སྤྱན་སྔ་བློ་གྲོས་རྒྱན་མཚན་གྱི་རྣམ་ཐར་དང་བོ།

སྤྱན་སྔ་བློ་གྲོས་རྒྱལ་མཚན་ནི་ལྷས་ལུང་པ་གྲ་ནམ་ཁང་ཞེས་བྱ་བར་དགྱེས་བྲམ་ཟེ་ལྷས་གནང་གི་རིགས་སུ། ཡབ་དགྱེར་དབོན་པོ་ཆོས་སྐྱབས་དང༌། ཡུམ་ཇོ་མོ་བླ་འབུམ་གཉིས་ཀྱི་སྲས་སུ་ཆུ་ཕོ་རྟའི་ལོ་སྐུ་འཁྲུངས། སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་བག་ཆགས་བརྟས་པས་འཁྲུངས་ཙམ་ཉིད་ནས་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ་ཆོས་ཁོ་ན་ཡིད་ལ་སེམས་པ་ལས་བྱ་བ་གཞན་གང་ཡང་མི་སེམས་པ་ཞིག་བྱུང་ཞིང༌། དགུང་ལོ་བདུན་པའི་དུས་སུ་ཁུ་བོ་སྤྱན་སྔ་རིན་ཆེན་ཀུན་དགའ་བློ་གྲོས་པའི་དྲུང་དུ་རབ་ཏུ་བྱུང༌། མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོར་གསོལ། རབ་ཏུ་བྱུང་མ་ཐག་ནས་སོ་ཐར་གྱི་བཅས་མཚམས་རྣམས་མིག་འབྲས་ལྟར་བསྲུང་ཞིང༌། མཁས་གྲུབ་ཐམས་ཅད་མཁྱེན་པ་དང༌། ཆོས་རྗེ་བློ་གྲོས་པ་སོགས་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ་ཚད་མ་དང༌། ཕར་ཕྱིན་དང༌། འདུལ་བ་དང༌། མངོན་པ་དང༌། དབུ་མ་རྣམས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་དེ། གཙང་དབུས་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད། དགུང་ལོ་ཉི་ཤུ་ལོན་པའི་ཚེ་ཚོགས་ཆེན་པོའི་མཁན་པོ་ཡོན་ཏན་རིན་ཆེན་པས་མཁན་པོ་དང༌། ལས་སློབ་སློབ་དཔོན་ནོར་བཟང་བ་དང༌། གསང་སྟོན་སོགས་དགེ་འདུན་རྣམ་པར་དག་པ་རྣམས་ཀྱི་དབུས་སུ་བསྙེན་པར་རྫོགས་པར་མཛད་ནས་གནས་བརྟན་འོད་སྲུང་ཆེན་པོ་སླར་ཡང་ལྗོངས་འདིར་བྱོན་པ་ལྟ་བུར་གྱུར་ཏོ། །
དེ་ནས་མལ་གྲོ་སྤང་སར་རྗེ་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་བའི་ཞབས་དྲུང་དུ་བྱོན་ཏེ། བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་ཏུ་བསྟེན་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་མན་ངག་རྣམས་ཡོངས་སུ་རྫོགས་པར་གསན། དེ་དུས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་བ་ལ་བླ་མ་འདི་ལ་སྙན་བརྒྱུད་ཀྱི་མན་ངག་རྣམས་མཐིལ་ཕྱིན་པར་བསྟན་དགོས་པའི་ལུང་བསྟན་བྱུང་བ་ལྟར་རྗེ་བཙུན་དམ་པ་འཇམ་དཔལ་རྒྱ་མཚོ་བས་བླ་མ་འདི་ལ་གཞན་སུ་དང་ཡང་མི་མཉམ་པའི་མཐོང་མཛད་དེ་གཅེས་པར་བསྐྱངས་ཏེ་མན་ངག་མཐའ་དག་རྫོགས་པར་གནང༌། དེ་ནས་སེམས་དཔའ་ཆེན་པོ་འདིས་ཚེ་འདིའི་གཉེན་ལུས་ལོངས་སྤྱོད་གང་ལའང་མ་ཆགས་པར་དབེན་པའི་གནས་རྣམས་སུ་བསྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པས་ལམ་ཐུན་མོང་བ་དང་ཐུན་མོང་མིན་པའི་རིམ་པ་ཐམས་ཅད་ལ་རྟོགས་པའི་གདེང་ཐོབ། དེ་ནས་སྐམ་དགོན་གྱི་གདན་སར་གདན་འདྲེན་ཡང་ཡང་ཞུས་ཀྱང་སྲིད་པའི་ཕུན་ཚོགས་སྲིན་མོའི་སླུ་བྲིད་ལྟར་གཟིགས་ནས་འཇིགས་ཤིང་སྐྲག་པས་བྱོལ་ཐབས་མཛད་དེ་ཕེབས་མ་བཞེད་པར་དབེན་པའི་གནས་སུ་བསྒྲུབ་པ་རྩེ་གཅིག་ཏུ་མཛད། སྐམ་དགོན་གྱི་གདན་ས་པ་ལན་བཞི་ཙམ་བརྗེ་རེས་ཀྱི་སེམས་དཔའ་ཆེན་པོ་འདི་ལ་ཐམས་ཅད་ཀྱིས་གསོལ་བ་བཏབ་ཀྱང་ཕེབས་དུ་མ་བཞེད། ལན་བཞི་པའི་དུས་སུ་ཕྱོགས་དེའི་གྲྭ་བུ་སློབ་སྐྱ་སེར་ཚང་མས་མགྲིན་གཅིག་ཏུ་གདོང་མཆི་མ་དང་བཅས་ཏེ་གཙུག་ལག་ཁང་གི་ལྡེ་མིག་ཕྱག་ཏུ་ཕུལ་ཏེ་ད་གདན་ས་འདིའི་བདག་པོ་མཛད་ཀྱང་ཁྱེད་མཁྱེན།མི་མཛད་ཀྱང་ཁྱེད་མཁྱེན།ཞེས་གསོལ་བ་བཏབ་པ་རྗེ་རིན་པོ་ཆེའི་བསྟན་རྒྱུན་ལ་དགོངས་ནས་ཕྱིན་ཆད་འཇིག་རྟེན་གྱི་བྱ་བྱེད་གང་ལའང་ཐེ་མི་དགོས་པ་དང༌། ཆོས་ཕྱོགས་ནས་བཀའ་གང་གནང་ཞུ་བ་དང༌། བཀའ་གདམས་ཀྱི་རྣམ་ཐར་གཙང་མ་བསྲེ་བསླད་མེད་པར་སྐྱོང་བ་སོགས་ཀྱི་རྩིས་ཀ་བཟུང་ནས་ཞལ་གྱིས་བཞེས་ཏེ་གདན་སར་ཕེབས། དེ་ནས་རྒྱུན་པར་ཁོར་ཡུག་ཏུ་སྐུ་མཚམས་མཛད་ཅིང༌། ཡར་ངོ་མར་ངོའི་གསོ་སྦྱོང་ལ་ཕེབས་ཏེ་ཆོས་གནང༌། དུས་དུས་སུ་ལམ་རིམ་གྱི་ཁྲིད་དང་བློ་སྦྱོང་གི་ཁྲིད་སོགས་གནང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་རྒྱལ་བ་ཙོང་ཁ་པ་ཆེན་པོ་གཉིས་ཀྱི་གསེར་སྐུ་བཞེངས་ཏེ་མཆོད་པ་ཚད་མེད་པས་མཆོད་པ་དང༌། ནམ་ཡང་མི་ཉམས་པའི་མཆོད་པའི་རྒྱུན་བཙུགས། གཞན་ཡང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་ཤིང་དེ་དག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཞིང་འབུལ་རྒྱུན་བཙུགས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་བྱ་ལོ་ལ་ཞབས་ཅུང་བསྙེལ་བ་ཞིག་བྱུང་བས་སྐུ་རིམ་གསོས་སྨན་སོགས་བསྟེན་པས་དྭངས། དེ་ལྟར་སྐུ་ཚེ་རིལ་པོར་ཆོས་དང་མཐུན་པའི་རྣམ་ཐར་གཙང་མ་མཐར་ཕྱིན་པར་མཛད་པ་ནི་སྤྱན་སྔ་ཉིད་ཀྱི་ཞལ་ནས། ལོ་བདུན་ལོན་ནས་ཆོས་ལ་འབད། །བསྒྲུབ་པ་ཉིད་ལ་རྩལ་དུ་བཏོན། །
དམ་པའི་ཆོས་ཀྱི་རོ་མཆོག་མྱོང༌། །འདི་ནི་མདུན་མ་ལེགས་པའི་ཚད། །ད་ནི་ལོ་ཡང་བདུན་ཅུར་ཉེ། །དཀོན་མཆོག་གསུམ་གྱི་བྱིན་རླབས་ཞུགས། །སྙིགས་དུས་སྐྱིད་པའི་ཚད་ལ་འཁྱོལ། །འདི་ནི་མདུན་མ་ལེགས་པའི་ཚད། །དམ་ཚིག་བདུན་གྱི་སྙིང་པོ་མཆོག །རྣམ་དཔྱོད་ཤེས་རབ་རྩལ་དུ་བཏོན། །མདོ་རྒྱུད་ཀུན་ལ་ནང་བྱན་ཚུད། །འདི་ནི་མདུན་མ་ལེགས་པའི་ཚད། །ཅེས་གསུངས་པ་ལྟར། ཐར་འདོད་རྣམས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དག་པའི་ལྟ་བ་ལ་ཐེ་ཚོམ་དང་བྲལ་བ་མཛད། ཉན་ཐོས་ཀྱི་རིགས་ཅན་རྣམས་སོ་སོར་ཐར་པའི་བསླབ་པ་མིག་འབྲས་བཞིན་བསྲུང་བའི་ཚུལ་ཁྲིམས་ལ་བཀོད། ཐེག་ཆེན་གྱི་རིགས་ཅན་རྣམས་བདག་གཅེས་འཛིན་གྱི་དྲི་མ་དང་ཕྲལ་ནས་གཞན་གཅེས་པར་འཛིན་པའི་བྱམས་པ་དང་སྙིང་རྗེ་ལ་བཀོད། སྔགས་པ་རྣམས་དམ་ཚིག་ལ་བཀོད། སྐྱེ་འགྲོ་ཕལ་མོ་ཆེ་རྣམས་བདེ་འགྲོ་ཐོབ་ཕྱིར་དུ་བསྙེན་གནས་དང་དགེ་བ་བཅུའི་ཁྲིམས་ལ་བཀོད་དེ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། ཚུལ་འདི་དག་ལ་སྤྱན་སྔ་ཉིད་ཀྱི་ཞལ་ནས། རྒྱལ་བ་སྲས་བཅས་བསྟན་འཛིན་མཆོག ། ཨ་ཏི་ཤ་ཡི་ཆོས་ལུགས་སྦྱངས། །སྐྱེས་བུ་གསུམ་གྱི་ཆོས་ལ་འབད། །འདི་ནི་མདུན་མ་ལེགས་པའི་ཚད། །ཅེས་གསུངས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས། ཞིང་གཤེགས་པ་ལ་ཕྱོགས་པའི་ཚེ་རྗེས་འཇུག་རྣམས་ལ་འདི་ལྟར་གསུངས་ཏེ། བླ་མ་ཚོ་ལ་ཞལ་ཆེམས་ཟེར་བ་ཡོད་པ་ཡིན་ནའང༌། དངོས་པོའི་ཞལ་ཆེམས་འཇོག་རྒྱུ་མེད་པས་དེ་ཁས་འཚེངས། བླ་མ་གཤེགས་པའི་ཤུལ་དུ་དངོས་པོ་ཚན་ཆེན་ཡོད་པ་དེ་བླ་མ་དེའི་རྐང་འདྲེན་དུ་འགྲོ་བས་མེད་པ་རང་ཞིག་དགོས། སྙེ་ཐང་དུ་ཇོ་བོ་སྐུ་གཤེགས་ཁར་ཕྱག་ཁྲི་ཆོག་གིས་ཇོ་བོ་ནི་སྐུ་གཤེགས་པར་གདའ། དེའི་རྗེས་སུ་ཆོས་བཤད་ཐང་རྒྱངས་ལ་བགྱིད་པར་ཞུ་ཞུས་པས། བྱ་བ་ངན་པ་ཡིན་བོར་ལ་ཐོངས་གསུངས། འོ་ན་བསྒྲུབ་པ་རྩེ་གཅིག་བགྱིད་པར་ཞུ་ཞུས་པས་ཀྱང་དེ་སྐད་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས།ཚེ་འདི་བློས་ཐོངས་གསུང་བ་ཞིག་བྱུང་བས། ཇོ་བོའི་ཞལ་ཏ་ཐུགས་ལ་བཞག་ནས། མི་ཟས་ངན་པ་སྤངས་ནས་རྭ་སྒྲེང་གི་ཤུག་གསེབ་ཏུ་སྐུ་ཚེ་འདོར་བཅུག་པ་ཡིན། དེ་དང་མཐུན་པར་རྭ་སྒྲེང་དུ་ཇོ་བོ་ཞིག་གིས་བསྐོར་བ་རྐྱང་པ་ལ་སྒྲིལ་བས་འབྲོམ་གྱི་ཞལ་ནས། ཇོ་བོ་སྐོར་བ་བྱེད་པ་ཡང་གློ་བ་དགའ་སྟེ་ཆོས་ཤིག་རང་བྱས་ན་མི་ལེགས་སམ་གསུངས། ཁོས་ཕྱག་བྱས་པས་ཀྱང་དེ་སྐད་གསུང༌། ཀློག་པ་བྱས་པས་ཀྱང་དེ་སྐད་གསུང་བས། ད་འོ་ན་ཇི་ལྟར་བགྱི་ཞུས་པས། ཚེ་འདི་བློས་ཐོངས་བྱ་བ་ལན་གསུམ་གསུངས། འབྲོམ་ཉིད་ཀྱང་སྐུ་གཤེགས་ཁར་ཤུག་གསེབ་ན་ཕར་ལ་ཞུགས་འཇིག་རྟེན་ཆོས་བརྒྱད་འགོ་སྙོམས་ནས། བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིའི་འཆིང་མི་དགོས། །གསུང་ཡང་འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། ཞེས་རེས་འགོ་ཙམ་རེ་དང་རེས་ཕྱེད་ཙམ་དང༌། རེས་ཚང་བར་གསུངས། ཁོང་སྤྱན་རས་གཟིགས་ལ་དེ་དགོས་ཞད་མི་གདའ་སྟེ་རྗེས་འཇུག་གི་གདུལ་བྱ་རྣམས་ལ་གསུངས་པར་གདའ། ཆོས་སྙིང་ནས་བྱེད་ན་ཚེ་འདི་བློས་གཏོང་དགོས་པར་འདུག ངེད་བླ་མའི་ངོས་ནས་གསོན་རིང་ལ་འཁོར་གཡོག་རྣམས་འཐད་རབ་བྱུང་སྟེ་འདས་རྗེས་སུ་ཇི་ལྟར་ཡོང་བསམ་པའི་ཐེ་ཚོམ་ཟ་བ་མེད། ང་རང་གི་ངོས་ནས་དཔལ་ཨ་ཏི་ཤ་དང༌། རྒྱལ་བ་ཙོང་ཁ་པའི་ཞབས་དྲུང་དུ་དགའ་ལྡན་དུ་འགྲོ་བསམ་པ་ཡོད། དཔལ་ལྡན་ཨ་ཏི་ཤའི་གསུང་རབ་དང༌། རྗེ་ཙོང་ཁ་པ་གཉིས་ཀྱི་གསུང་རབ་ལ་མི་འཕྱུགས་པའི་གཟེར་ཐེབས་པས་ད་ཉེས་པ་མེད་པ་ཡིན། ཁྱེད་རང་རྣམས་ཀྱང་བླ་མ་དང་ཡི་དམ་དབྱེར་མེད་དུ་གྱིས་ལ་གསོལ་བ་ཐོབ་དང༌། ལས་ལ་གང་ཤོང་བའི་དངོས་གྲུབ་འབྱུང་བ་ཡིན།
ཁྱད་པར་རྟེན་གསུམ་ལོག་བྲིས་འདི་རྣམས་སངས་རྒྱས་བྱང་སེམས་དངོས་སུ་ཡོད་པ་ཡིན། མངོན་སུམ་ཉམས་སྣང་རྨི་ལམ་གསུམ་གང་རུང་དུ་ཞལ་གཟིགས་པར་འདུག་གསུང་མི་འབྱོན་པ་ནི་སེམས་ཅན་གྱི་ལས་ལ་མི་ཤོང་བ་ཡིན་པས་བྱ་ཐབས་མེད། ཁྱེད་གཉིས་བསླབ་སྦྱངས་དང་ཐོས་རྒྱ་ཆེན་པོ་མེད་ནའང༌། ཆོས་རྒྱུན་དུ་ཐོས་པ་རྣམས་སེམས་པ་དང༌། ལྟ་རྟོག་གྱིས་ལ་བླ་མ་དེ་ལ་འཆོལ་སྙིགས་མའི་དུས་སུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཉིན་སྐར་ལས་དཀོན་པས་ཆོས་མི་ཉན་དགུ་ཉན་མ་བྱེད་རྟེན་གསུམ་འདི་ཚོ་ལ་མཆོད་པ་འོ་མ་བརྒྱལ་བ་བྱུང་ན། ངེད་ཀྱི་ཟླ་མཆོད་ལོ་མཆོད་ཀྱང་དེ་ཡིན་པས་དེ་ལ་འབུངས། ཁྱེད་རང་གཉིས་ཀྱང་བེམ་རིག་མ་བྲལ་རིང་ལ་ནང་འདིར་མ་བྲལ་བ་བྱེད་དགོས་པ་ཡིན།དེ་བར་ལ་དོན་ཉུང་བ་བྱ་བ་ཉུང་བ་ལ་བློ་རྩེ་གཏད་ནས། སྐྱེས་པ་ལྷས་མ་ཚོར། ཤི་བ་འདྲེས་མ་ཚོར་བ་ཞིག་དགོས་པ་ཡིན་གསུངས་པའི་ཞལ་ཏ་གནང༌། དེ་ནས་ཞིང་བརྗེ་བའི་སྔ་ལྟས་སུ་ཡོས་ལོའི་ནང་དུ་མེ་ཏོག་གི་ཆར་བབས་པ་དང༌། ཁྱད་པར་ཟླ་བ་ལྔ་པའི་ཉི་ཤུ་ལྔའི་དགོང་ཁའི་དུས་མེ་ཏོག་གི་ཆར་ཉི་མ་སྒྲིབ་ནུས་པ་ཙམ་བབས། གླིང་གང་ཡོད་ལ་བབས་པ་དང༌། དེའི་ནུབ་གྲྭ་དགོན་སྐམ་དགོན་རྣམས་སུ་ཡང་དེ་དང་འདྲ་བ་བབས་པ་བྱུང༌།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
