རྒྱལ་བ་དབེན་ས་བ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་དགུ་བ།
ལྟ་ཁྲིད། བཅོམ་ལྡན་འདས་མི་འཁྲུགས་པ་ལ་བརྟེན་ནས་སྒྲིབ་པ་སྦྱོང་ཚུལ། ཕྱག་དྲུག་སྒྲུབ་སྐོར་ལ་མགོན་པོ་བྲམ་ཆེན་གྱི་སྒྲུབ་ཐབས། ལྷ་བཞི་དྲིལ་སྒྲུབ། མགོན་པོ་ཚེ་བདག་གི་སྒྲུབ་ཐབས། མགོན་པོ་དབང་རྒྱལ་སྒྲུབ་ཐབས། ཡེ་ཤེས་མགོན་པོ་གསང་སྒྲུབ། མགོན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྗེས་གནང་འཁོར་ལོའི་མན་ངག་དང་བཅས་པ། གྲིབ་སེལ་དབང་སྡུད། གནད་འབེབས། རྟེན་གཞི་གནད་གསུམ། ཡང་དབང་སྡུད་དང་ནང་སྒྲུབ། ཧྰུཾ་དྲུག་གི་ཞལ་ཤེས་དམིགས་སྐོར། སྙིང་ཞུགས་འཕོ་བ་ཞལ་ཤེས་དང་བཅས་པ་རྒྱས་བསྡུས། བླ་མ་མགོན་པོ་དབྱེ ར་མེད་ཀྱི་ཞལ་ཤེས་གཉིས། ལས་སྦྱོར་དང་གྲིབ་སེལ་གྱི་དམིགས་སྐོར། དམ་ཅན་གཤེན་རྗེའི་རྒྱལ་པོའི་སྒྲུབ་ཡིག་རྒྱས་འབྲིང་བསྡུས་གསུམ། གཤིན་རྗེ་དཀར་སེར་དམར་པོ་ལ་བརྟེན་པའི་ཞི་རྒྱས་དབང་གསུམ་གྱི་མན་ངག །གཤིན་རྗེ་དམར་པོ་ལ་བརྟེན་པའི་དབང་གི་འཕྲིན་ལས་སྒྲུབ་ཚུལ།
གཤིན་རྗེ་དཀར་སེར་སྦྲགས་སྒྲུབ་ལ་བརྟེན་པའི་ཞི་རྒྱས་དངོས་གྲུབ་སྒྲུབ་པའི་མན་ངག །ལྷ་མོ་ཕྱག་བཞི་མའི་སྒྲུབ་ཐབས། མ་ཅིག་རྡོ་རྗེ་རབ་བརྟན་མ་ལ་མཆོད་གཏོར་འབུལ་ཚུལ། ཆོས་སྐྱོང་སྤྱིའི་བསྐུལ། བྲུལ་གཏོར་གྱི་ཆོ་ག །གཏོར་མའི་བསྔོ་བ། ཆུའི་བཅུད་ལེན་གྱི་སྙིང་པོ། བྲིས་སྐུ་མཐོང་བ་དོན་ལྡན་འབྲི་ཚུལ། རྟེན་ལ་གཟུངས་གཞུག་འབུལ་ཚུལ་སོགས་ཉེ་བར་མཁོ་བའི་རིམ་པ། བཀྲ་ཤིས་ལྷུན་པོར་བཤེས་གཉེན་བྱོན་པ་དང་འབྱོན་འགྱུར་གྱི་བཤེས་གཉེན་ལུང་བསྟན། སྙིང་པོའི་མན་ངག་གི་དོགས་གཅོད་དང་སྤྲུལ་སྐུ་བསོད་ནམས་རྒྱ་མཚོའི་ལུང་བསྟན། རྗེ་བླ་མའི་བསྟན་པའི་གནས་ཚད། ཀུན་མཁྱེན་ལེགས་དོན་པའི་གསང་མཚན་གྱི་དོགས་གཅོད་འཕྲོས་དང་བཅས་པ། ལུང་བསྟན་གདམས་ངག་མ་བཀའ་རྒྱ་བཏབ་པ་འཕྲོས་དང་བཅས་པ། ཤཱནྟི་པ་བློ་གྲོས་རྒྱལ་མཚན་ལུང་བསྟན་པ། ཆབ་མདོ་ཆོས་རྗེ་མི་གཡོ་སྙིང་པོའི་ཞུས་ལན། ལུང་བསྟན་གསང་བའི་མེ་ལོང་ལས་དགེ་ལྡན་བསྟན་འཛིན་ཇི་ལྟར་འབྱུང་བ་ཆེ་ལོང་ཙམ་གྱི་ལུང་བསྟན་པ། རྗེ་དགེ་འདུན་བློ་བཟང་གི་ཞུ་ལན། མཁས་གྲུབ་ལེགས་པ་དོན་གྲུབ་ཀྱི་རྣམ་ཐར། ལེགས་པ་དོན་གྲུབ་ཀྱི་གསང་བའི་རྣམ་ཐར། རྗེ་སྐྱབས་མཆོག་དཔལ་བཟང་གི་རྣམ་ཐར་དང་གསང་བའི་རྣམ་ཐར། བསྔོ་བའི་རིམ་པ། ལྟ་བའི་ཡིག་ཆུང༌། འཇམ་དབྱངས་དམར་སེར་ལ་བརྟེན་པའི་བླ་མའི་རྣལ་འབྱོར། བླ་མ་འཇིགས་བྱེད་ཡབ་ཡུམ་གྱི་རྣལ་འབྱོར་གྱི་སྙིང་པོ། ཆོས་རྒྱལ་ནང་སྒྲུབ་འཁོར་བཅས་ཀྱི་སྒྲུབ་ཡིག་འབྲིང་པོ་རྣམས་མཛད་དོ། ། དེ་ལྟར་རྒྱལ་བ་དབེན་ས་པ་ཆེན་པོས་སྐུ་དངོས་ཀྱིས་གདུལ་བའི་མཛད་པ་མཐར་ཕྱིན་པར་མཛད་ནས། དཔའ་བོ་གཡུལ་ལས་རྒྱལ་བའང་། དེད་དཔོན་ནོར་བུ་ལོན་ནས་རང་དུ་ལོག་པ་ལྟར་དུ། ཚེར་མ་ལ་བརྟེན་པའི་བརྙེས་ཚུལ་ཅུང་ཟད་བསྟན་པའི་མུ་ནས། རྗེ་བཙུན་བླ་མ་དམ་པ་སངས་རྒྱས་ཡེ་ཤེས་ཉིད་ཀྱི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་ཏེ་ཟད་བྱེད་ཅེས་པའི་ལོ་ཆོ་འཕྲུལ་ཟླ་བའི་ཉེར་གསུམ་ལ་ཐ་མལ་གྱི་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད། དེའི་ཚེ་དགུང་ཞག་མ་གྲོལ་གྱི་བར་དུ་ནམ་མཁའ་ལས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་པ་དང༌། འཇའ་འོད་ཀྱི་བླ་བྲེ་ཕྱོགས་མཚམས་སུ་བྲེས་པ་ལ་སོགས་པ་སྐྱེ་བོ་ཀུན་གྱི་ཡིད་འཕྲོག་པའི་ལྟས་དང་མཚན་མ་ངོ་མཚར་བ་བསམ་གྱིས་མི་ཁྱབ་པ་བྱུང་བར་གྱུར་ཏོ། །དེ་ནས་དད་ལྡན་ཐམས་ཅད་ཀྱིས་སྐུ་གདུང་རིན་པོ་ཆེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཚད་མེད་པས་མཆོད་དེ་སྨོན་ལམ་བཏབ་ནས་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པ་ནམ་ཡང་མི་ཉམས་པར་འཕེལ་བའི་རྟེན་འབྲེལ་དུ་སྐུ་གདུང་རིལ་པོར་མ་ཉམས་པ་དབེན་ས་ཆོས་ཀྱི་ཕོ་བྲང་ཉིད་ན་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བྱིན་རླབས་ཀྱི་གཟི་འོད་འབར་བར་བཞུགས་སོ། །
དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྒྱལ་བ་དབེན་ས་པ་ཆེན་པོ་བློ་བཟང་དོན་གྲུབ་གསོལ་བ་འདེབས་ཤིང༌། བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་ཚེ་འདིའི་བྱ་བྱེད་བྱིས་པའི་རོལ་རྩེད་དང་འབྲས་བུ་མེད་པའི་སྤུན་པ་ཕྱར་བ་དང་སྨྱོན་པའི་ཟློས་གར་ལྟར་བལྟས་ཏེ་ཚེ་འདིའི་འཁྲི་བ་ཆོད་པ་ཞིག་བྱ་བ་དང༌། འཁོར་བའི་ཕུན་ཚོགས་དུག་སྦྲུལ་གྱི་གདེངས་ཀའི་གྲིབ་བསིལ་ལྟར་ཡིད་བརྟན་མི་རུང་བ། གནོད་པ་དུ་མའི་འབྱུང་གནས་སུ་བལྟས་ཏེ་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་བཅོས་མ་མིན་པ་ཞིག་བསྐྱེད་པ་དང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་བསྐྱེད་ཅི་ཐུབ་བྱ་བ་དང༌། ཆོས་ཐམས་ཅད་སྣང་ཞིང་སྟོང་པ་སྟོང་ཞིང་སྣང་བའི་རྟེན་འབྲེལ་ཟབ་མོའི་ངེས་པ་གཏིང་ཚུགས་པ་ཞིག་བཙལ་ལ་གང་སྣང་སྒྱུ་མའི་རྣམ་རོལ་ཏུ་བལྟ་བ་དང༌། ཟབ་ལམ་བླ་མ་ལྷའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ཏེ་བསྐྱེད་རྫོགས་ཟུང་འབྲེལ་ལ་སློབ་པ་དང༌། འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ཐོབ་པར་བྱས་ལ་དབེན་པའི་རི་སུལ་དུ་སྒྲུབ་པ་མཐར་ཕྱིན་པ་ཞིག་བྱ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་ཅིང་ཐ་ན་སྨོན་ལམ་གྱི་ཡུལ་དུའང་བྱས་ཏེ་བློ་སྦྱང་བར་བྱའོ།། །།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn