པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-22 22:28:59     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

168526773371505757.jpg 

                    དེ་དང་མཐུན་པར་འཕགས་པའི་དབྱངས་སུ་མཛད་པའང་འདི་ལྟར། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་དཀའ་དུག་གསུམ་གཡུལ་ལས་རྣམ་རྒྱལ་བའི། །དྲང་སྲོང་ཆེན་པོ་དེ་ལ་གུས་འདུད་ཀྱི། །ཉོན་མོངས་འབྲས་དང་ཟུག་རྔུ་འཆི་བདག་ལྟར། །ཀུན་གྱིས་མཐོང་ཞིང་རྟོགས་པར་བྱིན་གྱིས་རློབས། །ཐོག་མེད་གོམས་པའི་རྒྱུན་གྱིས་སྟོབས་ལྡན་ཞིང༌། །ཚུལ་མིན་ཡིད་བྱེད་བསིར་བུས་ཆེར་བསྐྱོད་པས། །སྡིག་སྡུག་གཏམ་ངན་རྦ་ཀློང་རབ་འཁྲུགས་པའི། །ཉོན་མོངས་ཆུ་བོའི་རྒྱུན་འདི་བཅད་པར་དཀའ། །ཐུབ་པས་སྨད་ཅིང་འཕགས་ཚོགས་ཀུན་གྱིས་སྤངས། །བསྟེན་པ་ཙམ་གྱིས་འབད་རྩོལ་མི་དགོས་པར། །རང་གི་ངང་གིས་འཐུར་ནས་འཐུར་འགྲོ་བའི། །ཀྱེ་མ་བཟློག་དཀའི་ཟག་རྒྱུན་ཤུགས་རེ་དྲག །དགའ་མགུའི་ཟོལ་གྱིས་བདག་ཡིད་ཁྲིད་ཁྲིད་ནས། །རིང་པོར་མི་ཐོགས་ཐར་མེད་བཙོན་ཁང་དུ། །བརྒྱ་ཕྲག་སྡུག་བསྔལ་ངུད་མོའི་དཀའ་ཐུབ་དག །སྟེར་བྱེད་ཉོན་མོངས་ལས་གཞན་ཡོད་རེ་སྐན། །གང་ཞིག་རེག་ན་རྡོ་རྗེ་རི་རབ་ཀྱང༌། །ཡུད་ཙམ་ཞིག་གིས་ཐལ་བར་བརླག་འགྱུར་བ། །རབ་ཚ་མན་མེད་འབར་བའི་མེ་ནང་དུ། །བསྲེག་པའི་རྒྱུ་གང་འདི་ལས་གཞན་པ་ཅི། །མཐའ་དང་དབུས་མེད་འཇིགས་རུང་སྐྱེ་གཡའ་བའི། །མི་བཟད་འཁོར་བའི་འབྲོག་དགོན་ཉམ་ང་བར། །སྐྱབས་མེད་མགོན་མེད་ལན་ཅིག་མ་ཡིན་པར། །ཡང་ཡང་ཉིང་མཚམས་སྦྱོར་བའང་ཉོན་མོངས་དབང༌། །བསྟེན་ཅིང་གོམས་ན་དམ་པས་ཁྲེལ་འགྱུར་ཞིང༌། །ཐར་པ་དམ་པའི་དཔལ་དང་གཏན་བྲལ་བྱེད། །བདུད་རྣམས་དགའ་བའི་གཉེན་གྱུར་ཉོན་མོངས་ཚོགས། །འདི་ལ་ཤེས་ལྡན་སུ་ཞིག་དགྲར་མི་ལྟ། །དེ་བཞིན་སྡིག་ཚོགས་མཐའ་དག་འབོད་པའི་གྲོགས། །མཐའ་བྲལ་སྲིད་པའི་རྒྱ་མཚོར་འཇུག་པའི་རྒྱུན། །ངན་སོང་གསུམ་དུ་འགྲོ་བའི་སྒོ་མོ་ཆེ། །འདི་ཀོ་ཐབས་ཚུལ་སྟོང་གིས་འགེགས་པའི་རིགས། །ཚེ་འདིའི་ལུས་སྲོག་ལན་ཅིག་མ་ཡིན་པར། །ལན་བརྒྱ་སྟོང་དུ་འཇོམས་བྱེད་གང་གིས་ཀྱང༌། །དཔེར་འོས་མིན་པའི་ཉོན་མོངས་དགྲ་བོ་ལ། །ཡིད་རབ་རྟོན་པ་དེ་དག་ཕྱུགས་ལས་ཕྱུགས། །དེ་ཕྱིར་ཁམས་གསུམ་རྒུད་པའི་འཆིང་བ་ལས། །རྣམ་གྲོལ་འཆི་མེད་བདུད་རྩིའི་དཔལ་ཐོབ་སྟེ། །བདེ་དགའ་རྒྱ་མཚོར་འཇུག་འདོད་མཁས་པ་དག །དུག་གསུམ་གཡུལ་ལས་རྒྱལ་བའི་དགྲ་ཐབས་སྟེན། །རིགས་ཚུལ་འབུམ་ཕྲག་རྣོ་བའི་ངར་ལྡན་པ། །སྟོབས་ལྡན་གཉེན་པོའི་རལ་གྲི་རབ་འབར་བས། །བཟློ ག་དཀའི་ཉོན་མོངས་དགྲ་ཚོགས་སྲོག་འཕྲོག་པ། །ཨེ་མ་འདི་དག་མཁས་པ་རྣམས་ཀྱིས་བསྔགས། །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །ལྷ་སོགས་འགྲོ་བ་མ་ལུས་དགྲར་ལངས་ཏེ། །སྲོག་དང་འཚོ་བ་ཡང་ཡང་ཕྲལ་གྱུར་ཀྱང༌། །ཅུང་ཟད་སྡང་དང་ཁྲོ་བར་མ་གྱུར་ཅིག །དེ་བཞིན་ཡིད་འཕྲོག་ཕྱི་ནང་དངོས་པའི་ཚོགས། །དགའ་བསྐྱེད་ཡུལ་བརྒྱ་དག་གིས་ཀུན་བསྐོར་ཀྱང༌། །མི་རྟག་མི་གཙང་སྒྱུ་མ་ལྟར་མཐོང་ནས། །རྨི་ལམ་དུ་ཡང་ཆགས་པར་མ་གྱུར་ཅིག །འཇིག་རྟེན་འཇིག་རྟེན་འདས་པའི་ལམ་བཟང་ལ། །ཀུན་ནས་འཐོམས་པའི་མུན་ནག་མི་བཟད་པ། །ཐོས་བསམ་སྒོམ་པའི་ཤེས་རབ་སྒྲོན་འབར་བས། །ནམ་ཡང་རྨོངས་པས་གོས་པར་མ་གྱུར་ཅིག །ཅེས་སོ། །

