པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བརྒྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-22 22:16:08     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

144830942193100754.jpg 

                    ལྷག་པར་ཆོ་འཕྲུལ་སྨོན་ལམ་འཛུགས་པར་མཛད་པ་འདི་ཉིད་རྒྱལ་བ་ཙོང་ཁ་པའི་ཡང་མཛད་ཆེན་གཅིག་ཡིན་པ་བཅས་པ་རྗེ་འདི་རང་གི་ཡང་མཛད་ཆེན་ངོ་མཚར་བ་གཅིག་ཏུ་མཛད་དེ། ཚུལ་འདི་ལ་རྗེ་རང་ཉིད་ཀྱི་ཞལ་ནས། འདི་ནི་ཁོ་བོའི་ཚེ་འདི་ལ་ལྟོས་པའི་རྣམ་ཐར་བཟང་བ་ཞིག་ཡིན་སྙམ་པ་ཡོད་དེ། དགེ་བའི་བཤེས་གཉེན་པོ་ཏོ་བའི་རྣམ་ཐར་དུ། བོད་ན་དགེ་འདུན་སྟོང་ཕྲག་དུ་མ་རྣམ་ཐར་གཅིག་ལ་འགོད་ནུས་པའི་དགེ་སློང་ཡོད་ཅེས། དམ་པ་འདི་ཉིད་རྒྱ་གར་དུ་ཡང་གྲགས་ཞེས་འབྱུང་བ་ལྟར། དགེ་འདུན་སྟོང་རྭ་ཅན་བརྒལ་བ་ལོ་གྲངས་དེ་སྙེད་དུ་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་རྩེ་གཅིག་ཏུ་ཐུགས་བསྟུན་ནས་འདུན་པ་རྨད་དུ་བྱུང་བའི་རྣམ་ཐར་ལ་འགོད་པར་བྱས་པའི་ཕྱིར་དང༌། ཇི་སྐད་དུ། གང་གིས་ཕྱོགས་བཅུའི་ཞིང་རྣམས་ཇི་སྙེད་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ནི། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །ལན་ཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་སོགས་རྒྱལ་བའི་བཀའ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པའི་བསོད་ནམས་གཞལ་དུ་མེད་པ་རང་གཞན་གྱི་རྒྱུད་ལ་བསྐྲུན་པར་བྱས་པའི་ཕྱི ར་རོ། །ཞེས་གསུངས་དེ་ནས་དད་ལྡན་མང་པོས་བསྐུལ་ནས་རྟ་ནག་ལ་ཕེབས། སྐྱེ་བོ་མཐའ་ཡས་པ་འདུན་པར་མཛད་ཅིང༌། རྗེ་འགོས་ཀྱི་སྒྲུབ་གནས་ཞལ་གཟིགས་ཕུག་པ་མཇལ་བར་མཛད་པས། ལྷས་མེ་ཏོག་གི་ཆར་ཕབ་ཅིང་ཚེ་ཆུའི་རྒྱུན་བབས། དེའི་འོག་མཁའ་སྤྱོད་ན་དཔལ་ལྡན་ལྷ་མོའི་ལོགས་བྲིས་བྱིན་རླབས་ཅན་ཞིག་འདུག་པ་ལ་མེ་ཏོག་འཐོར་བར་མཛད་པས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་ཞིང༌། རྣམ་འགྱུར་སྣ་ཚོགས་སྟོན་པ་ཞིག་གཟིགས། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས། འདི་སྐབས་རྒྱལ་བ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཡང་བྱང་ཕྱོགས་ཀྱི་རྒྱུད་ནས་ཕེབས། ཕྱི་ནང་གི་རྐྱེན་དུ་མས་བསྐུལ་ཏེ་བཀྲ་ཤིས་ལྷུན་པོའི་མཁན་སློབ་ཐམས་ཅད་ཀྱིས་མཇལ་བར་བྱོན། ཕེབས་ལམ་དུ་ཡང་རྩོལ་བ་ཆེན་པོས་བྱོན་པས་ཡ་མཚན་དུ་བྱེད་པ་བྱུང༌། དེ་དུས་རྗེ་རང་ཉིད་ནས་བདོག་པའི་དངོས་པོའི་ཕྱག་རྟེན་གཟབ་ཅིང༌། འབྲས་སྤུངས་སུ་མང་ཇ་འགྱེད་དང་བཅས་པ་གནང༌། བཀྲ་ཤིས་ལྷུན་པོའི་སློ བ་དཔོན་པ་རྣམས་ཕྱིར་ཐེགས། རྗེ་རང་ཉིད་རེ་ཤིག་བཞུགས་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོས་ཆོས་བཀའ་མཐའ་ཡས་པ་གནང་དགོས་ཚུལ་གསོལ་བ་བཏབ་པ་ལྟར། དགུན་འབྲས་སྤུངས་རང་དུ་བཞུགས་ནས་དབང་ལུང་རྗེས་གནང་སོགས་ལམ་པ་ཀའི་ཀུ་ཤའི་གྲངས་དང་མཚུངས་པ་འགྲོ་གང་ཆེ་གཙོར་བཏོན་མཛད་ཅིང་ཞར་ལ་འབྲས་སྤུངས་ཀྱི་དཀའ་བཅུ་རབ་འབྱམས་ཕལ་ཆེར་འདུས་པ་ལ་དཀའ་ཆེན་བཞིའི་རྩ་བའི་ལུང་ཡོངས་རྫོགས་དང༌། རྒྱལ་བ་ཡོན་ཏན་རྒྱ་མཚོ་དང༌། དེའི་ཞབས་འབྲིང་བ་སློབ་དཔོན་པ་རྣམས་གདན་འཛོམ་པ་ལ་དམར་ནག་གཉིས། ཞེ་དགུ་མ། རོ་ལངས་བརྒྱད་བསྐོར། དཔའ་བོ་གཅིག་པ་རྣམས་ཀྱི་དབང་གནང༌། གཞན་ཡང་སྔ་ཕྱིར་དབང་དང༌། རྗེས་གནང་དང༌། ཟབ་ཁྲིད་མན་ངག་ཞལ་ཤེས་སོགས་ཕལ་ཆེར་བུམ་པ་གང་བྱོའི་ཚུལ་དུ་འབུལ་བར་མཛད་དོ། །

                  རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོས་ཀྱང་སྐུ་ཚེ་མང་པོའི་སྔ་རོལ་ནས་རྗེ་འདི་པ་ལ་མངོན་པར་དགྱེས་པའི་ཐུགས་ཀྱི་བག་ཆགས་སད་པ་ལྟར་མཛད་ནས། ཆོས་གསན་པའི་བླ་མ་མང་པོའི་ནང་ནས། རྗེ་འདི་པ་རིགས་ཀྱི་བདག་པོར་ལེགས་པར་བཞེས་ཏེ་ཐོག་མཐའ་བར་གསུམ་དུ་སོ་སྐྱེའི་བློ་ཡུལ་ལས་འདས་པའི་རྙེད་པ་དང་བཀུར་སྟིས་མཆོད་པ་ནི་དགེ་བཤེས་སྟོན་པའི་རྣམ་ཐར་དྲི་མ་མེད་པའི་རྒྱུན་འཁྲུལ་མེད་དུ་སྐྱོང་བར་མཛད་པ་ཡིན་ནོ། །དེ་ནས་ལྷ་སའི་སྨོན་ལམ་གྲོལ་ནས་བྱང་ར་སྒྲེང་འཇམ་དུ་ཕེབས། ར་སྒྲེང་བ་རྣམས་ལ་དམ་པའི་ཆོས་རྒྱ་ཆེར་སྩལ། ར་སྒྲེང་དུ་བཞུགས་རིང་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང༌། ར་སྒྲེང་ཚོགས་པ་ལ་བཀའ་གདམས་གླེགས་བམ་གཟབ་བཤད་དང་བཅས་པ་གནང༌། དེ་ནས་སླར་ཡང་རྒྱལ་བ་ཡོན་ཏན་རྒྱ་མཚོ་དང་ལྷན་དུ་རྒྱལ་མེ་ཏོག་ཐང་ལ་ཕེབས་ཏེ་གཙོ་ཆེར་རྒྱལ་བ་ཡོན་ཏན་རྒྱ་མཚོ་ལ་དབང་ལུང་མན་ངག་རྣམས་ནར་མར་གནང་ཞིང་སེང་དབར་རྣམས་སུ་ལམ་བར་གྱི་གནས་རྣམས་ལ་མཆོད་འབུལ་དང་ཁྱད་པར་དགའ་ལྡན་སྒྲུབ་རྒྱུད་ཀྱི་ཆུ་འགོ་གྲུབ་ཆེན་འཇམ་དཔལ་རྒྱ་མཚོའི་སྒྲུབ་གནས་མལ་གྲོ་སྤང་སའི་ཡང་དགོན་དང༌། རྗེ་རིན་པོ་ཆེ་འཁོར་དག་པ་རྣམ་བརྒྱད་དང་བཅས་པས་གང་དུ་སྒྲུབ་པ་མཛད་པའི་གནས་འོལ་ཁ་ཆོས་ལུང་སོགས་འོལ་ཁ་དང་དྭགས་པོའི་གནས་རྣམས་འཇལ་ཏེ་ཐུགས་སྨོན་མཛད། རྒྱལ་མེ་ཏོག་ཐང་དུ་དཔལ་ལྡན་ལྷ་མོ་དགྱེས་པའི་ཆོ་འཕྲུལ་ངོ་མཚར་བ་བྱུང་ཞིང༌། གནས་གང་དང་གང་དུ་ཕེབས་པ་དེ་དང་དེར་དད་ལྡན་རྣམས་ལ་རང་རང་གི་སྐལ་བ་དང་འཚམ་པའི་ཆོས་ཀྱི་བདུད་རྩི་སྩལ་ཏེ་ཐར་པའི་ས་བོན་ཐེབས་པར་མཛད། དེ་ནས་གཙང་དུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོའི་འདུས་ཚོགས་ལ་དགུན་ཆོས་སྔ་ཕྱིའི་སྐབས་ཚོགས་ཆེན་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ལུང་དང་བཅས་པ་སྩལ། ཆོ་འཕྲུལ་སྨོན་ལམ་གྲོལ་རྗེས་འབྲས་སྤུངས་ནས་གདན་འདྲེན་ཞུ་མི་དོས་དྲག་བྱུང་བ་ལྟར། དབུས་སུ་ཕེབས་ནས་དགའ་ལྡན་ཕོ་བྲང་གི་གཟིམ་ཆུང་ཉི་འོད་དུ་ནག་ཉ་དང་བསྟུན་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་རྒྱལ་བ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་མཐའ་རྟེན་དང་བཅས་པ་དང༌། གཞན་ཡང་ཆོས་བཀའ་ཅི་རིགས་པ་འབུལ་བར་མཛད།

                དེའི་ཚེ་ལྷོ་རྒྱུད་ཕྱོགས་ནས་སྡེ་དཔོན་དུ་མས་ཕེབས་དགོས་ཚུལ་གསོལ་བ་བཏབ་པ་ལ་བརྟེན་ནས་ལྷོ་ཁར་ཕེབས། དེ་དུས་མཁར་ཏོག །འཕྱོང་རྒྱས་རི་བོ་བདེ་ཆེན། སྤྱན་གཡས། སྣེའུ་གདོང༌། རྩེས་དང༌། རོང་ཆ་དཀར་སོགས་སུ་ཇོ་སྟན་ཚོགས་ཆེན་པའི་མཁན་ཆེན་གྱིས་མཚོན་པའི་བླ་མ་སློབ་དཔོན་དང༌། དགེ་འདུན་མང་པོ་ལ་དབང་ཁྲིད་ལུང་སོགས་རྒྱ་ཆེར་སྩལ། གང་དང་གང་དུ་ཕེབས་པ་དེ་དང་དེར་སྐྱེ་བོའི་ཚོགས་བརྒྱ་སྟོང་དུ་མ་འདུས་པ་ལ་ཡིག་དྲུག་གི་ལུང་དང༌། བླ ་མའི་རྣལ་འབྱོ ར་སོགས་དམ་པའི་ཆོས་རྒྱ་ཆེར་སྩལ། སྔོན་གྱི་དམ་པ་མང་པོའི་བསྟི་གནས་ཇོ་བོ་ཆེན་པོ་ལྷ་ཅིག་གི་གདུང་ཁང་བཞུགས་པ་ཐང་པོ་ཆེ་དང༌། སྤྱན་གཡས། ཡུམ་བུ་བླ་སྒང༌། ཁྲ་འབྲུག །རྩེས་དང༌། བྱམས་པ་གླིང༌། བསམ་ཡས་སོགས་ཀྱི་གནས་དང་རྟེན་མཇལ་ཞིབ་ཏུ་མཛད། མཆོད་འབུལ། བསག་སྦྱང༌། སྨོན་ལམ་རྣམ་དག་མཛད་པ་ནི་སྔོན་དམ་པའི་རྣམ་ཐར་ལྟར་རྨད་དུ་བྱུང་བའི་མཛད་པ་ཡིན་ལ། གང་དང་གང་དུ་ཕེབས་པ་དེ་དང་དེར་ཟང་ཟིང་གི་བསྙེན་བཀུར་རྒྱ་ཆེ་བ་དང་མི་མང་གི་འ་འུར་འདུ་འགོད་ན་མང་བ་རྣམས་ལ་ནི་དེ་དང་དེ་གཟིགས་པ་ཙམ་གྱིས་སྐྱོ་ཤས་ངེས་འབྱུང་ཤུགས་དྲག་སྐྱེ་བ་ལས་ཟང་ཟིང་ལ་ཐུགས་དགྱེས་པ་ནི་ནམ་ཡང་མི་མཛད་དོ། །དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་དབྱར་གནས་ཀྱི་ཁོངས་སུ་ཉི་ཤུ་རྩ་ལྔ་རྩ་ལྔ་གྲངས་སུ་བཅད་དེ་ཚོགས་ཆེན་ལ་གདུགས་དཀར་གྱི་དབང་རྒྱས་པར་སྩལ། དགག་དབྱེ་ཐོན་ནས་ཞག་ཉེར་གཅིག་གི་རིང་སྐུ་མཚམས་བཅད་ནས་དཀོན་མཆོག་རྗེས་སུ་དྲན་པ་གཙོ་བོར་བསྒོམ་པར་མཛད་ནས་བསག་སྦྱང་ལ་བརྩོན་པར་མཛད་པས་སྟོན་པ་ཐུགས་རྗེ་ཅན་དེའི་བཀའ་དྲིན་དྲན་པའི་དད་པ་ཤུགས་དྲག་འཁྲུངས་ཤིང་གསོལ་འདེབས་གདུང་དབྱངས་སུ་མཛད་པ་ནི་འདི་ལྟར།

                    ན་མོ་གུ་རུ་མུ་ནི་ཨིནྡྲ་ཡ། འཇིག་རྟེན་སྟོབས་ཀྱིས་མངོན་རློམ་མཐའ་དག་གི །གཙུག་རྒྱན་གཞལ་མེད་ནོར་བུའི་ཕྲེང་མཛེས་ལ། །ཞབས་སེན་གསར་པའི་ཟླ་ཚེས་ངལ་གསོ་བ། །ཐུབ་དབང་ལྷ་ཡི་བླ་མས་དགེ་ལེགས་སྩོལ། །གང་སྐུ་གསེར་གྱི་ས་འཛིན་མཐོན་པོའི་རྩེར། །ཞལ་དཀྱིལ་ཉིན་བྱེ ད་རྒྱས་པའི་འཛུམ་ཟེར་གྱིས། །ཕན་བདེའི་འོད་བརྒྱའི་སྣང་བས་སྲིད་པ་གསུམ། །ཡོངས་འགེངས་སྟོན་པ་དེ་ལ་བདག་ཅག་དད། །ལན་དང་རྣམ་པར་སྨིན་ལ་མི་རེ་བར། །མགོན་མེད་ཉམ་ཐག་རྣམས་ལ་རྗེས་བརྩེ་བ། །བཅོམ་ལྡན་ཞབས་ཟུང་རྟེན་པའི་པདྨ་ལའང༌། །བྱང་ཆུབ་སྙིང་པོའི་བར་དུ་བདག་སྐྱབས་མཆི། །གྲངས་མེད་བསྐལ་པར་གང་གི་མཚན་ཙམ་ཡང༌། །ཐོས་པར་དཀའ་ཞིང་ལན་ཅིག་ཐོས་ན་ཡང༌། །འཇིགས་པ་ཀུན་སེལ་དགེ་ལེགས་མཆོག་སྩོལ་བའི། །ལྷར་བཅས་འགྲོ་བའི་བླ་མས་བདག་སྐྱོབས་ཤིག །ཐུགས་རྗེ་ཆེ་མངའ་རྒྱལ་བ་གཞན་རྣམས་ཀྱིས། །གདུལ་བར་མ་ནུས་དམུ་རྒོད་འདུལ་དཀའ་བ། །བདག་དང་བདག་འདྲའི་སྙི གས་དུས་འགྲོ་རྣམས་ལ། ཁྱོད་ལས་ལྷག་པའི་མགོན་དང་སྐྱབས་གཞན་ཅི། །བདེ་མེད་སྡུག་བསྔལ་བརྒྱས་གང་སྲི ད་པ་འདིར། །གྲོགས་མེད་གཅིག་པུར་ཡང་ཡང་འཁོར་བ་ན། །ཉམ་ཆུང་བདག་གི་སྐྱིད་སྡུག་ལེགས་ཉེས་ཀུན། །མཁྱེན་བརྩེའི་བདག་ཉིད་ཐུབ་ཆེན་དཔལ་བོ་མཁྱེན། །སྐྱོན་བྲལ་ཡོན་ཏན་ཀུན་གྱི་གཏེར་གྱུར་ཅིང༌། །མ་བཅོལ་བར་ཡང་ཕན་དང་བདེ་མཛད་པའི། །རྣམ་ཐར་བསམས་ན་རྐང་གི་ཁོང་ནས་ཀྱང༌། །ཡིད་རབ་དད་པར་མི་བྱེད་སེམས་ལྡན་སུ། །ཐུབ་དབང་རྗེས་སུ་རབ་ཏུ་བྱུང་གྱུར་ཀྱང༌། །མངོན་སུམ་མ་མཐོང་སེམས་ཀྱི་ཟུག་རྔུ་དེ། །བསལ་ཕྱིར་ཡིད་མཚོར་རྒྱལ་བའི་སྐུ་བསྐྲུན་ཡང༌། །སེལ་བར་མི་ནུས་སླར་ཡང་སྟོན་པ་དྲན། །དགྲ་དང་བཤེས་མེད་ཀུན་ལ་བརྩེ་བའི་གཉེན། །ཐམས་ཅད་མཁྱེན་པའི་ཉི་མ་ནུབ་རིའི་ཕག །ཐོས་པའི་ལམ་དུ་གཤེགས་པའི་དུས་མཐའ་འདིར། །སྲོག་གི་ལྷག་མ་གསོན་ཡང་ཅི་ཞིག་རུང༌། །དེས་ན་དབང་ཕྱུག་བརྒྱད་ལྡན་མགོན་ཁྱོད་ཀྱིས། །སྟོན་དུས་དགུང་སྔོན་དབུས་སུ་ཟླ་རྒྱས་བཞིན། །བསོད་ནམས་ཕུང་པོའི་སྐུ་དང་འཛུམ་པའི་ཞལ། །ད་ལྟ་མངོན་སུམ་སྟོན་ལ་བདག་དབུགས་དབྱུང༌། །རྣམ་དཀར་བྱེ ་བ་ལས་གྲུབ་རྩིབས་སྟོང་ཅན། །འཁོར་ལོའི་མཚན་མངའ་ངང་པའི་དྲ་བ་ལྟར། །རབ་མཛེས་ནོར་བུའི་འོད་འབར་ཞབས་སེན་གྱིས། །རེག་པས་བདག་སྙིང་ཟེའུ་འབྲུ་སྐལ་བཟང་མཛོད། །སྟོན་པ་མཆོག་དེ་ད་ལྟ་འདིར་བཞུགས་ཞེས། །ངེས་པ་མིན་ཡང་རྒྱལ་བའི་མཛད་པ་ཡིས། །རོལ་པའི་ཞིང་འདིར་རྩེ་གཅིག་ཡིད་གཏད་ཀྱིས། །བདག་ཅག་རེ་བའི་འབྲས་བུ་མཆིས་པར་མཛོད། །ཕ་རོལ་བསྐྱས་ཆེན་འདེགས་པར་ཕྱོ གས་པའི་ཚེ། །བསོད་ནམས་བརྒྱ་ཕྲག་ལས་འཁྲུངས་གསེར་སྦྱངས་ཀྱི། །གླང་པོའི་སྣ་ལྟར་མཛེས་པའི་ཕྱག་གཡས་དེ། །བདག་གི་སྤྱི་བོར་མངོན་སུམ་བཞག་ཏུ་གསོལ། །གལ་ཏེ་སྔོན་གྱི་ལས་ངན་དབང་བཙན་པས། །སྲི ད་པ་ཉམ་ངའི་གནས་སུ་ལྷུང་གྱུར་ཀྱང༌། །ཡིད་ལ་ཤཱཀྱའི་གཙོ་བོ་དྲན་པ་དང༌། །ཐུབ་མཚན་རྣ་བར་ཐོས་དང་འབྲལ་མ་གྱུར། །འཇིགས་དང་སྡུག་བསྔལ་བརྒྱས་ཉེན་སྡུག་པའི་བུ། །བརྩེ་བའི་ཕ་ཡིས་བསམས་ཤིང་དོར་བ་ལྟར། །ཉམ་ཆུང་སྐལ་ངན་བདག་ཅག་ཡལ་བོར་ནས། །ལྷར་བཅས་སྟོན་པ་མཆོག་དེ་གང་དུ་གཤེགས། །འོན་ཀྱང་ཐུབ་པའི་མཁྱེན་བརྩེ་ནུས་པ་ལ། །སྒྲིབ་ཐོགས་མི་མང་ཕོངས་པའི་གཉེན་གཅིག་ཅེས། །བདེན་པ་གསུང་བའི་བཀའ་ཡི་འཐོར་འཐུང་གིས། །སྟོན་དང་བྲལ་བའི་ཚ་གདུང་ཅུང་ཟད་བསལ། །དེ་བཞིན་བུ་རམ་ཤིང་པའི་ལུགས་བཟང་རྣམས། །བདག་ལ་དངོས་སུ་འདོམས་པའི་བླ་མའི་ཚོགས། །མགོན་དེའི་ཡེ་ཤེས་སྒྱུ་མའི་རྣམ་རོལ་ཏུ། །བསམས་ཤིང་དྲན་པས་ཡིད་ཀྱི་ངལ་གསོ་ཐོབ། །ཟས་གཙང་སྲས་ཀྱི་མཛད་པའི་ཆ་ཤས་ཙམ། །བརྒྱུད་ནས་མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང༌། །དད་དང་མོས་དགའི་ཕུན་ཚོགས་འདི་འདྲ་ན། །མངོན་སུམ་མཐོང་ན་ཨེ་མ་ཅི་འདྲ་ཞིག །བདེ་བར་གཤེགས་པའི་སྣང་ཚུལ་ཕྲ་མོ་འགའ། །ཡིད་ལ་ཤར་ཚེ་དད་དང་གདུང་བ་ཡིས། །མྱོས་པའི་བླ་བརྡོལ་མེ་ཏོག་ཕྲེང་བ་འདི། །ཡིད་ཀྱི་གདུང་བ་སེལ་ཕྱིར་མགོན་པོས་བཞེས། །དེ་ལས་འོངས་པའི་དགེ་ཚོགས་ཀུ་མུད་ཏ། །ཟླ་ཤེལ་དུང་ལྟར་དཀར་བ་ཅི་ཐོབ་པས། །ཐུབ་དབང་གང་དུ་བཞུགས་པའི་ཞབས་དྲུང་དུ། །སྐྱེས་ནས་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཅེས་པའོ། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།