མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར་དང་བོ།
སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་གྲུབ་པའི་མཐུས། །ད་ལྟ་བློ་བཟང་བསྟན་པའི་སྙིང་པོ་འཛིན། །དགག་སྒྲུབ་སྤངས་བླང་བྲལ་བའི་རྣལ་འབྱོར་བ། །སངས་རྒྱས་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ། མཁས་གྲུབ་སངས་རྒྱལ་ཡེ་ཤེས་ནི། གཙང་རོང་གི་ཡུལ་ལྷན་དྲུག་བརྒྱར་ཡབ་དགེ་བསྙེན་རྡོ་རྗེ་འཛིན་པ་བླ་མ་རིན་ཆེན་ཞེས་བྱ་བ་དང༌། ཡུམ་ཆོས་བསྟན་ཞེས་བྱ་བ་གཡོ་སྒྱུ་མེད་ལ་རང་བཞིན་གྱིས་ཉོན་མོངས་ཆུང་བ། ངོ་ཚ་ཁྲེལ་ཡོད་དང་ལྡན་པ། སྐྱེ་བོ་ཀུན་གྱི་ཡིད་དུ་འོང་བ་ཞིག་ཡོད་པ་དེ་གཉིས་ཀྱི་སྲས་སུ་ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས་སོ། །འཁྲུངས་མ་ཐག་ཏུ་ཡབ་ཡུམ་གཉིས་ཀྱིས་ཁྲུས་བྱ་བ་དང་དཀར་ཕྱོགས་ཀྱི་ལྷ་རྣམས་མཆོད་པ་དང༌། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་བ་དང་གཉེན་བཤེས་རྣམས་ཚོགས་ཏེ་དགའ་སྟོན་བྱ་བ་སོགས་བཙས་སྟོན་ལུགས་དང་མཐུན་པར་བྱས་སོ། །དེ་ལྟར་འཁྲུངས་པའི་གཞོན་ནུ་དེ་ནི། གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། གསལ་བ། པགས་པའི་མདོག་དཀར་བ། མགོ་གདུགས་ལྟ་བུ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཛར་བ། སྣའི་གཟེངས་མཐོ་བ། འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞིག་ཡོད་པར་གྲགས་སོ། །དེ་ཡང་ཡབ་ཡུམ་དེ་གཉིས་ལ་སྲས་བཞི་མངའ་བས་བདག་ཉིད་ཆེན་པོ་འདི་ཆུང་བ་ཡིན་ལ། དེ་འདྲ་བའི་རྒྱལ་སྲས་གཞོན་ནུ་དེ་ཡབ་ཡུམ་གཅེན་རྣམས་དང་བཅས་པ་ཀྱང་སྨན་གྱི་མྱུ་གུ་ལྟར་བསྐྱངས་པས་རྫིང་གི་པདྨ་ལྟར་དུ་སྐྱེ་དྲག་པར་གྱུར་ཏོ། །
དེ་ལྟ་བུའི་རྒྱལ་སྲས་དེ་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ཉིད་ནའང་སྔོན་ཡུན་རིང་པོ་ནས་ལམ་ལ་གོམས་པའི་བག་ཆགས་བརྟས་པས་རྒྱུད་འཇམ་ཞིང་དེས་པ་དང༌། བྱིས་པའི་སྤྱོད་པ་ངན་པ་གང་གིའང་དབང་དུ་མི་འགྲོ་ཞིང་སྐྱེས་རབས་དུ་མ་པཎ་གྲུབ་ཀྱི་སྐྱེ་བ་བརྒྱུད་མར་བཞེས་པའི་བག་ཆགས་ཀྱིས་རེས་འགའ་ནི་སློབ་དཔོན་གྱི་ཚུལ་དུ་བདག་ཉིད་ཆོས་འཆད་པ་དང༌། རེས་འགའ་ནི་ཏིང་ངེ་འཛིན་སྒོམ་པ་དང༌། རེས་འགའ་ནི་ཆོས་ཀྱི་གཏམ་བྱེད་པ་ལ་སོགས་པའི་ཆོས་ཀྱི་རྩེད་མོ་འབའ་ཞིག་མཛད་ཅིང༌། དེའི་དུས་སུ་རྗེ་གྲུབ་པའི་དབང་ཕྱུག་དབེན་ས་བ་ཆེན་པོས་གཞོན་ནུ་དེ་གཟིགས་པ་ན་ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་བུ་གཅིག་བྱུང་ན་བུ་ཆུང་ངུ་དེ་ལ་དགའ་བ་དང་ཡིད་དུ་འོང་བ་དང་མ་འོངས་ན་རྒྱལ་ཚབ་ཏུ་འགྱུར་བའི་རེ་བས་ཤིན་ཏུ་གཅེས་པར་བྱེད་པ་ཇི་ལྟ་བར་རྒྱལ་བ་དབེན་ས་བ་ཆེན་པོས་རྒྱལ་སྲས་གཞོན་ནུ་དེ་མ་འོངས་པ་ན་རང་གི་ཆོས་ཀྱི་རྒྱལ་ཚབ་ཏུ་འགྱུར་བར་མཁྱེན་ནས་མཉེས་པའི་ཚུལ་མཛད་ཅིང༌། ཡབ་ཡུམ་གཉིས་ལའང་གཅེས་སྤྲས་སུ་བྱ་དགོས་པར་གདམས་སོ། །དེ་ནས་རྒྱལ་སྲས་གཞོན་ནུ་དེ་ཚེ་རབས་མང་པོར་ངེས་འབྱུང་གི་ཚུལ་ཁྲིམས་གོམས་པར་བྱས་པའི་མཐུས་གཞན་གྱིས་བསྐུལ་བ་ལ་མི་ལྟོས་པར། སྐྱེས་རབས་ལས། གལ་ཏེ་ཆོས་སྤྱོད་ཁྱིམ་གྱི་སོ་ནམ་འཆོར། ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། །ཆོས་ཀྱི་ལས་ནི་རབ་ཏུ་ཞི་བ་ཡིན། ཁྱིམ་གྱི་དོན་ནི་དྲག་ཤུལ་ཅན་གྱིས་འགྲུབ། །དེ་བས་ཆོས་དང་འགའ་བའི་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །ཞེས་གསུངས་པ་ལྟར། ཁྱིམ་གྱི་གནས་ནི་ཉོན་མོངས་པ་དང་ཉེས་སྤྱོད་དུ་མའི་འབྱུང་གནས་སུ་གཟིགས་ཤིང༌། གཉེན་དང་ཉེ་དུ་རྣམས་ནི་ཐར་ལམ་བགྲོད་པ་ལ་གེགས་བྱེད་པ་བཙོན་རའི་གཤེད་མ་ལྟ་བུར་གཟིགས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་འབྱུང་བར་འདོད་པ་བཅོས་མ་མིན་པ་སྐྱེས་ཤིང༌། ཡབ་ཡུམ་གཅེན་རྣམས་དང་བཅས་པས་མཐུན་པའི་རྐྱེན་སྦྱར་ཏེ་དགུང་ལོ་བཅུ་ཙམ་ལ་ཉེ་བ་ན། མདོ་སྔགས་ཀྱི་གདམས་པའི་གཏེར་དུ་གྱུར་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོན་ཏན་བཟང་པོའི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ཆོས་སྐྱབས་རྡོ་རྗེ་ཞེས་བཏགས་སོ། །དེ་ནས་ཡི་གེའི་ཕྱི་མོ་ཀློག་པ་དང་བརྡ་སྤྲོད་ཀྱི་གཙུག་ལག་འདོན་པ་དང༌། ཆོས་སྤྱོད་ཐོར་བུ་བ་དག་འཛིན་པ་སོགས་དེ་དང་དེའི་གྲྭར་ཞུགས་པ་ཙམ་གྱིས་དཀའ་ཚེགས་མེད་པ་ཐུགས་སུ་ཆུད། དེ་ནས་བ་སོ་ལྷུན་གྲུབ་བདེ་ཆེན་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོན་ཏན་བཟང་པོ་ལ་མཁན་པོ་གསོལ་བ་བཏབ་སྟེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཤིང༌། རྒྱལ་སྲས་གཞོན་ནུ་དེ་རྟགས་ཆ་ལུགས་བརྗེས་ཏེ་ཆོས་གོས་ངུར་སྨྲིག་བགོས་མྱུར་དུ་འཚང་རྒྱ་བའི་རྟེན་འབྲེལ་དུ་མཚན་སངས་རྒྱས་ཡེ་ཤེས་ཞེས་བཏགས། དྲང་སྲོང་གི་སྣོད་ལྷུང་བཟེད་ལག་ཏུ་ཐོགས་པ་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་ཡོན་གནས་དམ་པ་ཐུབ་པའི་དབང་པོ་གཉིས་པ་ལྟ་བུར་གྱུར་ཏོ། །
དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བླ་མ་ཡོན་ཏན་བཟང་པོའི་དྲུང་དུ་དཔལ་རྡོ་རྗེ་འཇིགས་བྱེད་དང༌། གསང་བ་འདུས་པ། མི་བསྐྱོད་པའི་དབང་བཞི་ཡོངས་རྫོགས་དང༌། ཚེ་དབང་དང༌། མགོན་པོའི་དབང་རྗེས་གནང་སོགས་ཀྱིས་མཚོན་དབང་རྗེས་གནང་དུ་མ་དང༌། བཀའ་གདམས་གླེགས་བམ་གྱི་ལུང་ལ་སོགས་པ་དམ་པའི་ཆོས་མང་དུ་གསན་ནོ། །དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཐུགས་ལ་འདི་ལྟར་དགོངས་པར་ངེས་ཏེ། བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་པ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་གསུངས་པ་ལྟར། མཁས་མང་འདུས་པའི་དབུས་སུ་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་སྦྱོང་བར་བཞེད་དེ་དགུང་ལོ་བཅོ་ལྔ་ལ་བབ་པ་སྒྱུར་བྱེད་ཀྱི་ལོའི་དགུན་ཆོས་ཐོག་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ཐོས་བསམ་གླིང་གི་གདན་ས་པ་རིགས་པའི་དབང་ཕྱུག་བརྩོན་འགྲུས་རྒྱལ་མཚན་གྱི་དྲུང་དུ་མཚན་ཉིད་དང་མཚོན་ཆའི་རྣམ་གཞག་སོགས་སྦྱོར་བ་རྩི་བ་ལ་ཞུགས་ཤིང་ཆོས་བཀའ་ཅི་རིགས་པ་ཡང་གསན་ནོ། །
ལོ་དེའི་དཔྱིད་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཟླ་གྲོགས་གསུམ་བཞི་ཙམ་བསྡེབས་བཅས་ཏེ་སེ་རར་མཁས་པའི་དབང་པོ་རྗེ་བཙུན་དམ་པ་ཆོས་ཀྱི་རྒྱལ་མཚན་པའི་དྲུང་དུ་ཕེབས་པར་བཀའ་བགྲོས་པ་ལས། གྲོགས་པོ་ཞིག་ན་རེ། ང་ནི་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་རང་ཉིད་ཀྱི་དངོས་སློབ་མཁས་པའི་བྱ་བ་གསུམ་ལ་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་རྗེ་རྟ་ནག་པ་དགེ་འདུན་བློ་བཟང་ཞེས་བྱ་བ། ལེགས་གྲུབ་གྲྭ་ཚང་ན་བཞུགས་པ་དེའི་དྲུང་དུ་ཕྱིན་པ་འཐད་ཟེར། དེར་སྐྱེ་བ་སྔ་མ་མང་པོར་འཇམ་དབྱངས་དགེ་འདུན་བློ་བཟང་དང་དཔོན་སློབ་ཏུ་གྱུར་པའི་ལས་འབྲེལ་གྱི་མཐུས་འཇམ་དབྱངས་དགེ་འདུན་བློ་བཟང་གི་མཚན་ཐོས་པ་ཙམ་གྱིས་བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པ་ཞིག་བྱུང་བས་ལེགས་གྲུབ་གྲྭ་ཚང་དུ་སློབ་གཉེར་ལ་འགྲོ་བར་ཞལ་གྱིས་བཞེས། དེ་ནས་མྱང་སྟོད་དུ་བྱོན་པ་ན་ལེགས་གྲུབ་གྲྭ་ཚང་པ་རྣམས་འབྲས་མོའི་དཔྱིད་ཆོས་ལ་འཛོམ་པ་དང་དུས་མཚུངས་ཏེ། འཇམ་པའི་དབྱངས་དགེ་འདུན་བློ་བཟང་པའི་ཞབས་རྡུལ་སྤྱི་བོས་བླངས་ནས། ཐོག་མར་མཚན་མཚོན་གྱི་རྣམ་གཞག །སྤྱི་དང་བྱེ་བྲག་གི་རྣམ་གཞག །དྲུག་སྒྲ་དང་བྱེ ད་ཚིག་སོགས་རྣམ་དབྱེའི་རྣམ་གཞག །རྟགས་དང་ཐལ་འགྱུར་འཕེན་ལུགས་སོགས་རིགས་པའི་སྒོ་འབྱེད་སྦྱོར་བ་བརྩི་བ་སོགས་མཛད་པས་རིགས་པའི་སྒོ་ལེགས་པར་ཕྱེ་སྟེ། མཐར་དགུན་ཆོས་ལ་འཇམ་དབྱངས་དགེ་འདུན་བློ་བཟང་གི་དྲུང་དུ་ཚད་མ་རྣམ་འགྲེལ་གྱི་སྤྱི་དོན་དང༌། མཐའ་གཅོད་མཛུབ་ཁྲིད་སོགས་བཀའ་ལུང་ཡང་དག་པར་མནོས་སོ། །
དེའི་ཚེ་འཇམ་དབྱངས་དགེ་འདུན་བློ་བཟང་གིས་ཐེག་པ་གསུམ་གྱི་ལམ་གྱི་གནད་ཐམས་ཅད་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་ཏེ་གཏན་ལ་འབེབས་པ་ལ་ཟླ་དང་བྲལ་བའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་དཔྱིས་ཕྱིན་པར་བཤད་དེ་ཐོག་མར་རྩ་བ་དྲངས་ཏེ་འཕྲོས་མཚམས་སྦྱར། དེ་ནས་བརྗོད་བྱའི་ཁོག་ཕུག་པའི་སྤྱི་དོན། དེ་ནས་ལམ་གྱི་ཡན་ལག་མཐའ་དག་ལ་ངེས་ཤེས་དྲང་བའི་མཐའ་གཅོད། གཞུང་རང་རང་གི་བརྗོད་བྱའི་སྙིང་པོ་རང་ལུགས་བཤད་པ་དེ་ལ་རྩོད་སྤོང་རྣམས་རྩི་ཤག་འཛིན་ཆོས་སུ་མཛད་པ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་སྐོར་འགོ་མཛད་དེ་ཡོངས་རྫོགས་ཐུགས་སུ་ཆུད་པར་མཛད། སླར་ཡེ་གེར་ཕབ་སྟེ་ད་ལྟ་ཐོས་བསམ་གླིང་དུ་འཇམ་དབྱངས་དགེ་འདུན་བློ་བཟང་གི་རྣམ་འགྲེལ་གྱི་ཡིག་ཆ་ཞེས་གངས་རིའི་ཁྲོད་འདིར་ཚད་མ་རྣམ་འགྲེལ་གྱི་སྤྱི་དོན་མཐའ་གཅོད་ལ་འགྲན་ཟླ་དང་བྲལ་བ་འདི་བྱུང་བ་ཡིན་ནོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn