པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་དགུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-22 22:24:52     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

97058295108396316.jpg

                     དེ་ཁའི་སྟོན་འབྲིང་མཚམས་གཅེན་ལུང་ཕྱོགས་སུ་ཕེབས་ནས་སྐྱེ་བོ་བརྒྱ་ཕྲག་མང་པོ་བསྙེན་གནས་སྨྱུང་གནས། སྲོག་གཅོད་སྤོང་བ། གཟུངས་སྔགས་སོགས་བཟླས་བརྗོད་ཀྱི་དམ་བཅའ་ལེན་པ་སོགས་དགེ་བ་ལ་བཀོད་ཅིང༌། ཁྱད་པར་གཅེན་ལུང་ཁ་སྤྱོད་དུ་ཚོགས་པ་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་དབང་བཞི་ཡོངས་སུ་རྫོགས་པ་དང༌། གཞན་ཡང་འདོད་ཆོས་མང་དུ་སྩལ། དེ་ཡང་མྱང་སྟོད་ནས་བཟུང་ལྷོ་རྩ་ཁོག་བརྒྱུད་ནས་གཅེན་ལུང་གི་བར་གང་དང་གང་དུ་ཕེབས་པ་དེ་དང་དེར། ཁྲོམ་ཆེན་པོ་གློ་བུར་དུ་ཚོགས་ཤིང་རིང་པོར་མི་ཐོགས་པར་འགྱེས་པ་དང༌། དེ་དག་གི་ནང་ནས་མང་པོ་ཞིག་ནི་གཉེན་བཤེས་ཡིད་དུ་འོང་བ་དང་བྲལ་བས་མཆི་མ་དང་བཅས་བཞིན་བསྔོ་བ་ཞུ་བ་དང༌། འགའ་ཞིག་ནི་ལང་ཚོས་རྒྱགས་ཤིང་འཇོ་སྒེག་དང་བཅས་པ་དང༌། ལ་ལ་ནི་རྒས་ཤིང་རྒན་པོ་འཆི་ཁ་མ་ལ་གཟིགས་ཤིག་ཅེས་སྙིང་རྗེ་རྗེ་ལྟར་དུ་འདུག་པ་དང༌། མང་པོ་ནི་མ་བརྟགས་ཉམས་དགའ་བས་བཞད་གད་དང་བཅས་ཏེ་འདུག་པ་དང༌། ཕལ་ཆེས་སེར་སྣས་བསགས་པའི་དངོས་པོ་རྗེ་ཉིད་ལ་རེ་བའི་སེམས་ཀྱིས་འབུལ་བ་གཟིགས་པས་འཁོར་བ་ཐོག་མ་མེད་པ་ནས་ལྟ་ཅི་སྨོས། ཚེ་ཐུང་འདི་གཅིག་པུ་ལ་ཡང་གཉེན་བཤེས་དང་དར་རྒུད་ཁྲོམ་གྱི་འདུ་ཚོགས་དང་གཞོན་པའི་ལང་ཚོ་ནམ་མཁའི་འཇའ་ཚོན་དང༌། སེར་སྣས་བསགས་པའི་ནོར་རྫས་སྦྲང་མའི་རྩི་དང་འདྲ་བ་འདི་ལྟར་མངོན་སུམ་དུ་གསལ་བར་སྟོན་པའི་སློབ་དཔོན་ནོ་སྙམ་དུ་ཐུགས་ཤིན་ཏུ་འབྱུང་བར་གྱུར་ནས་ཉམས་མགུར་འདི་ལྟར་མཛད་དོ། །

                  ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དུས་གསུམ་སངས་རྒྱས་ཀྱི་ངོ་བོ། །བཀའ་དྲིན་གསུམ་ལྡན་གྱི་བླ་མ། །འབྲལ་མེད་སྤྱི་གཙུག་ཏུ་བཞུགས་ལ། །བྱིན་རླབས་དངོས་གྲུབ་ཀྱི་ཆར་ཕོབས། །ཡིད་འོང་སྙིང་གྲོགས་དང་མཛའ་བཤེས། །ངེས་མེད་འདུ་འབྲལ་གྱི་རོལ་པ། །དབྱར་དུས་དགུང་སྔོན་ལ་འཁྲིགས་པའི། །མི་རྟག་ལང་ལོང་གི་ཆུ་འཛིན། །ངལ་བ་བརྒྱ་ཕྲག་གིས་བསྒྲུབས་པ། །སྲིད་པའི་ཕུན་ཚོགས་ཀྱི་དགའ་སྟོན། །ལྷོ་ཕྱོགས་དྲི་བཞོན་གྱིས་བསྐྱོད་པའི། པདྨོའི་འདབ་སྟོང་གི་ཟིལ་པ། །ཆགས་ལྡན་བྱིས་པ་ཡི་དགའ་བསྐྱེད། །ཡིད་འོང་གཟུགས་མཛེས་ཀྱི་ལང་ཚོ། །ངན་སྐྱུགས་བཤང་གཅི་ཡིས་གང་བའི། །དབྱིབས་ལེགས་མི་གཙང་བའི་བུམ་པ། །དེང་སང་འཛམ་གླིང་གི་མི་ཚེ། །རྒན་གཞོན་གོ་རིམ་གྱི་ངེས་མེད། །ཤུགས་དྲག་རླུང་དམར་གྱི་ནང་གི །མར་མེ་ཇི་བཞིན་དུ་འདུག་པ། །སྲིད་གསུམ་སྒྱུ་མ་ཡི་གྲོང་ཁྱེར། །བདེ་མེད་སྡུག་བསྔལ་གྱི་འབྱུང་གནས། །ཐར་མེད་འཇིགས་རུང་གི་བཙོན་ར། །ལྕགས་ཁང་འབར་བ་ཡི་རང་བཞིན། །སྟོང་གསུམ་ཟས་ནོར་ལ་དབང་ཡང༌། །སྒྲེན་མོ་ལག་སྟོང་དུ་འགྲོ་འདི། །མྱ་ངམ་ཉམ་ཐག་གི་ཐང་ལ། །གཅིག་པུར་དགྲ་བོ་ཡིས་བཅོམ་འདྲ། །ཉོན་མོངས་ལས་ངན་གྱི་ཤུགས་ཀྱིས། །འདི་ནང་འདོད་ཡོན་ལ་ཞེན་པ། །མི་གཙང་ཕུང་པོ་ལ་ཆགས་པའི། །གདོལ་པ་ཁྱི་ཕག་གི་རྣམ་ཐར། །ཅི་དྲག་སངས་རྒྱས་དང་བྱང་སེམས། །དམ་པའི་སྐྱེས་བུ་རྣམས་ཐེགས་བཞུད། །བླུན་པ་བདག་ཉིད་ཀྱི་ཉེས་པས། །ད་དུང་བཙོན་ར་འདིར་ལུས་བྱུང༌། །མཐའ་མེད་སྡུག་བསྔལ་གྱིས་རྒྱ་མཚོར། །གྲོགས་མེད་གཅིག་པུ་རུ་འགྲོ་ཚེ། །སྐྱབས་གནས་བླ་མ་དང་དཀོན་མཆོག །ཕན་པ་དམ་ཆོས་ལས་མེད་པའི། །ཚུལ་འདི་སྙི ང་ཁོང་ནས་མ་དྲན། །བག་མེད་གུ་ཡངས་ཀྱི་སྤྱོད་པས། །ཉིན་མཚན་དོན་མེད་དུ་འདའ་བ། །སེམས་མེད་ཡང་ན་ནི་སྨྱོན་པ། །ནམ་ཞིག་འཆི་བདག་གིས་བཟུང་ནས། །འཇིགས་སྐྲག་སྡུག་བསྔལ་གྱིས་གཟིར་ཅིང༌། །ངན་སོང་འཁྲུལ་སྣང་ཀུན་ཤར་བའི། །དུས་དེར་འགྱོད་པོ་ཞིག་འབྱུང་བས། །བསམ་བློ་ད་ལྟ་ནས་ཐོངས་ལ། །སྒོ་གསུམ་དམ་པ་ཡི་ལམ་བཟང༌། །ཉིན་མཚན་ཁོར་ཡུག་ཏུ་བསྟེན་ལ། །ཐར་པའི་གྲོང་ཁྱེར་དུ་བསྙེ གས་ཤིག །ཅེས་དང༌། གཞན་ཡང་འདི་ལྟར་གསུངས་ཏེ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གསུམ་ལྡན་གྱི་བླ་མ་རྡོ་རྗེ་འཛིན། །བདག་སྙིང་གི་པདྨོའི་དབུས་བཞུགས་ལ། །བྱང་ཆུབ་ཀྱི་སྙིང་པོར་མཆིས་ཀྱི་བར། །འབྲས་མེད་དུ་རྗེས་སུ་གཟུང་དུ་གསོལ། །ཐོག་མེད་ནས་ཐ་མ་ད་ལྟའི་བར། །འཇིགས་རུང་གི་འཁོར་བའི་བཙོན་ཁང་འདིར། །ལས་ཉོན་གྱི་ལྕགས་སྒྲོག་དམ་པོས་བཅིང༌། །སྡུག་བསྔལ་གྱི་གཤེད་མས་ཡང་ཡང་གཅེས། །ངན་སོང་གི་གནས་སུ་གཏན་ཡུལ་བྱས། །ཚ་གྲང་གི་སྡུག་བསྔལ་དྲག་པོས་མནར། །རང་ཤ་དང་རྣག་ཁྲག་གྲངས་མེད་ཟོས། །བརྡེག་འཚོག་གིས་མནར་ཞིང་ངལ་ཐག་བཅད། །ལན་འགའ་མཐོ་རིས་ཀྱི་རྟེན་ཐོབ་ཀྱང༌། །སྐྱིད་འདོད་ཀྱིས་སྡིག་པའི་ལས་བྱས་པས། །ངན་སོང་གི་ཡུལ་དུ་ཡང་ཡང་ལོག །བདེ་མེད་ཀྱི་སྡུག་བསྔལ་བརྒྱ་ཕྲག་མྱོང༌། །ད་དུང་ཡང་ཉོན་མོངས་ཆུ་ཀླུང་འདི། །བཟློག་ངེས་ཀྱི་ཆུ་ལོན་མ་བསྒྲུབས་ན། །མཐའ་མེད་ཀྱི་སྲིད་པའི་རྒྱ་མཚོ་འདིར། །ཉམ་ཐག་གི་ཀློང་དུ་བྱིང་ཉེན་གདའ། །བར་སྣང་གི་གློག་འདྲའི་ཚེ་ཐུང་འདི། །སྐྱིད་པས་ཀྱང་མི་འཚེངས་སྡུག་མི་ཕུང༌། །མནར་མེད་ཀྱི་ཁྲོ་ཆུ་ཁོལ་མའི་ནང་། །ཡུན་རིང་དུ་བསྲེགས་ན་ཨེ་བཟོད་སོམས། །དལ་འབྱོར་དང་ལྡན་པའི་མི་ལུས་འདི། །དོན་མེད་ཀྱི་བྱ་བས་དུས་འདའ་བ། །རིན་ཆེན་གྱི་གླིང་ནས་ལག་སྟོང་དུ། །གཅེར་བུ་རུ་རང་ཁྱིམ་ལྡོག་པ་བཞིན། །ཚེ་ཐུང་འདི་ཅི་ལྟར་བྱས་ཀྱང་ཕྱིད། །བྱང་ཆུབ་འདི་ཕྱིས་ནས་རྙེད་པར་དཀའ། །སྐྱིད་སྡུག་གི་འདམ་ཀ་ད་རེས་བྱུང༌། །བསམ་བློ་དེ་སྙིང་གི་དཀྱིལ་ནས་ཐོངས། །དབྱར་དགུན་སོགས་ནམ་ཟླའི་འགྱུར་ལྡོག་དང༌། །སྐྱ་སེར་གྱི་སྐྱེ་བོའི་འཆི་ལུགས་སོ། །མངོན་སུམ་དུ་མིག་གིས་མཐོང་བཞིན་དུ། །ཇི་སྙམ་ཡང་མི་སེམས་རྟག་འཛིན་ཅན། །གཉེན་བཤེས་དང་ལོངས་སྤྱོད་ཀུན་བོར་ནས། །འཆི་བདག་གི་གཤིན་རྗེས་དབང་མེད་ཁྲིད། །རྒྱུས་མེད་དུ་གཅིག་བུར་འགྲོ་བའི་ཚེ། །ཕན་ངེས་དེ་དམ་ཆོས་ཁོ་ན་རང༌། །ཞེས་སོ། །སྔ་ཕྱིར་དད་དབུལ་བྱུང་བ་རྣམས་ལ་སྐུ་གསུང་ཐུགས་རྟེན་བཞེང་བ་དང༌། །དགེ་འདུན་ལ་བསྙེན་བཀུར་མཛད་པ་མཐའ་ཡས་ཏེ་འདིར་མ་བྲིས་སོ། །

                    དེ་ནས་བཀྲ་ཤིས་ལྷུན་པོའི་སློབ་དཔོན་པ་རྣམས་ཀྱིས་གསོལ་བ་ནན་གྱིས་བཏབ་པ་ལ་བརྟེན་ནས་ཚོགས་ཆེན་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དཔལ་རྡོ་རྗེ་འཇིགས་བྱེ ད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་སྩལ། དབྱར་གནས་གྲོལ་འཕྲལ་བདུན་ཕྲག་གསུམ་བཅད་རྒྱར་བཞུགས་ཏེ་ལམ་གྱི་རིམ་པའི་ཉམས་བཞེས་ལ་བརྩོན་པར་མཛད། དེ་སྐབས་ཐུགས་ལ་འདི་ལྟར་འཁྲུངས་ཏེ་སྔོན་ཆད་བླ་མའི་མིང་རྣམ་གཡེང་གི་གཞན་དབང་དུ་སོང༌། སྦྱིན་པ་པོ་རྣམས་ཀྱི་སེན་མོ་དཀར་དམར་གྱི་སྟེང་ནས་བཅད་པའི་དད་རྫས་གཤིན་རྫས་ཆུད་མི་འཛའ་ཙམ་ཨེ་ཡོང་བསམ་ལྷ་ཁང་དང་རྟེན་བཞེངས་སོགས་བློས་ཅི་ལྕོགས་བགྱིས་ཤིང་བསྟན་པ་དང་གཞན་དོན་ཡིན་རྒྱུའི་ཁུལ་གྱིས་དབང་བསྐུར་ལུང་ཁྲིད་སོགས་ཆོས་བཤད་མང་དུ་བྱས་མོད་ཀྱང་ངེས་འབྱུང་དང་ལྟ་བ་རྣམ་དག་གིས་རྩིས་ཟིན་པ་ནི་ཤས་ཆེར་དཀའ། དེ་གཉིས་ཅི་རིགས་པས་མ་ཟིན་པའི་ཟག་བཅས་ཀྱི་དགེ་བ་རྒྱ་ཆེར་བྱས་ཀྱང་འཁོར་བའི་འཁོར་ལོ་བསྐོར་བ་ཁོ་ནར་འདུག །སྲིད་པའི་ཕུན་ཚོགས་ཇི་ཙམ་ཐོབ་ཀྱང་སྐྱེ་རྒ་ན་འཆིའི་རྒུད་པ་ནི་སྡུག་བསྔལ་གྱི་མེ་རབ་ཏུ་འབར་བས་སྐད་ཅིག་ཙམ་བཟོད་གླགས་མི་འདུག །མི་བཟོད་བཞིན་དུ་འཇིགས་པ་ཆེན་པོ་ལྔ་པོ་འདི་ལས་ཐར་པའི་ཐབས་ལ་བརྩོན་པར་མི་བྱེད་པ་ནི་ཀྱེ་མ་ཀྱི་ཧུད་བདག་ལ་སྙིང་མེད་པའམ་སྨྱོན་པ་དངོས་སོ་སྙམ་དུ་དགོངས། འཁོར་བའི་ཕུན་ཚོགས་ཐམས་ཅད་ཀྱང་སྡུག་བསྔལ་གྱི་རང་བཞིན་དུ་གཟིགས་ཏེ་དོན་དེ་དག་འཕགས་པའི་དབྱངས་སུ་མཛད་པ་ནི།

                   ན་མོ་གུ་རུ་མཉྫུ་ཥཱ་ཡ། སྐྱོན་བྲལ་ཡོན་ཏན་ཀུན་གྱི་མཆོག་མངའ་བའི། །ཟླ་མེད་སྟོན་པ་ཤཱཀྱའི་རྒྱལ་པོ་དང༌། །དབྱེ ར་མེད་རྗེ་བཙུན་བླ་མའི་ཞབས་པད་ལ། །བྱང་ཆུབ་སྙི ང་པོའི་བར་དུ་སྐྱབས་སུ་མཆི། །ཉོན་མོངས་ཆུ་བོ་ལས་ངན་རྦ་རླབས་ཅན། །ཤུགས་དྲག་དབང་གིས་སྐྱེ་བའི་རྒྱ་མཚོ་ཆེར། །ཀྱེ་མ་ཡང་ཡང་ཉིང་མཚམས་སྦྱར་བའི་ཚུལ། །རྒྱུན་དུ་ལེགས་པར་སོགས་དང་ཤེས་ལྡན་དག །མདོག་སྟོབས་གཟི་ཉམས་མི་སྡུག་རྙིངས་པའི་ལུས། །ཡིད་འོང་ཡུལ་བརྒྱ་འཚོགས་ཀྱང་སྤྱོད་མི་ནུས། །དྲན་དབང་བློ་ཉམས་འགུམ་པར་མངོན་ཕྱོགས་པ། །འཇིགས་རུང་རྒས་པའི་ཚུལ་འདི་གྲོགས་དག་ལྟོས། །འབྱུང་བ་འཁྲུགས་པའི་ཟུང་རྔུ་བརྒྱས་གཙེས་པས། །ཉིན་མཚན་མི་འཁྱོལ་འདོད་རྣམས་བསྟེན་དབང་མེད། །བཅོས་ཀྱིས་མི་ཕན་འཆི་བར་ཤེས་ཤིང་འགྱོད། །ཐར་མེད་ནད་ཀྱིས་གདུངས་འདི་ཀྱི་ཧུད་འཇིགས། །ཕུན་ཚོགས་བདེ་སྐྱིད་འབྱོར་པའི་པད་ཚལ་ཡང༌། །བསོད་ནམས་མིན་པའི་གླང་པོས་བཅོམ་པ་ན། །མྱ་ངན་མེ་འབར་ཤིན་ཏུ་ཡ་ང་བ། །ཀྱེ་མ་འཇིགས་རྟེན་རྒུད་པའི་ཚུལ་འདི་ལྟོས། །ཡིད་འཕྲོག་གཉེན་འཁོར་ལུས་དང་ལོངས་སྤྱོད་སོགས། །འབྱོ ར་བས་དྲེགས་ཀྱང་སྒྲེན་མོ་ལག་སྟོང་དུ། །གྲོགས་མེད་མྱུར་དུ་འཇིག་རྟེན་ཕ་རོལ་ཏུ། །གློ་བུར་འཆི་བ་འདི་ཀོ་མཁས་པས་སོམས། །སྟོབས་དང་དཔུང་གིས་བཟློག་པའི་སྐབས་མེད་ཅིང༌། །རྫས་སྔགས་ནོར་དང་མཛེས་མས་བསླུར་མེད་པའི། །འཇིགས་རུང་དུས་ཀྱི་ཆད་པ་རྣམ་པ་ལྔ། །ཐོག་ལྟར་འབབ་བོ་མཁས་པས་བག་ཡོད་སྟེན། །སྲིད་པའི་རྩེ་མོ་ནས་བཟུང་དམྱལ་པའི་བར། །ཀུན་ལ་འདོད་དགུར་དབང་བྱེད་རྒྱལ་པོ་ལྔའི། །སྣང་ཚུལ་དྲན་ཚེ་ཅུང་ཟད་ཡིད་སྐྱོ་བས། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱས་སྨྲས། །ཞེས་གསུངས་པ།

                  ཡང་དུས་དེའི་ཚེ། སྐྱིད་ཀྱང་མི་འཚེངས་སྡུག་ཀྱང་མི་ཕུང་པའི་དགུན་ཉི་དང་འདྲ་བའི་ཐུང་འདིའི་ལུས་སྲོགས་ལོངས་སྤྱོད་ལ་གནོད་པ་བྱེད་པའི་སྐྱེ་བོ་ལའང་དགྲའི་གཙོ་བོར་འཛིན་པར་བྱེད་ན་འཁོར་བ་ཐོག་མ་མེད་པ་ནས་འགལ་མེའི་འཁོར་ལོ་ལྟར་རྒྱུན་མི་འཆད་པར་སྐྱེ་རྒ་ན་འཆིའི་རྒུད་པའི་སྡུག་བསྔལ་འབར་པའི་རལ་གྲི་རྣོན་པོས་འདེབས་པའི་བྱེད་པ་པོ་ནི། རང་རྒྱུད་ཀྱི་ཉོན་མོངས་པ་དུག་གསུམ་པོ་འདི་ཡིན་པས་འདི་ཉིད་ཕྱི་རོལ་གྱི་དགྲ་བོ་ཐམས་ཅད་ཀྱིས་དཔེར་མི་ཕོད་པ། འཇིགས་པ་དང་ཡ་ང་བ་དང༌། སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་གཤེད་མ་བུར་རྫུས་ལྟ་བུའི་དགྲ་བོར་བཟུང་སྟེ་འཇོམ་བྱའི་གཙོ་བོར་གཟིགས་ནས་འབུར་འཇོམས་མཛད་ཅིང༌། 

                                                                                                                        རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།