རྒྱལ་བ་དབེན་ས་བ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-18 20:43:47     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

168526773371505757.jpg

                     དེའི་ཚེ་རྗེ་སྐྱབས་མཆོག་དཔལ་རྒྱལ་བ་དབེན་ས་པ་ཆེན་པོ་ལ་ཞལ་གདམས་འདི་ལྟར་མཛད་དེ། ཁོ་བོས་ཀྱང་སྡེ་དགོན་གྱི་བདག་སྤངས། ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། ལོ་འདོད་དང་ཁེ་གྲགས་སྤངས་ནས་སྦས་པའི་ཚུལ་བཟུང་སྟེ། དགེ་སྦྱོར་འབའ་ཞིག་ལ་འབུངས་པས་ཚེ་ཡང་རིང་དུ་སླེབས། སེམས་དབེན་དང༌།  སྒྱུ་ལུས། འོད་གསལ། ཟུང་འཇུག་གི་བར་གྱི་རྟོ གས་པ་ཁྱད་པར་ཅན་འདི་བཞིན་སྐྱེས་པ་ཡིན་ནོ། ཁྱོད་ཀྱིས་ཀྱང་ཚེ་འདི་དོན་དུ་གཉེར་བའི་མིའི་ཁ་ལ་མ་ཉན་པར་དབེན་པར་དགེ་སྦྱོར་རྩེ་གཅིག་ཏུ་གྱིས་ཤིག །ཅེས་གསུངས་ཤིང༌། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་བྱ་ཚུལ། ཁྱད་པར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྙན་བརྒྱུད་ཀྱི་བསྟན་པ་འཛིན་ཅིང་སྤེལ་ལུགས་སོགས་ཞལ་གདམས་མཐར་ཕྱིན་པར་གནང་སྟེ་རྗེ་སྐྱབས་མཆོག་དཔལ་བ་ཆོས་བདག་པོ་ལ་ཕྲོད་པས་ཐུགས་ཚིམ་ཞིང༌། དེད་དཔོན་ཡིད་བཞིན་གྱི་ནོར་བུ་ཐོབ་སྟེ་རང་ཡུལ་དུ་དགའ་བཞིན་དུ་འགྲོ་བ་ལྟར་རྒྱལ་བ་ཙོང་ཁ་པའི་མན་ངག་ལ་བརྟེན་ནས་ས་ལམ་རིམ་གྱིས་འགྲོད་དེ་ཟུང་འཇུག་དབང་གི་རྒྱལ་པོ་ཐོབ་པས་ནམ་མཁའ་མ་ཟད་ཀྱི་བར་དུ་འགྱུར་བ་མེད་པའི་གདེང་ཐོབ་ནས་རྣམ་སྨིན་གྱི་སྐུ་ལུས་རགས་པ་དོར་ཏེ་འཇའ་ལྟར་ཕྲ་ཞིང་རྒྱུན་འཆད་པ་མེད་པའི་ཟུང་འཇུག་གི་སྐུ་འཇམ་མགོན་བླ་མ་གང་དུ་བཞུགས་པའི་ས་སོགས་ཞིང་ཁམས་རབ་འབྱམས་སྤྲུལ་པས་འགེངས་ཤིང་བཞུགས་སོ། །

                  དེ་ལྟར་རྒྱལ་བ་དབེན་ས་པ་ཆེན་པོས་རྗེ་བཙུན་སྐྱབས་མཆོག་དཔལ་བཟང་གི་ཞབས་དྲུང་ནས་གསང་བདེ་འཇིགས་གསུམ་གྱི་དབང་ལུང་མན་ངག་སོགས་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་ཞིང་རྫུ་འཕྲུལ་གྱི་བཀོད་པ་མཐའ་ཡས་པ་བསྟན་པ་སོགས་བླ་མ་ལྷའི་གཟིགས་སྣང་ངོ་མཚར་རྨད་དུ་བྱུང་བའི་ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི། འཇམ་དབྱངས་བླ་མས་དབང་བསྐུར་བྱི ན་རླབས་ཚེ། །རྫུ་འཕྲུལ་དག་པའི་སྣང་བ་དཔག་མེད་དང༌། །བླ་མ་ལྷག་པའི་ལྷར་གཟིགས་དབེན་ས་པ། །བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་སོ། །དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོ་དགུང་ལོ་བཅུ་བདུན་བཞེས་པ་ན། ཕྱོགས་ཀུན་ཏུ་འབྲུམ་ནད་ཀྱིས་ཁྱབ་ཅིང་། རྗེ་ཉིད་ཀྱང་སྐུ་འབྲུམ་གྱིས་བསྙུན་ནས་ཡོད་པ་ལ། ཉིན་གཅིག་ཆབ་སྒོར་རྟེ ན་འབྲེ ལ་བསྟོད་པ་ཁ་ཏོན་དུ་བྱེ ད་པ་ཞིག་བྱུང་བ་ན་དེའི་གསུང་གི་གདངས་ཐོས་པ་ཙམ་གྱིས་ལུས་ཀྱི་སྤུ་ཟིང་ཞེས་བྱེ ད་ཅིང་སྣང་བ་གཏིང་ནས་འགྱུར་བ་ཞིག་བྱུང་བས། ཕྱིར་ཕེབས་ཏེ་གཟིགས་པ་ན་དགེ་སློང་སྨ་ར་དཀར་པོའི་ཨག་ཚོམ་ཅན། ཕྱག་དར་ཁྲོད་ཀྱི་ཆོས་གོས་གསོལ་བ། ཤིན་ཏུ་དང་བ་འདྲེན་པ་ཞིག་འདུག་པས། ནང་དུ་སྤྱན་དྲངས་པ་ན་གྲུབ་ཆེན་གྱིས་དོན་དུ་འགྱུར་བ་མཁྱེན་ནས། ཆ་རྐྱེན་དང་འཚམ་པར་བསྙེན་བཀུར་བ་ཡང་ལེགས་པར་བཞེས། དེ་ལྟར་རྒྱལ་བ་དབེན་པ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེ་དང་ཐོག་མར་འཇལ་བའི་ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི། ཁྱད་པར་ངང་པའི་རྒྱལ་པོས་པད་མཚོར་བཞིན། །རྟོགས་པའི་མངའ་བདག་དྷརྨ་བཛྲ་ཞབས། །བསམས་བཞིན་ཡོངས་དག་སྐྱེས་བུ་ཁྱོད་དྲུང་ཕེབས། །དང་པོའི་རྟེན་འབྲེལ་ལེགས་འགྲིག་དབེན་ས་པ། །བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་སོ། །དེའི་ཚེ་རྒྱལ་བ་དབེན་ས་པ་ཆེན་པོའི་ཐུགས་ལ་འདི་ནི་གྲུབ་པ་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་གོར་མ་ཆག་གོ་སྙམ་དུ་དགོངས་ཏེ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ལས། དེ་ཉིད་ཚུལ་ལ་ལེགས་པར་བརྟགས་པ་ན། །གསང་བའི་མཛོད་འཛིན་ཆོས་ཀྱི་རྒྱལ་མཚན་གྱིས། །ཐུགས་སྲས་མཆོག་ཏུ་ལེགས་གཟིགས་དབེན་ས་པ། །བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་གདམས་པའི་གཏེར་དུ་གྱུར་པའི་གྲུབ་མཆོག་ཏུ་གཟིགས་ནས་རྗེས་སུ་འཛིན་པར་ཞུས་པས་གྲུབ་ཆེན་ཆོས་རྡོ་རྗེས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ་བཀྲ་ཤིས་རྫོང་དགའི་ཕུའི་མགར་མོ་ཆོས་རྫོང་དུ་དུས་འདི་ཙམ་ལ་ཤོག་ཅེས་བཀའ་གནང་།

                    དེ་ནས་རྒྱལ་བ་དབེན་ས་པས་འབྲུམ་བུའི་བསྙུན་ལས་གྲོལ་མ་ཐག་བླ་མ་གྲུབ་ཆེན་གྱིས་ཇི་ལྟར་གསུང་བའི་དུས་ཚོད་དེ་ལས་ཡོལ་བ་མེད་པར་དབེན་གནས་མགར་མོ་ཆོས་རྫོང་དུ་ཕེབས། གྲུབ་ཆེན་ཆོས་རྡོ་རྗེ་མཉེས་གསུམ་གྱིས་མཉེས་པར་བྱས་ནས་རྒྱལ་བ་ཙོང་ཁ་པའི་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་ཞིག་གནང་བ་ཐུགས་རྗེས་གཟུང་འཚལ་ཞེས་གསོལ་བ་བཏབ་པས་གྲུབ་མཆོག་ཆོས་རྡོ་རྗེ་ཀྱང་དགྱེས་བཞིན་དུ་ཐོག་མར་མདོ་སྔགས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་མཐའ་དག་སྙིང་པོར་བསྡུས་ཏེ་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་བ། ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་གྱི་ས་ལམ་འབྲས་བུ་དང༌། བཅས་པའི་ལམ་གྱི་གནད་ཐམས་ཅད་ཚང་བ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་མན་ངག་ཞལ་ཤེས་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། བདེ་གསང་འཇིགས་གསུམ་སོགས་བླ་མེད་ཀྱི་དབང་དང་རིམ་གཉིས་ཀྱི་མན་ངག་རྣམས་ཡོངས་སུ་རྫོགས་པ་གནང་སྟེ་རྒྱལ་བ་དབེན་ས་པ་ཆེན་པོ་འཇམ་མགོན་སྙན་བརྒྱུད་བསྟན་པའི་བདག་པོར་མངའ་གསོལ་ལོ། །རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེ་ལ་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ཡོངས་རྫོགས་གསན་པའི་ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི། དེ་ནས་དེ་ཉིད་ཞབས་གཏུགས་གསོལ་བཏབ་པས། །བློ་བཟང་གདམས་པའི་སྙིང་པོ་མ་ལུས་སྩལ། །སྙན་བརྒྱུད་གདམས་པའི་གཏེར་གྱུར་དབེན་ས་པ། །བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་སོ། །

                   དེ་ནས་གྲུབ་ཆེན་ཆོས་རྡོ་རྗེ་དང་རྒྱལ་བ་དབེན་ས་པ་ཆེན་པོ་གཉིས་དཔོན་སློབ་ལྷན་ཅིག་དབུས་གཙང་གི་ལྗོངས་དེ་དང་དེར་སྐལ་ལྡན་གྱི་གདུལ་བྱ་དུ་མ་རྗེས་སུ་འཛིན་པ་དང༌། མཐོང་ཐོས་དྲན་རེག་གིས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབ་པའི་རྟེན་འབྲེལ་ཁྱད་པར་ཅན་བསྐྲུན་པའི་ཕྱིར། གངས་རིའི་ཁྲོད་ཀྱི་གནས་དང་ཡུལ་ལྗོངས་ཕལ་མོ་ཆེར་བཀྲ་ཤིས་པའི་མཚན་དང་ལྡན་པའི་ཞབས་རྡུལ་གྱིས་རེག་པ་སྩལ་ཞིང༌། མཐར་གྲུབ་པའི་གནས་མཆོག་པདྨ་ཅན་དུ་ཕེབས་ཏེ་ཡུན་རིང་དུ་སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་ལ་གཞོལ་མཛད། དེ་ནས་གྲུབ་ཆེན་ཆོས་རྡོ་རྗེ་རྒྱལ་བ་དབེན་ས་པ་ཆེན་པོ་ལ་སྤྲུལ་པའི་གླེགས་བམ་གཏད་དེ་བཀའ་རྒྱ་དམ་པོ་བཏབ། རེ་ཤིག་ཚེ་འདི་བློས་བཏང་སྟེ་དབེན་པའི་རི་སུལ་དུ་སྒྲུབ་པ་སྙིང་པོར་མཛད་དགོས་པ་དང༌། མཐར་མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ལ་ཉམས་ལེན་མཐར་ཕྱིན་ཏེ་རང་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་སྐལ་བ་དང་ལྡན་གཞན་དག་ལ་སྙན་བརྒྱུད་ཀྱི་མན་ངག་ཇི་ལྟར་སྟོན་ལུགས་སོགས་ཞིབ་ཏུ་འདོམས་པར་མཛད་དོ། །

                   དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེའི་ཞལ་གདམས་དང༌། སྔར་རྗེ་སྐྱབས་མཆོག་དཔལ་བཟང་གིས་ཀྱང་གདམས་པ་ལྟར་འཇིག་རྟེན་གྱི་ཆོས་བརྒྱད་ལ་དགའ་མི་དགའི་རྣམ་རྟོག་དོར་ཏེ་ཆོས་བརྒྱད་འགོ་སྙོམས་ཆེ་འདིའི་འཁྲི་བ་ཕྲ་མོའང་མེད་པར་མཐོ་མཐོ་རླུང་ལ་བསྐུར་དམའ་དམའ་ཆུ་ལ་བསྐྱུར་ཞེས་དམ་པ་གོང་མའི་གསུང་བགྲོས་ལས་འབྱུང་བ་ལྟར་ཕྱི་ནང་གི་སྤྲོས་པ་བཙན་ཐབས་སུ་བཅད་དེ་དབེན་གནས་རྣམས་སུ་ཟབ་ལམ་སྙིང་པོའི་རྣལ་འབྱོར་ལས་སྐད་ཅིག་ཀྱང་གཡེལ་བ་མེད་པར་ཤུགས་དྲག་ལ་རྒྱུན་མི་འཆད་པའི་གོམས་པ་བསྲི ངས་ཏེ། ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅས་པའི་སྐུ་ཤ་རུལ་བ་ལ་ལྕི་བའི་ཐལ་བ་འཇམ་པོ་བཏབ།གཞན་བཅོས་སོགས་མ་མཛད་པར་ཐུགས་དམ་བརྩོན་པ་ཆེར་མཛད་པས་རིང་པོ་མ་ལོན་པར་དྲན་ཤེས་ཀྱི་འབད་རྩོལ་ལ་མ་ལྟོས་པར་ཉིན་མཚན་ཁོར་མོ་ཡུག་ཏུ་མཉམ་པར་འཇོག་ནུས་པའི་ཏིང་ངེ་འཛིན་ནི་བརྙེས། དེ་ལ་བརྟེན་འདོད་པའི་ཉོན་མོངས་མངོན་གྱུར་འགོ་གནོན་ནུས་པ་དང་རིམ་གྱིས་སེམས་དགེ་བ་ལ་འཇུག་མི་ནུས་པའི་འཚེར་ངད་ཀྱི་རྣམ་པར་སངས་ཏེ་དགེ་བའི་དམིགས་པ་ལ་ཅི་འདོད་དུ་འཇོག་ནུས་པ་དང༌། སྐུ་ལུས་ཀྱི་རླུང་གནས་ངན་ལེན་སྐྱེད་བྱེད་རྣམས་ནི་འགགས། ལུས་སེམས་ལས་སུ་རུང་བའི་བདེ་ཆེན་ཁྱད་པར་ཅན་ཐུགས་ལ་འཁྲུངས་དེའི་མཐུས་རི་རབ་སོགས་ལ་གཟིགས་པ་ན་རྡུལ་ཕྲ་རབ་ཀྱང་བགྲང་ཐུབ་པ་ལྟ་བུའི་གསལ་ཉམས་ཀྱང་བྱུང་གསུང་ངོ༌། །དེ་ནས་རེ་ཞིག་ན་དགེ་འཕེལ་དུ་བཞུགས་པའི་དུས་ཐོ་རངས་རྗེ་འདི་ཉིད་བཞུགས་ས་ནས་ཁང་པ་སྐྱ་སྦྲེལ་མང་པོའི་ནང་གཅིག་ནས་གཅིག་ཏུ་སྐྱ་སྦྲེལ་ལ་ཐོགས་པ་མེད་པར་བྱོན་པས་རྫུ་འཕྲུལ་དེ་མཐོང་བ་ཀུན་ངོ་མཚར་དུ་གྱུར་ཏོ། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།