                   དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་གཙང་ཕྱོགས་སུ་ཕེབས་པ་བཀྲ་ཤིས་ལྷུན་པོར་གདན་འདྲེན་པའི་ཞལ་བཀོད་མཛད་སྤྲེའུ་ཞེས་པ་མེ་ལུག་ཟླ་བ་དྲུག་པའི་ཡར་ཚེས་ལ་ཆོས་གྲྭ་ཆེན་པོའི་མཁན་སློབ་རྣམས་ཀྱིས་གཙོ་མཛད་གཟབ་འཕྱོར་གྱི་རྟ་པ་བརྒྱ་ཕྲག་བརྒལ་བ་ཕེབས་བསུར་བྱོན་ཆུ་ཤར་དུ་ཡབ་སྲས་ཞལ་མཇལ་སྐབས། ལྷའི་རྔ་བོ་ཆེའི་སྒྲ་ལྟ་བུའི་སྒྲ་བསྒྲགས་ཤིང་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཆེན་པོ་ལེགས་པར་ཕབ་པ་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་དགེ་འདུན་སུམ་སྟོང་ལྷག་པའི་སེར་སྤྲེང་དང་བཅས་དགེ་མཚན་ཕུན་སུམ་ཚོགས་པ་དང་ལྡན་པས་ཆོས་གྲྭ་ཆེན་པོར་ཕེབས། ཟླ་བ་ཕྱེད་གཉིས་ལྷག་ཙམ་བཞུགས། རྗེ་འདི་བས་ཟང་ཟིང་གི་དངོས་འབུལ་སྤམ་མཐོ་བ་དང༌། ཟབ་ཆོས་ཀྱི་རིམ་པ་ཅི་རིགས་པའང་ཕུལ་ནས་ཐུགས་མཉེས་པར་མཛད་དེ་གངས་ཅན་ཆོས་འཕེལ་གྱི་བར་ཕེབས་སྐྱེལ་དུ་བྱོན། སླར་བཀྲ་ཤིས་ལྷུན་པོར་ཕེབས་ནས་དགག་དབྱེ་གྲོལ་འཕྲལ་སྐུ་མཚམས་ལ་བཞུགས། དེའི་ཚེ་ཐུགས་ལ་ཆོས་ལྡན་གྱི་བྱ་བ་ཡིན་ཡང་ཟ་ཟིར་གྱི་རྣམ་པར་གཡེང་བ་ཤིན་ཏུ་ཆེ་བ་འཁྲུལ་པའི་བྱ་བྱེད་དེ་དག་ཐམས་ཅད་ནི་སྙིང་པོ་མེད་པ་སྒྱུ་མ་དང་སྨིག་རྒྱུའི་ཕུང་པོ་ལྟ་བུ་ཀུན་རྫོབ་ཀྱི་གནས་ཚུལ་རྗེན་ཆེར་གྱིས་འཆར་པ་དང༌། དེའི་མཐུས་བདེན་སྟོང་གི་དོན་སྤྱི་ཐུགས་ལ་ལམ་ལམ་ཤར་བ་བཞིན་འདི་ལྟར་གསུངས་ཏེ།

                    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐུ་མཐོང་བས་དོན་ལྡན་གཟི་འོད་འབར། །གསུང་ཡན་ལག་དྲུག་ཅུའི་དབྱངས་སྙན་སྒྲོག །ཐུགས་སྲིད་ཞི་ལས་འདས་མཁྱེན་བརྩེའི་གཏེར། །རྗེ་རྡོ་རྗེ་འཆང་ཞབས་པདྨོ་འདུད། །གདོན་དངོས་འཛིན་འཁྲུལ་པས་ཡིད་བསྐྱོད་ནས། །སྒྲོ་ཕྱིན་ཅི་ལོག་ཏུ་བཏགས་ཤིང་ཞེན། །དེའི་མཐུ་ལས་བདག་གཞན་རིས་སུ་བཅད། །ལས་ཉོན་མོངས་དབང་གིས་འཁོར་བར་འཁྱམས། །དེ་ཡིན་ལུགས་རྟོགས་བའི་མཚོན་རྣོན་གྱིས། །དགྲ་བདག་འཛིན་སྲོག་དང་མ་ཕྲལ་ན། །གནས་འཇིགས་རུང་སྲིད་པའི་རྒྱ་མཚོ་འདིར། །ཡང་སྡུག་བསྔལ་འཁོར་ལོ་རྒྱུན་མི་འཆད། །བློ་མ་རིག་སྒྱུ་མའི་འཁྲུལ་འཁོར་འདིའི། །ཡུལ་གདོད་ནས་སྐྱེ་བ་མེད་མཐོང་བས། །ཕྱི་གཟུང་འཛིན་སྤྲོས་པ་དབྱིངས་སུ་ཐིམ། །དཔེ་ཆབ་རོམ་རྒྱ་མཚོའི་གྲོང་དུ་བཞིན། །ཆོས་ཀུན་གྱི་གནས་ལུགས་གདོད་མའི་གཤིས། །དོན་དབྱེར་མེད་སྤྲོས་པ་ཀུན་དང་བྲལ། །དཔེས་མཚོན་དུ་མེད་པའི་རང་བཞིན་གྱི། །དབྱིངས་འདི་འདྲའི་རང་ཞལ་བལྟས་པའི་ཚེ། །རྗེ་སངས་རྒྱས་ཆོས་དང་དགེ་འདུན་གྱི། །མཚན་ཙམ་ཡང་དམིགས་སུ་མ་མཆིས་ན། །སེམས་མ་རིག་དྲི་མས་སྦགས་མཐོང་བའི། །གནས་འཁོར་བའི་སྡུག་བསྔལ་ག་ལ་ཡོད། །ཡུལ་འོད་གསལ་ངང་དུ་རིག་པ་བཞུགས། །ཆོས་ཀུན་གྱི་ངོ་བོ་རྗེན་པར་མཐོང༌། །སླར་བལྟས་ཀྱང་མཐོང་བའི་ཡུལ་ལས་འདས། །དཔེ་འགག་མེད་ནམ་མཁའི་ཕ་མཐའ་འཚོལ། ཁྱེད་འཁོར་བས་སྒྲག་པའི་འགྲོ་ཀུན་ཀྱང༌། །གཞི་བདེ་སྟོང་ཡངས་བའི་གཟིགས་མོ་མཛོད། །འདི་མཐོང་ན་སྣང་སྲིད་སྐྱེ་བོ་ཀུན། །དགྲའི་གཙོ་བོར་གྱུར་ཀྱང་འཇིགས་མི་དགོས། །ལས་དགེ་སྡིག་འབྲས་བུ་མ་དམིགས་ཤིང༌། །ལམ་སྤང་གཉེན་དགག་བསྒྲུབ་དང་ཡང་བྲལ། །ཡིད་འབད་པས་བསྒྲུབས་པའི་འབྲས་བུས་དབེན། །དབྱིངས་འདི་འདྲ་རྒྱལ་བའི་དགོངས་པ་སྙམ། །ཡང་འཁོར་འདས་ཆོས་ལ་ཕར་བལྟས་པས། །རྐྱེན་འདི་པ་ཙམ་གྱི་རྒྱུ་དང་འབྲས། །ཆེས་ཕྲ་ཞིང་བསླུ་བ་མེད་པར་མཐོང༌། །དཔེ་འཆི་མེད་ལམ་ནས་འཇའ་ཚོན་བཞིན། །དབྱིངས་སྤྲོས་བྲལ་གདོད་ནས་དག་པ་དང༌། །ལས་རྒྱུ་འབྲས་བསླུ་བ་མེད་པ་ཡི། །ཡུལ་སྣང་སྟོང་རེས་འཇོག་མ་ཡིན་པའི། །དོན་ཟུང་འཇུག་མཐའ་བྲལ་དབུ་མའི་ལམ། །ལམ་འདི་འདྲ་རྙེད་པ་བླ་མའི་དྲིན། །དྲིན་ཆེ་འོ་རྒྱལ་བ་གཉིས་པའི་རྗེ། །མ་དྲིན་ཅན་འགྲོ་བ་རྣམས་ཀྱིས་ཀྱང༌། །དོན་འདི་འདྲ་རྟོགས་པར་བྱི ན་གྱིས་རློ བས། །ཞེས་པ་དང༌།

                  ཡང༌། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དབྱིངས་རིག་པ་དབྱེར་མེད་ལྷ་ཡི་ལམ། །ཞིང་ཀུན་ཁྱབ་མིག་འཕྲུལ་ཟློས་གར་མཁན། །ཕ་བདེན་མེད་རྨི་ལམ་ལྟ་བུ་ལ། །བུ་སྒྱུ་མའི་སྐྱེས་བུས་སྙིང་ནས་འདུད། །ཆོས་ཅན་ཀུན་བལྟས་པས་སྒྱུ་མ་ཙམ། །ཆོས་ཉིད་ལ་བལྟས་ཀྱང་ཅང་མ་མཐོང༌། །སྒྱུ་མ་དང་སྟོང་པ་ཟུང་འབྲེལ་ལམ། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །ཨ་ལ་ལ་ཡོད་མེད་ཀྱི་མཐའ་དང་བྲལ། །མཐའ་བྲལ་གྱི་དབྱིངས་སུ་མཉམ་པར་ཞོག །ཆོས་ཉིད་ལ་བལྟས་པས་ཆོས་ཅན་བཀྲ། །ཆོས་ཅན་ལ་དཔྱད་པས་སྟོང་པར་བྲོ ས། །སྣང་སྟོང་གཉིས་རེས་འཇོག་མི་བྱེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །ཨ་ལ་ལ་ཡོད་མེད་ཀྱི་མཐའ་དང་བྲལ། །མཐའ་བྲལ་གྱི་དབྱིངས་སུ་མཉམ་པར་ཞོག །དོན་དམ་གྱི་རྒྱུ་འབྲས་བསླུ་མེད་བསྟན། །ཀུན་རྫོབ་ཀྱིས་དོན་དམ་རང་ཞལ་ཕྱེ ། །བདེན་གཉིས་ཀྱི་རང་བཞིན་དབྱེར་མེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །ཨ་ལ་ལ་ཡོད་མེད་ཀྱི་མཐའ་དང་བྲལ། །མཐའ་བྲལ་གྱི་དབྱིངས་སུ་མཉམ་པར་ཞོག །དོན་དམ་གྱི་དབྱིངས་ལ་དཔྱད་པའི་ཚེ། །རྟེན་འབྲེལ་གྱི་མིང་ཡང་མེད་པ་དང༌། །སྟོང་པ་དང་རྟེན་འབྲེལ་ཟུང་འཇུག་འདི། །འགལ་མེད་དུ་བླ་མའི་དྲིན་གྱིས་ཤེས། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །ཨ་ལ་ལ་ཡོད་མེད་ཀྱི་མཐའ་དང་བྲལ། །མཐའ་བྲལ་གྱི་དབྱིངས་སུ་མཉམ་པར་ཞོག །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །བདེན་མེད་དུ་ཤེས་པས་བདེན་པ་གོ །བདེན་རྫུན་གྱི་རང་བཞིན་དབྱེར་མེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །ཨ་ལ་ལ་ཡོད་མེད་ཀྱི་མཐའ་དང་བྲལ། །མཐའ་བྲལ་གྱི་དབྱིངས་སུ་མཉམ་པར་ཞོག །མིང་རྐྱང་གི་ཆོས་རྣམས་བདེན་པས་སྟོང༌། །བདེན་སྟོང་ཀུན་རྒྱུ་འབྲས་རོལ་བར་ཤར། །སྟོང་པ་དང་རྒྱུ་འབྲས་དབྱེར་མེད་ལམ། །ཨེ་མ་ཧོ་བླ་མའི་དྲིན་གྱིས་རྙེད། །ཨ་ལ་ལ་རྟག་ཆད་ཀྱི་གཡངས་ལས་གྲོས། །ཞེས་སོ། །

 

                                                                                                                       རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།