མཁས་གྲུང་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-19 21:19:09     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

709450347097298534.jpg

                     བདག་ཉིད་ཆེན་པོ་འདི་ནི་བླ་མ་ལྷའི་རྣལ་འབྱོར་ལ་བརྟེན་པ་ཐོབ་པས་གང་སྣང་ཐམས་ཅད་བླ་མ་ལྷའི་རྣམ་རོལ་ཏུ་འཆར་ཞིང༌། དམ་ཅན་ཆོས་སྲུང་རྣམས་ཀྱང་བླ་མ་ལྷའི་བྱ་སྒྲུབ་ཡེ་ཤེས་ཀྱི་རང་སྣང་དུ་ཤར་ཏེ་རྒྱུད་སྡེ་ནས་གསུངས་པའི་འཕྲིན་ལས་རབ་འབྱམས་ཐམས་ཅད་བླ་མ་ལྷའི་རྣལ་འབྱོར་གྱིས་སྒྲུབ་ནུས་པ་བྱུང་ཞིང་མཁས་གྲུབ་ཆེན་པོ་འདི་ཉིད་ཆོས་སྐྱོང་ལ་མངའ་བརྙེས་པས་གཏོར་བརྡེག་དང་བསྐང་གསོ་སོགས་གང་གནང་ཡང་ཟིལ་གཞན་པས་ཆེ་བ་ཞིག་འོང༌། གཏོར་བརྡེག་མཛད་པའི་སླ་ང་ལ་ཞབས་རྗེས་བྱོན་པའང་མང་དུ་བྱུང་འདུག་ཅིང༌། བསྐྱེད་པའི་རིམ་པ་མཐར་ཕྱིན་པས་ལྷག་པའི་ལྷའི་ང་རྒྱལ་དང་གསལ་སྣང་ཤིན་ཏུ་བརྟན་པ་མངའ་བའི་སྟོབས་ཀྱིས་ནང་མཆོད་རང་ཁོལ་དང༌། ཚེ་རིལ་འཕར་བ་དང༌། བདུད་རྩི་འབབ་པ་དང༌། ཚེ་ཆང་ཁོལ་བ་དང༌། སྤྱན་དབྱེའི་ཚེ། ལྷས་མེ་ཏོག་དངོས་སུ་བཟུང་བ་ཡང་དུ་མ་ཞིག་བྱུང༌། དེ་ནས་དབེན་དགོན་དུ་ལོ་རེ་བཞིན་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་ཆེར་གནང་བས་ཕྱིས་ནི་མཁས་ཤིང་གྲུབ་པའི་སྙན་གྲགས་ཀྱི་འུར་ལངས་ཏེ་ཕྱོ གས་ཕྱོགས་ཀྱི་སྡེ་དགོན་སོ་སོའི་བླ་མ་དང༌། སྡེ་དཔོན་མང་པོ་ཀྱང་མཆོད་གནས་འགྲན་ཟླ་མེད་པར་བཟུང་བ་ཡིན་ནོ། །དེའང་དུས་རྒྱུན་པར་ཡང་བླ་མ་ལྷའི་རྣལ་འབྱོར་ཁོ་ན་ལ་སྒྲུབ་པ་སྙིང་པོར་མཛད་ཅིང་རྟོགས་པ་ཁྱད་པར་ཅན་དེ་ལ་བརྟེ ན་ནས་བརྙེས་ཏེ། བཀའ་ལས། དཔལ་ལྡན་བདེ་ཆེན་དབེན་པའི་ཕོ་བྲང་དུ། །རྩེ་གཅིག་བསྒྲུབ་ལ་བརྩོན་པའི་རྣལ་འབྱོ ར་པ། །རྟག་ཏུ་བླ་མ་དྲན་པའི་བསམ་གཏན་ལ། །གཡེལ་མེད་གཅིག་ཏུ་གཞོལ་ཞིང་བརྩོན་པར་བྱེ ད། །ཅེས་གསུངས། ཡང་བཀའ་ལས། མ་ཡེངས་དྲན་པའི་ཆུ་འཛིན་འཐུག་པོ་ལས། །དོན་དམ་རིག་པའི་གནམ་ལྕགས་ཆར་ཕབ་ནས། །མཐར་འཛིན་བྲག་རིའི་ཕུང་པོ་མྱུར་བཤིག་སྟེ། །བདེ་ཆེན་དམ་པའི་གནས་སུ་བགྲོད་པ་ནི། །ཨེ་མ་ངོ་མཚར་དཔལ་གྱི་དམ་པའོ། །ཞེས་གསུངས། གཞན་ཡང་དགེ་བའི་བཤེས་གཉེན་དུ་མས་བསྐུལ་བ་དང༌། བདག་ཉིད་ཀྱང་རྗེ་བཙུན་བློ་བཟང་དོན་གྲུབ་ཀྱི་བཀའ་དྲིན་དྲན་པའི་ཉམས་མགུར་ཡང་མང་དུ་མཛད་དེ།

