པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅུ་གཅིག་པ།
ཡང་དེ་དུས་ངེས་དོན་ཟབ་མོའི་ཉམས་བཞེས་ལ་བརྩོན་པར་མཛད་པས་གཞུང་ཆེན་མོ་རྣམས་དང་མཐུན་པའི་མཉམ་གཞག་དང་རྗེས་ཐོབ་ཀྱི་རྣལ་འབྱོར་གཉིས་ཀ་ལ་ཐུགས་བཀོལ་དུ་བཏུབ་པ་བྱུང་ནས་འདི་ཁའི་རྒྱུད་བསྐྱང་རྒྱུ་བྱུང་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལ་དཀའ་ན་མི་ཡོང་བ་འདུག་སྙམ་པ་ཐུགས་ལ་ཤར་ཞིང་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེམས་པའི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྟེན་འབྱུང་ཟབ་མོའི་ཚུལ་ལ་ཐུགས་ངེས་ཁྱད་པར་ཅན་ཐོབ་ནས་ལྟ་བའི་མགུར། དབྱངས་འདི་ལྟར་མཛད་དེ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དབྱིངས་བརྗོད་བྲལ་ལྷན་སྐྱེས་བདེ་བ་ཆེ། །དོན་ཅིར་ཡང་འཆར་བའི་སྒྱུ་འཕྲུལ་མཁན། །ཕ་རྡོ་རྗེ་འཆང་དབང་བླ་མའི་ཞབས། །དགྲ་སྲིད་པའི་འཇིགས་འཕྲོག་དེ་ལ་འདུད། །དུས་དེ་རིང་ཉམས་ཀྱི་སྣང་བ་ལ། །སྤྱིར་འགའ་མེད་འགལ་ལྟར་སྣང་བའི། །ཡིད་ངོ་མཚར་རི་མོ་སྣ་ཚོགས་ཤར། །ཆ་ཙམ་ཞིག་འཕགས་པའི་དབྱངས་སུ་བསྡེབས། །ཡུལ་གང་ཤར་ངོ་ལ་ཕར་བལྟས་པས། །ཁོ་རང་ཚུགས་མ་ཐུབ་བརྫུན་ཁུང་རིག །དེ་རིག་པས་བདེན་པའི་རང་ཞལ་བསྟན། །སེམས་གཅེར་བུ་སྟོང་ཉིད་གོས་ཀྱིས་ཀླུབས། །ཆོས་ཀུན་བྱང་དབྱེ་བ་ཐ་དད་རྣམས། །དབྱིངས་དོན་དམ་ངང་དུ་དབྱེར་མེད་འདྲེས། །ལམ་དགག་བསྒྲུབ་བྲལ་ཡང་མཛད་པའི་བློས། །ལས་དགེ་སྡིག་བླང་དོར་བྱ་རུ་བྱུང༌། །ངས་དང་པོར་ངར་འཛིན་དགྲར་བལྟས་ཏེ། །ལུང་རིགས་པའི་མཚོན་རྣོན་སྙིང་ལ་བསྣུན། །ད་དམིགས་མེད་ཡངས་པའི་མེ་ལོང་ལ། །ཡང་ང་ཞིག་བལྟར་མེད་ཚུལ་དུ་བལྟ། །ཆོས་ཇི་སྙེད་བལྟས་པས་གཞི་རྩ་བྲལ། །ཡུལ་ཆོས་ཉིད་བལྟས་པས་ཅིར་ཡང་སྣང༌། །དོན་སྣང་སྟོང་ཟུང་འཇུག་ཡངས་པའི་ལམ། །ལམ་འདི་འདྲའི་ཞགས་པས་ཆོས་ཀུན་བཅིངས། །གཅིག་ཐ་དད་སྤངས་ཀྱང་རོ་གཅིག་ལ། །ཡང་གཅིག་ཀྱང་དུ་མའི་རོལ་བར་བཤད། །དཔེས་མཚོན་ཀྱང་མཚོན་པར་མི་ནུས་པའི། །ངག་བརྗོད་བྲལ་དོན་འདི་བརྗོད་སྙིང་འདོད། །གཞི་འཁོར་བ་སྤང་བྱར་མ་དམིགས་ཤིང༌། །ལམ་ཐར་པ་ཐོབ་ཏུ་མ་མཆིས་ཀྱང༌། །མ་འགྲོ་བའི་སྡུག་བསྔར་མ་བཟོད་པས། །མཆོག་སྐུ་གསུམ་མྱུར་དུ་ཐོབ་པར་ཤོག །ཅེས་སོ། །
དེ་ལྟ་བུའི་ཚུལ་གྱིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྣང་ཚུལ་དང་གནས་ཚུལ་འཁྲུལ་མེད་དུ་གཟིགས་ཤིང༌། སྣང་ཚུལ་ལ་གཟིགས་པས་སེམས་ཅན་རྣམས་ལ་སྙིང་རྗེ་རྩོལ་མེད་དུ་སྐྱེ་བ་དང༌། ཆོས་རྣམས་ཀྱི་གནས་ལུགས་རྟོགས་པའི་དབང་གིས་སྤྲོ་བ་ཡང་ངང་གིས་འཕེལ་བ་ཞིག་བྱུང་བས་རྐྱེན་བྱས་མགུར་དབྱངས་འདི་ལྟར་མཛད་དེ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འགག་མེད་དུ་སྣང་བ་ཆོས་ཀྱི་དབྱིངས། །བདེན་སྟོང་དུ་འཆར་བ་སེམས་ཀྱི་རྒྱུན། །དབྱེར་མེད་དུ་འདྲེས་པའི་རོ་གཅིག་པ། །སེམས་པ་དེ་སེམས་ཀྱི་རྡོ་རྗེར་སོང༌། །སྲེད་ལྡན་གྱི་མ་རྒན་སེམས་ཅན་རྣམས། །འདོད་ཡོན་ལ་སྲེད་པའི་ཞགས་པས་བཅིངས། །ཐར་མེད་ཀྱི་བཙོན་ཁང་ར་བར་བཅུག །སྡུག་བསྔལ་གྱི་ཚོར་བ་དྲག་པོས་མནར། །བདག་འཛིན་གྱི་འགོང་པོ་སྙིང་ཞུགས་པས། །ལྟོས་མེད་ཀྱི་བདག་གཅིག་གཅེས་པར་བཟུང༌། །དེ་ཉིད་ལ་དམིགས་ནས་རྟག་ཆད་སོགས། །ལྟ་ངན་གྱི་འདྲེ་གདོན་མང་པོས་གཙེས། །ཆགས་སྡང་ཀྱི་ཚ་གྲང་ནད་མང་འཁྲུགས། །ལས་ངན་གྱི་འཁྲུ་སྐྱུགས་ཁྲག་ཏུ་འབབ། །དགེ་ལེགས་ཀྱི་ཚེ་སྲོ ག་ཡང་ཡང་འགག །ཡང་སྲིད་དུ་སྡུག་བསྔལ་ཕུང་ཆེན་གྲུབ། །སྣང་ཚུལ་འདི་མཐོང་བས་མཆི་མ་ཤོར། །སྙིང་རེ་རྗེ་ཉམ་ཐག་འཇིགས་ཤིང་སྐྱོ། །གནས་ཚུལ་འདི་མཐོང་བས་གད་མོ་ཤོར། །ཉམས་རེ་དགའ་གཏིང་ནས་ཞེ་བློ་བདེ། །མོ་གཤམ་གྱི་བུ་མོའི་མཛེས་སྡུག་ལ། །ཆགས་སྡང་གིས་བསླད་པའི་འདུ་བྱེད་ཀྱིས། །བདེ་སྡུག་གིས་གཉེན་པའི་སྐྱེ་བོ་ལ། །ཤེས་ལྡན་གྱི་གྲོགས་རྣམས་ཇི་ལྟར་དགོངས། །བརྒྱུད་ལྡན་གྱི་རྗེ་ལ་བློ་ཕུགས་གཏད། །ངེས་དོན་གྱི་གཞུང་མང་ཐོས་བསམ་བྱས། །ཟབ་དོན་གྱིས་སྙིང་གི་ཟེའུ་འབྲུ་གཏམས། །ཟེགས་མ་ཙམ་ཚིག་གི་ལམ་དུ་འཐོར། །ཞེས་སོ། །
དེ་ནས་བཀྲ་ཤིས་ལྷུན་པོའི་དབྱེན་བསྡུམ་མཆོད་རྟེན་གསར་བཞེངས་མཛད་དེ་རབ་གནས་ཀྱི་སྐབས་གྲུབ་ཆེན་ས་ར་ཧ་དང༌། གྲུབ་ཆེན་ཆོས་རྗེ་གཉིས་དངོས་སུ་བྱོན་པ་སོགས་དག་པའི་གཟིགས་སྣང་ངོ་མཚར་རྨད་དུ་བྱུང་བ་མཐའ་ཡས་པ་བྱུང་སྣང་ངོ༌། །དེ་ནས་སྡེ་པ་ཐོན་པ་སོགས་དད་ལྡན་མང་པོས་གདན་དྲངས་ནས་ཐོན་ཕྱོགས་སུ་ཕེབས་ཏེ་སྐྱ་སེར་བགྲང་བ་ལས་འདས་པ་ལ་ཆོས་ཀྱི་བདུད་རྩི་སྩལ་ཏེ་མཐོ་རིས་དང་ཐར་པའི་ས་བོན་འདེབས་པར་མཛད། དེ་ནས་ཤངས་མདོ་རི་བོ་དགེ་འཕེལ་བ་མཆོད་ཡོན་རྣམས་ཀྱིས་ཀུན་མཁྱེན་ཤེས་རབ་དཔལ་བཟང་གི་གདན་སར་ཕེབས་དགོས་ཚུལ་ནན་གྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་ལྔ་མཆོད་ཆེན་མོའི་དུས་དགེ་འཕེལ་དུ་ཕེབས། ཚོགས་པ་ལ་བདེ་གཤེགས་བདུན་གྱི་རྗེས་གནང་དང༌། མདོ་མཆོག་གི་ལུང་སོགས་ཉེར་མཁོའི་ཆོས་ཀྱི་ཆར་ཕབ་སླར་བཀྲ་ཤིས་ལྷུན་པོར་ཕེབས་ནས། ཞི་བའི་ལོའི་དགུན་ཆོས་དུས་སུ་ནུབ་གཅིག་མནལ་ལམ་དུ་དགེ་སློང་རྣམ་སྦྱར་དམར་སེར་གསོལ་ཅིང༌། རིགས་ལྔས་དབུ་བརྒྱན་པ། ཕྱག་ན་པོ་ཏི་ན་བཟའ་ལེགས་པ་དུ་མ་དང་སྐུ་རགས་མཛེས་པར་བཅིངས་པ་བསྣམས་པ་ཞིག་གིས་གླེགས་བམ་དེ་རྗེ་རང་ཉིད་ཀྱི་ཕྱག་ཏུ་གཏད་ནས། འདི་སྔོན་བྲིས་ཟིན་ཏེ་ད་བར་རབ་ཏུ་གནས་པ་མ་གྲུབ་པས། ད་ལམ་ཁྱོད་ཀྱིས་ཞལ་ཕྱེ་ལ་རབ་གནས་ཤིག་གྱིས་གསུང༌། གླེགས་བམ་དེ་ཕྱག་ཏུ་བཞེས་ནས་སྐུ་རགས་བཀྲོལ་ཏེ་གཟིགས་པ་ན་འདུས་པའི་རྩ་རྒྱུད་མཐིང་ཤོག་ལ་གསེར་གྱི་བྲིས་པ་ཤིན་ཏུ་ལེགས་པ་ཞིག་འདུག་པས། རབ་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། །ཞེས་རྗེ་རང་ཉིད་ཀྱིས་འདོན་པར་མཛད་པ་ན་འདི་ནས་བྱུང་མེད་པར་ངོ་མཁྱེན་པ་དང་མི་མཁྱེན་པའི་ཚོགས་པ་ཆེན་པོ་ཞིག་འདུས་ནས་ས་གཡོ་བ་ཙམ་གྱི་རམ་བཏེག་སྟེ་འདུས་པའི་ཤེས་བརྗོད་ཡོངས་རྫོགས་འདོན་པར་མཛད་པ་ཞིག་གསལ་བར་བྱུང༌། དེའི་སང་ཉིན་དཀའ་བཅུ་རབ་འབྱམས་པ་བཞི་ལྔ་ཙམ་གྱིས་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་བཤད་རྒྱས་པ་གཅིག་ཁྱེར་ནས་འདིའི་སྟེང་ནས་ཆོས་ཐུན་རེ་ཅེས་ཀྱང་ཞུ་ཞེས་གསོལ་བ་བཏབ་པ་དང༌།མདང་གི་མནལ་ལམ་གྱིས་རྐྱེན་བྱས་ཊཱིཀྐའི་འཛིན་ཆོས་དང༌། འགྲེལ་པ་བཞི་སྦྲགས་ཀྱི་བཤད་རྒྱས་པ་རེ་སྩལ། དེ་དུས་དགེ་བཤེས་དེ་དག་ལ་ཟླ་བ་གཅིག་གཉིས་ཙམ་ལའང་རྡོ་རྗེ་ཐེག་པའི་ལམ་གྱི་རྣམ་བཞག་ཆགས་པ་བྱུང་ངོ༌། །བཀྲ་ཤིས་ལྷུན་པོའི་རྒྱུད་གྲྭ་གསར་འཛུགས་མཛད་པ་འདི་ལ་ནི་རྗེ་རང་ཉིད་ཀྱང་ཐུགས་ཤིན་ཏུ་དགྱེས་པ་བྱུང་སྟེ་རྗེ་རང་ཉིད་ཀྱི་ཞལ་ནས་སྔར་གྱི་རྨི་ལྟས་དེ་ཡང་རྒྱུད་གྲྭ་འདི་ཉིད་ཚུགས་པའི་ལྟས་དང༌། ཕྱིའི་མཆོད་རྟེན་གྱི་ས་ཆོག་དེ་ཡང་བསམ་གཞིགས་མེད་པར་དཔལ་གསང་བ་འདུས་པའི་སྒོ་ནས་བྱེ ད་པར་ཤར་སོང་བ་ཡང་དེ་ཁའི་རྟེ ན་འབྲེ ལ་འདུག །རྒྱུ་མཚན་དེ་དག་གི་ཕྱིར་བདག་ཉིད་ཀྱིས་ཀྱང་ཐོག་མཐའ་བར་གསུམ་དུ་ཆོས་དང་ཆོས་ལྡན་གྱི་སྒོ་ནས་སྨན་གྱི་ལྗོན་ཤིང་ལྟར་བསྐྱངས་པའི་ལག་རྗེས་མཁས་པས་བསྔགས་པར་འོས་པ་ཞིག་ཡིན་ནོ། །སྙམ་དུ་རློམ་པའང་མཆིས་སོ། །ཞེས་གསུངས།
དེ་ནས་འགལ་བྱེད་ཅེས་པ་ལྕགས་མོ་ཕག་གི་ལོའི་ཆོ་འཕྲུལ་སྨོན་ལམ་གྲོལ་འཕྲལ་བསམ་གྲུབ་དགེ་ལྡན་པ་མཆོད་ཡོན་རྣམས་ཀྱིས་གདན་དྲངས། ལམ་ཞོར་དུ་དངུལ་ཆུ་ཆོས་རྫོང་དུ་ཕེབས། གཟིམ་ཕུག་དང༌། སྐུ་འདྲ་རིན་པོ་ཆེ་མཇལ་བ་མཛད། དེ་སྐབས་རྒྱལ་སྲས་རིན་པོ་ཆེ་དང་དངོས་སུ་མཇལ་ཞིང་བྱིན་གྱིས་བརླབས་པ་ལྟ་བུའི་དད་མོས་དང་དགའ་བ་ཐོབ་ཅིང་སྨོན་ལམ་ཡང་དག་འདེབས་པར་མཛད། དེ་ནས་བསམ་གྲུབ་དགེ་ལྡན་དུ་ཕེབས་ནས་སྤྱི་སྒེར་ཐམས་ཅད་ཀྱིས་བསྙེན་བཀུར་བསམ་གྱིས་མི་ཁྱབ་པས་མཆོད། རྗེ་ཉིད་ནས་ཀྱང་དགེ་འདུན་རྣམས་ལ་མང་འགྱེད་དང་འཇིགས་གསང་གཉིས་ཀྱི་དབང་ཆེན། ཆོས་སྐྱོང་མང་པོའི་རྗེས་གནང་སོགས་ཆོས་རྒྱ་ཆེར་གནང་ཞིང་རབ་བྱུང་བསྙེན་རྫོགས་ཀྱང་མང་དུ་སྩལ། ཕྱོགས་དེའི་སྐྱེ་བོ། བྱིངས་ལ་ཚེ་དབང་གནང༌། དེའི་ཚེ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་ནས་ལམ་བར་གྱི་ཆོས་སྡེ་རྣམས་སུ་རིམ་གྱིས་ཕེབས་ནས་རྟེན་རྣམས་ལ་མཆོད་འབུལ་སྨོན་ལམ་དང་དགེ་འདུན་རྣམས་ལ་སོ་སོའི་འདོད་དང་མཐུན་པའི་ཆོས་མང་དུ་སྩལ་ཏེ་བཀྲ་ཤིས་ལྷུན་པོར་ཕེབས། དེ་ནས་འབྲས་སྤུངས་ནས་གདན་འདྲེན་བྱུང་བ་ལྟར་ཕེབས་ཏེ་རྒྱལ་བ་ཡོན་ཏན་རྒྱ་མཚོ་དང་གཟིམ་ཁང་གོང་སྤྲུལ་པའི་སྐུ་སེ་འབྲས་ཀྱི་བླ་མ་རྣམ་པ་སོགས་ཉི་འོད་འཁྱིལ་དུ་གཤོང་ཙམ་ལ་རྡོ་རྗེ་ཕྲེང་བའི་དབང་རྫོགས་པར་གནང༌། འདི་དག་གི་སྐབས་སུ་ཕྱོགས་སྣ་ཚོགས་སུ་དད་ལྡན་གྱི་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་ཕེབས་པ་ན་གནས་དང་དུས་དང་གང་ཟག་ལ་སོགས་པ་སྐད་ཅིག་ཀྱང་རྟག་པ་མེད་པ་འཕྲལ་འཕྲལ་འགྱུར་འགྲོ་བ་མངོན་སུམ་དུ་གཟིགས་པས་རྐྱེན་བྱས་འབད་རྩོལ་གྱི་གོམས་པ་ལ་མི་ལྟོས་པར། འཁོར་བའི་ཕུན་ཚོགས་ཐམས་ཅད་ནི་རྨི་ལམ་གྱི་དགའ་སྟོན་ནམ། སྒྱུ་མའི་རོལ་རྩེད་ལྟ་བུ་དང༌། འདུས་བྱས་ཀྱི་ངང་ཚུལ་ནི་གློག་གི་ཟློས་གར་རམ། ཆུ་འཛིན་གྱི་འདུ་འགོད་ལྟ་བུ་དང༌།སྙིགས་དུས་ཀྱི་སྐྱེ་བོའི་ཚོ་ནི་ཆུ་ཡི་ཆུ་བུར་རམ། རྩྭ་རྩེའི་ཟིལ་པ་ལྟར་གཟིགས།ཁྱད་པར་རང་ཉིད་ཀྱང་དང་པོ་མངལ་དུ་ཞུགས་པ་ནས་འཆི་བདག་གི་ཁར་ཆུད་ཅིང༌། ཉི་མ་རེ་རེ་བཞིན་ཡང༌། འཆི་རྐྱེན་ཤིན་ཏུ་མང་བས་མི་འཆི་བའི་གདེང་ནི་ཅི་ཡང་མི་འདུག །སྔོན་ཆད་དུས་ཀྱི་ཆད་པ་མ་ཕོག་པའང་ངོ་མཚར་ཆེ།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn