཤི་སེམས་ལ་སྙོམས། །ཚེ་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །དཔལ་ཕུན་ཚོགས་འབྱོར་ན་མཆོད་སྦྱི་གྱིས། །ཚོགས་གསོག་གོ་དབུལ་པོར་གྱུར་ཀྱང་སླ། །ཆུད་ཟོས་དོགས་སེར་སྣའི་སྡུག་བསྔལ་མེད། །ཨ་ལ་ལ་འབྱོ ར་རྒྱུད་སེམས་ལ་སྙོམས། །ནོར་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཡོངས་ཀུན་གྱིས་བསྟོད་ཅིང་སྙན་གྲགས་ན། །ཡིད་མི་བདེ་མེད་དོ་སྨད་ཀྱང་སླ། །སྒྲ་གྲག་སྟོང་སྒྱུ་མའི་བསླུ་བྲི ད་ཡིན། །ཨ་ལ་ལ་བསྟོད་སྨད་སེམས་ལ་སྙོམས། །སྙན་གྲགས་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ད་ལུས་སེམས་བདེ་བ་དཀོན་མཆོག་གི །དྲིན་ཡིན་ནོ་སྡུག་བསྔལ་གྱུར་ཀྱང་སླ། །ཡིད་ངེས་འབྱུང་སྙིང་རྗེ་ངང་གིས་འཕེལ། །ཨ་ལ་ལ་བདེ་སྡུག་སེམས་ལ་སྙོམས། །སྐྱིད་འདོད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །སྲོག་འཚོ་འཆི་འབྱོར་རྒུད་བདེ་སྡུག་དང༌། །ཡོངས་བསྟོད་སྨན་སྙན་དང་མི་སྙན་སོགས། །གང་བྱུང་ཡང་བླ་མའི་བྱི ན་རླབས་ཡིན། །ཨ་ལ་ལ་ཅི་བྱས་གློ་བ་དགའ། །རེ་དོགས་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །དཔལ་ཞི་བ་ལྷ་དང་མར་མེ་མཛད། །རྗེ་རྒྱལ་བ་གཉིས་པ་ལས་འོངས་པ། །དུག་བདུད་རྩིར་བསྒྱུར་པའི་གདམས་པ་ཡིས། །ཨ་ལ་ལ་ལྟས་ངན་གཡང་དུ་ལེན། །རྐྱེན་ངན་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་པ་དང་ཡང་དོན་དམ་པའི་དབང་དུ་མཛད་ནས།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕ་རྒྱ་ཆེན་སྤྲོས་པ་ཀུན་མཁྱེན་ཀྱང༌། །དབྱིངས་སྤྲོས་བྲལ་ངང་དུ་རྟག་གཟིམ་པ། །རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས། །འབངས་བདག་ཅག་ད་དུང་ཐུགས་རྗེས་སྐྱོངས། །སྔོན་ཐོག་མ་མེད་ནས་ད་ལྟའི་བར། །གདོན་རང་གི་སྙིང་ལ་གནས་བཅས་ནས། །ཡུལ་བདག་མེད་ཅིག་ལ་བདག་ཏུ་བཟུང༌། །འཕྲལ་ཕན་པའི་ཟོལ་གྱིས་བསླུས་བྱས་ཏེ། །ད་དམྱལ་བར་བསྲེགས་པའང་བགྲང་ལས་འདས། །དུས་དེ་རིང་བླ་མའི་བཀའ་དྲིན་གྱིས། །དགྲ་བདག་འཛིན་འགོང་པོའི་མཚང་རིག་པས། །སེམས་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང༌། །བུ་རང་བྱུང་རིག་པའི་གཞོན་ནུ་དང༌། །ཡུལ་འོད་གསལ་ཆོས་དབྱིངས་མཛེས་མ་མཇལ། །དབྱིངས་རིག་པ་དབྱེར་མེད་ཐབས་ཤེས་འབྲེལ། །འདི་འདུ་འབྲལ་མེད་པའི་གྲོགས་སུ་བཟང༌། །ཡེ་གདོད་ནས་ཅིར་ཡང་མ་གྲུབ་པས། །ཡུལ་བདག་མེད་རྟོགས་པའི་ངེས་ཤེས་ཀྱིས། །ལས་རྒྱུ་འབྲས་བསླུ་བ་མེད་པར་རྟོགས། །ད་ཆད་པའི་གཡང་ལ་ཉམ་ང་མེད། །ཡང་རྟེན་ནས་འབྱུང་བའི་ཆོས་རྣམས་ཀུན། །སྣང་ཙམ་གྱིས་སྒྱུ་མའི་རོལ་པར་མཐོང༌། །དེ་མཐོང་བས་ཨ་འཐས་འཆིང་བ་ཞིག །དོན་དེ་ཕྱིར་རྟག་པའི་མཐའ་ལས་གྲོལ། །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ། །ཡུལ་གང་ཤར་བརྫུན་པའི་རྒྱས་ཐེབས་པས། ཁོང་བདེན་པར་འཛིན་པའི་ཆོམ་རྐུན་པ། །གཞི་སྐྱེ་མེད་གདོད་མའི་དབྱིངས་སུ་བྲོས། །ལར་འཁོར་འདས་ཆོས་རྣམས་མ་ལུས་པ། །མིང་བཏགས་ཡོད་ཙམ་གྱི་རོལ་པ་ལས། །དབྱིངས་ངོ་བོ་ཅིར་ཡང་མ་མཆིས་པས། །ད་སྐྱེ་འཆི་གཉིས་ལ་ཡ་ང་མེད། །སྔར་དལ་མེད་འཁྱམས་པའི་ངལ་གསོའི་གནས། །ཆོས་སྟོང་ཉིད་བདུད་རྩིའི་སྙིང་པོ་རྙེད། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །ང་བློ་བཟང་རྒྱལ་བ་གཉིས་པའི་བུ། །ལམ་ཕྱག་རྒྱ་ཆེན་པོའི་རོལ་རྩེད་ཀྱིས། །ཆོས་ལྟ་བའི་གླུ་དབྱངས་འདི་བཞིན་ལེན། །གྲོགས་ཐར་འདོད་ཀུན་ཀྱང་འདི་ལྟར་མཛོད། ཅེས་མཛད་དེ་ལུང་བསྟན་མཁན་པོ་དེ་དག་ལ་བསྐུར་བར་མཛད་དོ། །
དེ་ནས་དད་ལྡན་མང་པོས་བསྐུལ་བ་ལྟར་འབྲིང་མཚམས་དང་གཅེན་ལུང་དུ་ཕེབས་ཏེ་དེ་དང་དེ་ན་གནས་པའི་གདུལ་བྱ་རྣམས་ལ་ཐར་པའི་ས་བོན་བཞག དེ་ནས་ཟར་དུ་ཕེབས་ཏེ་བྱང་ཕུག་གི་ཇོ་བོ་མཇལ། མཆོད་འབུལ། སྨོན་ལམ་མཛད། གནས་དེར་སྐྱོ་ཤས་ཆེན་པོས་གདུང་དབྱངས་འདི་ལྟར་མཛད། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐུ་གསུམ་གྱི་གོ་འཕང་མཆོག་བརྙེས་ཀྱང༌། །གཞན་སྣང་དུ་ཐ་མལ་དགེ་སློང་ཚུལ། །སངས་རྒྱས་ཀྱི་ཡེ་ཤེས་བློ་བཟང་གྲགས། །བདག་སྙིང་གི་པདྨོའི་དབུས་བཞུགས་ལ། །ངུར་སྨྲིག་གིས་ཕྱི་ཚུལ་མཛེས་ལགས་ཀྱང༌། །དུག་གསུམ་གྱི་ཆང་གིས་ཆེར་མྱོས་པས། །སེང་ལྤགས་ཀྱིས་གཡོགས་པའི་ཝ་སྐྱེས་འདྲའི། །སྙིང་རུལ་གྱི་བུ་ལ་བརྩེ་བས་གཟིགས། །དུག་ལྔ་ཡི་ཉོན་མོངས་མཚང་རིག་ཀྱང༌། །ངན་གོམས་ཀྱི་བག་ཆགས་ཤུགས་དྲག་ཅིང༌། །གདོང་མདོག་གི་གཉེན་པོ་ངར་ཆུང་བས། །མནར་མེད་ཀྱི་མེ་ནང་སྲེག་ཉེན་གདའོ། །དག་སྣང་གིས་རྒྱས་ཁམས་སྐོར་འདོད་ཀྱང༌། །ཀུན་སློང་གི་ལ་ཆུ་འཕྲང་དོག་པས། །ཕྲག་དོག་དང་འཁོན་འཛིན་ཟེར་མགོ་རྣོ། །ཆོས་སྤོང་གི་གཡངས་སུ་ལྷུང་ཉེན་གདའོ། །ཆོས་བཤད་ཀྱིས་གཞན་སེམས་བསྒྱུར་མཁས་ཀྱང༌། །རང་རྒྱུད་ཀྱི་ཀོ་སྐམ་གྱོང་པོར་ལུས། །གླུ་མཁན་དང་ནེ་ཙོའི་ཆོས་བཤད་བཞིན། །ཆོས་རྒྱུས་མཁན་ཆོས་ཀྱིས་ཕོངས་ཉེན་གདའོ། །ཟབ་དོན་གྱི་ཉམས་ལེན་བྱེད་འདོད་ཀྱང༌། །རྙེད་གྲགས་ཀྱིས་མི་མགོ་བསྐོར་ཕྱིར་དུ། །ཆོས་ཆུང་གི་རྣམ་གྲངས་གསོག་གསོག་ནས། །ཀུན་ཤེས་ཀྱི་གཅིག་རྡུགས་བྱུང་གཉེན་གདའོ། །སྐྱོ་ཤས་དང་ངེས་འབྱུང་བསྒོམས་ལེགས་ཀྱང༌། །རྟག་འཛིན་གྱི་གདོན་ཆེན་ཐུགས་གསོལ་བས། །ཕྱི་ནང་དངོས་ལ་ཤི་སྤར་འཐམས། །གསུང་ཚུལ་དང་རྣམ་ཐར་འགལ་ཉེན་གདའོ། །ཐེག་ཆེན་གྱི་ལམ་དུ་ཞུགས་རློམས་ཀྱང༌། །རང་འདོད་ཀྱི་གཤེད་མ་བུར་རྫུས་པས། །ཆགས་སྡང་གི་ཕྱོགས་རིས་སུ་བས་ཆེ། །འགྲོ་དྲུག་གི་ཕ་མ་བསླུས་ཉེན་གདའོ། །བདེན་མེད་ཀྱི་རང་ཞལ་བལྟས་བལྟས་ཀྱང༌། །མཉམ་གཞག་གི་གོམས་པ་འདྲེས་ཆུང་བས། །བདེན་སྣང་གི་འཛིན་པ་སྦྲིང་སྦྲིང་ཤར། །དྲན་ཤེས་ཀྱི་སོ་བ་ཡེངས་ཉེན་གདའོ། །ཞེས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