                  འདི་ལྟར། ན་མོ་མཧཱ་མུ་ཏྲ་ཡ། ཕ་གི་ཞིག་རྒྱ་མཚོ་ཆེན་པོ་ན། །ཡིད་བཞིན་ནོར་བུ་རིན་ཆེན་ཡོད། །དེད་དཔོན་གྱི་ཐབས་ལ་མ་བརྟེན་ན། །གཏིང་མཐའ་ཟབ་པས་རྙེད་པར་དཀའ། །འདི་ཁ་ཞིག་གསུང་རབ་ཀྱི་རྒྱ་མཚོ་ན། །སྙིང་པོ་ཡིད་བཞིན་ནོར་བུ་ཡོད། །མཚན་ལྡན་གྱི་ཐབས་ལ་མ་བརྟེ ན་ན། །ཟབ་རྒྱས་ཀྱི་སྤྲོས་པ་རྙེད་པར་དཀའ། །དཀའ་ཚུལ་འདི་སྙིང་གི་དཀྱིལ་དུ་ཆོངས། །དཔའ་བོ་དང་དཔའ་མོའི་ཐུགས་ཀྱི་བཅུད། །ངོམས་པ་རང་མེད་པར་གསོལ་བར་ཞུ། །ཞུ་བ་འདི་རང་སེམས་རྒྱལ་པོ་ལ། །གདམས་པ་བདེ་ཆེན་གྱི་གཏེར་མཛོད་ཡིན། །ཞེས་པ་དང༌། ཡང༌། ན་མོ་མཧཱ་མུ་ཏྲཱ་ཡ། རྒྱ་མཚོར་ཡོད་པའི་ནོར་བུ་རིན་ཆེན་དེ། །ཤུགས་དྲག་རླབས་ཀྱིས་ཕྱོགས་སུ་བསྐྱོད་ན་ཡང༌། །བསོད་ནམས་ལྡན་པའི་འགྲོ་བའི་དཔལ་དུ་ཆེ། །བསྟན་པའི་སྙི ང་པོ་རང་སེམས་བདེ་ཆེན་དེ། །རྣམ་པར་རྟོ ག་པའི་འཁྲུལ་པས་གཡོ་ན་ཡང༌། །དད་ལྡན་སྐལ་ལྡན་གདུལ་བྱའི་དཔལ་དུ་ཆེ། །ཆེ་བར་གྱུར་ཅིག་བླ་མ་ལྷག་པའི་ལྷ། །ཞེས་བྱ་བ་ལ་སོགས་པ་གསུངས། དེ་ནས་བདག་ཉིད་ཆེན་པོ་དགུང་ལོ་ལྔ་བཅུ་ང་བརྒྱད་བཞེས་པ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོའི་དགུན་བསམ་འགྲུབ་རྩེ་ནས་ཕྱག་དམ་ནན་ཆེས་པའི་སྟབས་ཀྱིས་དགེ་འཕེལ་ཁྲི་ཐོག་ཏུ་ཕེབས། ལོ་ལྔའི་བར་དུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཆོས་ཀྱི་ཁྲིམས་ཀྱང་ཡང་དག་པར་བསྡམས་པས་བཀའ་དྲིན་གྱིས་ཁྱབ་པར་མཛད་དོ། །དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོའི་བཀའ་ལུང་ལྟར་གྲུབ་པའི་གནས་མཆོག་དབེན་ས་ཆོས་ཀྱི་ཕོ་བྲང་ཉིད་སྐྱོང་བ་གཙོ་བོར་མཛད་བཞེད་དེ་དགེ་འཕེལ་གྱི་གདན་ས་བཞག་ནས་འཕགས་པ་འཇིག་རྟེན་ཕྱུག་གི་གདུང་འཛིན་འགྲོ་བ་དུ་མས་འདྲེན་པ་གནས་རྙིང་ནས་རྗེ་འཇམ་པའི་དབྱངས་དགེ་འཕེལ་གྱི་ཁྲིར་བཀོད་ནས་སླར་ཡང་གྲུབ་པའི་གནས་མཆོག་དབེན་ས་ཆོས་ཀྱི་ཕོ་བྲང་དུ་ཕེབས་ཏེ་དགུན་ཕལ་ཆེར་སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་དང༌། དབྱར་ཆོས་ལ་ཕྱོགས་ཕྱོགས་ཀྱི་སྡེ་སྣོད་འཛིན་པ་དང༌། གཉུག་མར་གནས་པ་རྣམས་ལ་ཟབ་རྒྱས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་སྩལ་ལོ། །དེ་སྐབས་རྒྱལ་བ་དབེན་ས་པ་ཆེན་པོ་སླར་ཡང་འཇམ་མགོན་རྒྱུད་ཀྱི་བསྟན་པ་སྤེལ་བའི་ཕྱིར་བསམ་བཞིན་དུ་བྱོན་པ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དབེན་དགོན་དུ་གདན་དྲངས་ནས་དགེ་བསྙེན། དགེ་ཚུལ།དབང་ལུང་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པར་གནང་སྟེ་དབེན་ས་ཆོས་ཀྱི་ཕོ་བྲང་གི་མི་འཇིགས་སེང་གེའི་ཁྲི་ལ་མངོན་པར་དབང་བསྐུར་ཏེ་སྙན་བརྒྱུད་བསྟན་པའི་བདག་པོར་མངའ་གསོལ། ནམ་མཁའི་དབྱིངས་ཐམས་ཅད་ཏིལ་གྱི་གང་བུ་ལྟར་གང་བའི་རྒྱལ་བ་སྲས་བཅས་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་བོ། །དེ་ནས་རྒྱལ་བ་ཙོང་ཁ་པའི་རྣམ་ཐར་ལྟར་དབེན་ས་པ་ཆེན་པོའི་སྤྲུལ་པའི་སྐུ་འདི་རྒྱལ་བ་ཙོང་ཁ་པ་རང་ཉིད་སླར་བྱོན་པ་ལྟ་བུ་ཞིག་འོང་བར་བྱའོ་སྙམ་དུ་ཐུགས་ལ་བརྣགས་ཏེ་བཀྲ་ཤིས་ལྷུན་པོར་ཐུགས་གཉེར་ལ་བརྫངས། དེ་ནས་རྗེ་བཙུན་བློ་བཟང་ཆོས་རྒྱན་དགུང་ལོ་བཅུ་དགུའི་ཐོག་བཀྲ་ཤིས་ལྷུན་པོར་དཀའ་བཞིའི་གྲྭ་སྐོར་མཛད་པ་ལ་ཉེ་བའི་ཚེ་འབྲུམ་བུའི་བསྙུན་གཞི་བྱུང་བ་ན་མཁས་གྲུབ་སངས་རྒྱས་ཡེ་ཤེས་དེ་མ་ཐག་ཕེབས་ཏེ་དབང་བསྐུར་བྱིན་རླབས་གནང་ཞིང་གཞུང་ལུགས་ཆེན་མོ་རྣམས་ལ་སྦྱངས་པ་མཛད་ལུགས། དེ་ནས་གཞུང་དོན་གདམས་པར་ཤར་བའི་ཉམས་ལེན་ལ་འབད་དགོས་ལུགས། རང་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་རྗེ་བླ་མའི་སྙན་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་འདི་ལྟར་མཛད་དགོས་སོ་ཞེསགདམས་པ་མཐིལ་ཕྱིན་པར་གནང་ཞིང་ལུང་བསྟན་གསང་བའི་མེ་ལོང་ཡང་ཞིབ་ཏུ་བསྟན་ཏེ། སྐུ་ཚེ་དེའི་ཐ་མའི་ཞལ་ཆེམས་ལྟ་བུར་བསླབ་བྱ་མཐར་ཕྱིན་པར་མཛད་དེ་ཞག་གསུམ་བཞུགས་ནས་དབེན་དགོན་ཉིད་དུ་ཕེབས་སོ། །མདོར་ན་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་འདི་ཚུལ་ཁྲིམས་གསུམ་གྱིས་ཡང་དག་པར་བསྡམས་ཤིང་ཆགས་སྡང་མགོ་གནོན་པ། ལྷག་པའི་ལྷའི་རྣལ་འབྱོར་ལས་གཡེལ་བ་མེད་ཅིང་བདེ་སྟོང་གི་ཏིང་ངེ་འཛིན་མངའ་བ། རྒྱལ་བ་བློ་བཟང་དོན་གྲུབ་ཀྱིས་དབེན་དགོན་འདི་གཉེར་དུ་གཏད་པའི་བཀའ་ལས་འགོངས་པ་མེད་པར་སྒྲུབ་པའི་སྡེ་འདི་ཁོ་ན་ཐུགས་ཀྱི་དཀྱིལ་དུ་བཅུག་ནས་འཁོར་ལོ་གསུམ་གྱིས་དུས་འདའ་བ་མཛད་དོ།

                  མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་རྣམས་མི་ནུབ་པར་ཡུན་རིང་གནས་པའི་ཕྱིར་རྗེ་བཙུན་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་གསོལ་འདེབས། ཟབ་ལམ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་རྗེ་རིན་པོ་ཆེ་ལ་བརྟེན་པའི་ཕྱི་ནང་གསང་གསུམ་གྱི་བླ་མའི་རྣལ་འབྱོར། ལམ་རིམ་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར། ལྷག་པའི་ལྷ་མང་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མང་པོ། བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་ཆུང་ངུའི་དམིགས་སྐོར། གཅོད་ཀྱི་སྐོར། ཚོགས་འཁོར། རྗེ་རིན་པོ་ཆེའི་སྒྲུབ་ཐབས་མགོན་པོའི་བླ་རྒྱུད་གསོལ་འདེབས། བླ་མའི་བསྟོད་པའི་རིམ་པ། བླ་མ་མཆོད་པའི་ཆོ་ག །ཐེག་ཆེན་ཐུན་མོང་བའི་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཁྲིད། བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་ཚེ་འདི་དོན་དང་ལྡན་པར་བྱེད་པ། བློ་སྦྱོང་དོན་བདུན་བཤད་ཆོས་ཙམ་མ་ཡིན་པར་རྒྱུད་ལ་སྦྱོར་ཚུལ། ཆུ་སྦྱིན་གྱི་དམིགས་སྐོར། དེ་བཞིན་གཤེགས་པ་བཞིའི་དམིགས་སྐོར། དྲིས་ལན་ལེགས་པར་བཤད་པའི་སྙིང་པོ་ཉིན་མོར་བྱེད་པའི་དཔལ་ཞེས་བྱ་བ། ལྟ་སྒོམ་སྐྱོང་བའི་སྙིང་པོ། །གཞན་ཡང་མན་ངག་ཤིན་ཏུ་ཟབ་པའི་ཞལ་གདམས་བཅུ་གཅིག །གཞི་ལམ་འབྲས་བུའི་དཀའ་བའི་གནད་ཀྱི་དྲི་བ་དང་དེའི་ལན་རང་ཉིད་ཀྱིས་མཛད་པ། དབུ་མའི་ཟིན་བྲིས། རྗེ་བཀྲ་ཤིས་རིན་པོ་ཆེ་བའི་དྲི་ལན། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་ཚུལ་དང་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། ཡི་དམ་ལ་བླ་བྲེ་ཕུལ་བའི་གཉེར་གཏད། ཆབ་ཤོག །གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། གཏུམ་པོ་ཁྱུང་ལྔའི་རྗེས་གནང༌། སྐྱེ ར་སྒང་ལུགས་ཀྱི་རྟ་མགྲིན་གྱི་རྗེས་གནང༌། མགོན་པོའི་རྗེས་གནང་བྱེད་ཚུལ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་ངག་འདོན་གྱི་རིམ་པར་བསྒྲིགས་པ། རྟ་མགྲིན་གྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ། སྨྱུང་བར་གནས་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། བླ་མ་ཡི་དམ་དཔལ་དགོན་སྲུང་མའི་ཚོགས་ལ་མཆོད་གཏོར་འབུལ་བའི་རིམ་པ། ཆོས་རྒྱལ་གྱི་སྒྲུབ་ཐབས་བདུད་དཔུང་ཚར་བཅོད་འཕྲིན་ལས་བཞིའི་དངོས་གྲུབ། གཏོར་མའི་ཆོ་གའི་རིམ་པ་དངོས་གྲུབ་ཀུན་འབྱུང་བླ་མ་ལྷ་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། བླ་མ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ལ་སོགས་པ་རྣམས་མཛད་དོ། །དེ་ལྟར་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་ཞིང་འདིའི་སྐུ་དངོས་ཀྱི་གདུལ་བྱ་རྣམས་ཀྱི་དོན་བསྒྲུབ་ཟིན་པ་ན་ཉིད་ཀྱི་དགུང་ལོ་དྲུག་ཅུ་རེ་བདུན་པ། བོང་བུ་ཞེས་པ་ལྕགས་མོ་ཡོས་ཀྱི་ལོ་ཟླ་བ་བཅུ་གཉིས་པའི་ཉེར་ལྔ་ལ་སྐུ་ཚེ་འདིའི་གདུལ་བྱའི་ཐ་མ་འགའ་ཞིག་རྗེས་སུ་གཟུང་བཞེད་པ་དང༌། བྱམས་མགོན་ལ་མཆོད་འབུལ་སྨོན་ལམ་མཛད་བཞེད་པ་སོགས་དགོས་པ་ཁྱད་པར་ཅན་མང་པོ་ཞིག་ལ་དགོངས་ཏེ་རོང་བྱམས་ཆེན་དུ་ཕེབས་ནས་ཇི་ལྟར་བཞེད་པའི་ཐ་མའི་མཛད་པ་རྣམས་མཛད་དེ་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅུ་བཞི་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །

                    དེ་ནས་དགུང་ཞག་བདུན་གྱི་བར་དུ་བསིར་བུའི་རྒྱུ་བ་ཆད་ཅིང་ལྷའི་མེ་ཏོག་གི་ཆར་བབས་སོ། །དེ་ནས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བཀས་མངགས་ཏེ་སྐུ་གདུང་སླར་དབེན་དགོན་དུ་གདན་དྲངས་ནས་ཞུགས་ལ་སྦྱངས། ཞག་ཞེ་དགུའི་བར་དུ་ཚོགས་པས་གུང་ཚིགས་ཡན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བསྒྲུབས་ནས་དབང་བླངས་ཤིང༌། དགུང་གི་རིང་བླ་མ་མཆོད་པའི་ཆོ་ག་མཛད། བཀྲ་ཤིས་ལྷུན་པོ། དགེ་འཕེལ། བྱམས་ཆེན་སོགས་ཆོས་སྡེ་རྣམས་སུ་མང་འགྱེད་དང༌། དངོས་འབུལ་གྱ་ནོམ་པ་མཛད་པ་སོགས་མདོར་ན་གྲྭ་བུ་སློབ། སྡེ་དགོན་གྱི་སྦྱིན་བདག་སོ་སོ་དང་བཅས་ཚང་མས་དད་པ་ཆེན་པོ་ཐུགས་དགོངས་ཡོངས་སུ་རྫོགས་པར་མཛད། དགུང་ཞག་གྲོལ་ནས་སྤུར་ཁང་ཞལ་ཕྱེ་བ་ན། རིང་བསྲེལ་སྲན་མ་ཙམ་ཞིག་སྙིང་པོར་བྱས་ཤིང་ཕྱི་རྣམས་རིང་བསྲེལ་གྱིས་བྱུར་བུར་གཏམས་པའི་ཐུགས་གཉིས། ལྗ གས། སྤྱན། རྩ་དབུ་མ་བྱང་སེམས་དཀར་དམར་གྱིས་གང་བ། དབུ་ཀླད་རིང་བསྲེལ་གྱིས་བྱུར་བུར་གཏམས་པ་སོགས་བྱོ ན་ཞིང༌། རིང་བསྲེ ལ་སིལ་བུ་བ་ནི་ཤིན་ཏུ་མངབར་བྱོན་ནོ། །དེ་ནས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཁས་གྲུབ་ཆེན་པོ་འདི་ཉིད་ཀྱི་སྤུར་ཁང་གི་ས་ཕག་རྣམས་ལ་གཞི་བྱས། ཕྱི་རོལ་ཏུ་སྐུ་ཚེ་བྱིན་རླབས་ཀྱི་མཆོད་རྟེན་ཤིན་ཏུ་ལེགས་པ་ཞིག་དགུང་ཞག་གྲོལ་འཕྲལ་དུ་བཞེངས་དཔལ་འཁོར་ལོ་སྡོམ་པའི་སྒོ་ནས་རབ་གནས་རྒྱས་པར་མཛད་དོ། །དེ་ནས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཉིད་དེ་སྐབས་ཐུགས་གཉེར་གྱི་སྐབས་ཡིན་པ་དང༌། ཐུགས་ངེས་འབྱུང་སྐྱོ་ཤས་ཤིན་ཏུ་ཆེ་བས་རྟེན་བཞེངས་སོགས་ཡོ་ལངས་ལ་མི་དགྱེས་ཀྱང་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱི་སློབ་མ་མང་པོ་དང་སྦྱིན་བདག་མང་པོ་ཞིག་གིས་བསྐུལ་ནས་ཆོས་ཀྱི་རྗེ་བློ་བཟང་རྒྱ་མཚོ་བས་སྦྱིན་བདག་དང་ཞལ་བཀོད་ཀྱི་མཐིལ་མཛད་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་འདྲ་བསྐལ་པ་དང་པོའི་མི་ཚད་ཙམ་གསེར་ཟངས་ལས་གྲུབ་པ་བལྟ་བས་ཆོག་མི་ཤེས་པ་ཞིག་བསྒྲུབས་ཏེ། ལྷ་བཟོ་བ་རྣམས་ཀྱང་འབུལ་ནོར་གྱིས་མཉེས་པར་མཛད། འཁོར་ལོ་བདེ་མཆོག་གི་སྒོ་ནས་རབ་ཏུ་གནས་པ་རྒྱས་པར་མཛད་དེ་བྱིན་རླབས་ཀྱི་གཟི་བྱིན་འབར་བར་བཞུགས་སོ། །

                   དེ་ལྟ་བུའི་དམ་པ་འདི་ལ་དབུས་གཙང་གི་ལྗོངས་འདིར་བུ་སློབ་མང་དུ་བྱུང་བ་རྒྱས་པར་ནི་བརྗོད་པར་མི་སྤོབས་མོད། རགས་པ་ཙམ་སྨོས་ན།  གནས་རྙིང་ནས་རྗེ་རིན་པོ་ཆེ་འཇམ་པའི་དབྱངས། ཇོ་གདན་མཁན་རིན་པོ་ཆེ་ནོར་བཟང་རྒྱ་མཚོ། ཤར་རྩེ་སློབ་དཔོན་པ་རྗེ་ཤཱཀྱ་མཆོག་གྲུབ། ཆོས་རྗེ་བསམ་བློ་ཤེས་རབ་རྒྱལ་མཚན། ཆོས་རྗེ་རྒྱལ་བའི་འབྱུང་གནས། མངའ་རིས་དཀའ་བཅུ་པ་བློ་བཟང་དཔལ་མགོན། མཁན་པོ། སངས་རྒྱས་ཚུལ་ཁྲིམས། མངའ་རིས་མཁན་པོ་བསམ་རྡོར་བ། ཆུ་དབར་རིན་ཆེན་དོན་ཡོད་རྒྱ་མཚོ། དབུས་པ་ཆོས་རྗེ་དགེ་ལེགས་པ། མཚན་སྒྲོག་མཁན་ཆེན་སྡིངས་པ་ནང་སོ། ཀོང་སྟོན་འཇམ་དབྱངས་རྒྱལ་པོ། ཞལ་སྔ་ནས་འཇམ་དཔལ་རྡོ་རྗེ། ཆོས་རྗེ་གུང་རུ་ཤེས་རབ་བཀྲ་ཤིས། ཆོས་རྗེ་ཆོས་དོན་པ་སོགས་བསྟན་པའི་རྩ་ལག་ཏུ་གྱུར་པའི་བཤེས་གཉེན་མཐའ་ཡས་ཤིང་ཐུགས་ཀྱི་སྲས་མཆོག་འཇམ་མགོན་སྙན་བརྒྱུད་ཀྱི་བདག་པོ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ནི་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་གསོལ་བ་འདེབས་ཤིང༌། མཁས་གྲུབ་ཆེན་པོ་འདིའི་རྣམ་ཐར་ལྟར་འཇམ་མགོན་སྙན་བརྒྱུད་འཛིན་པའི་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་ནས་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་རྫོགས་པའི་མན་ངག་ཐོབ་པར་བྱས་ལ་ཐོག་མར་ལམ་ཐུན་མོང་པ་ལ་མྱོང་བ་ཐོན་ངེས་ཤིག་བྱ། དེ་ནས་ཐུན་མོང་མིན་པ་རྡོ་རྗེ་ཐེག་པའི་ལམ་ལ་སྦྱངས་ཏེ་ངེས་པ་རྙེད་པ་ན་བླ་མ་ལྷའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ཏེ་བསྐྱེད་རྫོགས་གཉིས་ལ་མྱོང་བ་ཐོན་ངེས་ཤིག་བྱའོ།། །།  

                                                                                                                                    རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།