བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་རྣམ་ཐར་གཉིས་པ།
སེ་ར་ཆོས་སྡིངས་སུ་བྱམས་ཆེན་ཆོས་རྗེ་རང་ཉིད་ཀྱིས་གཙོས་དགེ་འདུན་མང་པོ་དང་བཅས་གསང་བདེ་འཇིགས་གསུམ་གྱི་དཀྱིལ་འཁོར་ཆེན་པོ་དག་ཞལ་ཕྱེ་ནས། བླ་མ་རྡོ་རྗེ་འཆང་དང་ཐ་མི་དད་པ་ལ་ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་པོས་མཉེས་པར་བྱས་ཤིང༌། བདག་ཉིད་འཇུག་ཅིང་དབང་བླང་བ་ལ་སོགས་པས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་བགྱིས་ཏེ། ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང༌། བླ་མ་མཆོག་གི་ཡེ་ཤེས་ཀྱིས་གཟིགས་པ་ནམ་དུ་ཡང་འབྲལ་བ་མེད་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་པས་ངོ་མཚར་བའི་ལྟས་མང་དུ་བྱུང་སྟེ། ནམ་མཁའ་འཇའ་ཡང་ཡང་ཤར་བ་དང་མེ་ཏོག་གི་ཆར་ཡང་ཡང་བབས། བྱི་ལོ་ཟླ་བ་བཅུ་པར་དགེ་ལྡན་དུ་རྡོ་རྗེ་འཛིན་པ་བརྒྱ་ཕྲག་དུ་མས་དཀྱིལ་འཁོར་དཔག་ཏུ་མེད་པ་བསྒྲུབ་ཅིང་མཆོད་པའི་དུས་ཀྱི་མཆོད་པ་བསྒྲུབས་པ་དེའི་ཚེ་དཔོན་ནམ་མཁའ་བཟང་པོ་ཁུ་དབོན་པའི་དྲུང་ནས། ར་ཁ་བྲག་ཏུ་ཆོས་རྗེ་བྱམས་ཆེན་པ་འདིས་གཙོ་བོ་མཛད་པའི་དགེ་བའི་བཤེས་གཉེན་དུ་མ་སྤྱན་དྲངས་ནས་དུས་ཀྱི་མཆོད་པ་རྒྱ་ཆེན་པོར་མཛད་དེ་གསོལ་བ་བཏབ་པས་མེ་ཏོག་གི་ཆར་བབས་པ་ནི། མེ་ཏོག་མུ་ཏིག་གི་མདོག་ལྟ་བུ་ཆུང་ངུ་ས་ལ་ཁ་བ་ལྟར་ཆགས་པ་དང་གཞན་ཡང་འདབ་མ་དྲུག་པ་ལ་སོགས་པ་ཁ་ཅིག་གི་མདོག་ནི་དུང་དང༌། ཁ་ཅིག་ནི་གསེར་བཙོ་མ། ཁ་ཅིག་ནི་ལི་ཁྲི་ལྟ་བུ། ཁ་ཅིག་ནི་རྒྱ་མཐིང་བཟང་པོས་བྱུགས་པ་ལྟ་བུ་མིའི་ལག་པའི་ཁྱོན་ཙམ་དཔག་ཏུ་མེད་པ་བབས་སོ། །
བྱམས་ཆེན་ཆོས་རྗེ་འདིས་རྗེ་རིན་པོ་ཆེའི་དགོངས་རྫོགས་སུ་མཆོད་འབུལ་མཛད་པ་ལ་དེ་ལྟ་བུའི་རྟགས་ངོ་མཚར་ཅན་འབྱུང་བ་ནི་བྱམས་ཆེན་ཆོས་རྗེ་འདི་ཉིད་རྗེ་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་ཞུགས་པའི་སྐྱེས་བུ་དམ་པ་གཞན་དང་མི་འདྲ་བ་ཞིག་ཡིན་པའི་རྟགས་ཏེ་རྣམ་པར་ཐར་པ་ངོ་མཚར་བ་ཡིན་ནོ། །དེ་ནས་སླར་ཡང་གོང་མ་ཆེན་པོ་ཡུང་ལོ་རྒྱལ་པོས་གདན་དྲངས་ཏེ་རྒྱ་ནག་ཏུ་ཕེབས། རྒྱལ་པོ་ཆོས་དང་ཟང་ཟིང་གིས་མཉེས་པར་བྱས།རྒྱ་ནག་གི་ཡུལ་དུ་རྫུ་འཕྲུལ་གྱི་བཀོད་པ་མང་དུ་བསྟན་ཅིང༌། རྗེ་རིན་པོ་ཆེའི་རིང་ལུགས་དྲི་མ་མེད་པ་ཕྱོགས་ཀུན་ཏུ་རྒྱ་ཆེར་སྤེལ།རྗེ་རིན་པོ་ཆེའི་ཐུགས་བསྐྱེད་དང་བྱམས་ཆེན་ཆོས་རྗེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱ་ནག་ཐེ་ཛུང་ཡུང་ལོ་རྒྱལ་པོ་ནས་ཟོན་ཏེ་རྒྱལ་པོའི་བར་རྒྱལ་རབས་བཞིས་མཆོད་པའི་དཔལ་ཡོན་བླ་ན་མེད་པ་མཛད་དེ། དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞེས་པ་ཤིང་མོ་ཡོས་ལོ་ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་ཀྱི་ཉིན་བུ་ཆེན་ཀཱོ་ཤྲི་ཨ་མོ་གྷ་དང་བསོད་ནམས་ཤེས་རབ་རྣམ་པ་གཉིས་ལ་ཞལ་བཀོད་གནང་སྟེ། ཕྱི་ནང་གི་དོ་དམ་མཛད་ནས་སྐུ་མཚམས་ལ་བཞུགས་ཏེ་ཐུགས་དམ་མཛད། ཉི་ཤུ་བཞི་ལ་མཛོ་མོ་མཁར་དུ་ཞིང་གཤེགས་སོ། །དེ་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་མང་པོས་དགོངས་པ་ཡོངས་སུ་རྫོགས་པའི་ཕྱིར་དགེ་རྩ་རྒྱ་ཆེན་པོ་བསྒྲུབས་ཤིང་གདུང་མཆོད་རྒྱ་ཆེན་པོ་ཉིན་ཞག་བཞི་བཅུ་ཞེ་དགུའི་བར་དུ་བསྒྲུབས་དེའི་ཚེ་ནམ་མཁའ་ལ་འཇའ་འོད་འཁྲིགས་ཤིང༌། ལྷས་མེ་ཏོག་གི་ཆར་ཕབ་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ངོ༌། །ཁྲ་སའི་ཞེས་བྱ་བའི་ས་ཆ་དེར་ཀཱོ་ཤྲི་དཔལ་ལྡན་པས་གཙོས་དགེ་བའི་བཤེས་གཉེན་མང་པོའི་ཚོགས་དང་བློན་ཆེན་མི་ཆེན་དམག་དཔོན་མི་དཔོན་སོགས་སྐྱ་སེར་མང་པོ་འདུས་ནས་སྐུ་གདུང་ཞུགས་འབུལ་མཛད་པ་ལ་ཀཱོ་ཤྲི་དཔལ་ལྡན་པས་མེ་སྦོར་བའི་སྟངས་ཀ་ཙམ་བྱས་པ་ལ་མེ་རང་འབར་དུ་སོང་ཞིང༌། འཇའ་ཚོན་སྣ་ལྔའི་གདུགས་དང་རྒྱལ་མཚན་བ་དན་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་ལྟ་བུའི་ལྟས་བཟང་ཁྱད་པར་ཅན་ནམ་མཁའི་ཁམས་གང་བར་བྱུང་བ་ཀུན་གྱིས་མཐོང་ཞིང་ངོ་མཚར་བའི་གནས་སུ་གྱུར་ཏོ། །
རྗེ་རིན་པོ་ཆེའི་ཐུགས་སྲས་བསྟན་འཛིན་དམ་པ་སྔར་སྨོས་པ་དེ་དག་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་པ་བྱང་ཆུབ་ལམ་གྱི་རིམ་པ་ལ་ཉམས་ལེན་སྙིང་པོར་མཛད་པ་ས་ལམ་གོང་དུ་བགྲོད་བཞིན་པ་དང་འགའ་ཞིག་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ་སྤྲུལ་པས་འགྲོ་དོན་མཛད་པ། དམ་ཉམས་དང་འཆལ་པ་དང་འདྲེ་ཅན་གྱིས་མ་བསླད་པ་རྣམ་ཐར་གཙང་བ།ལུང་དང་རྟོགས་པའི་ཡོན་ཏན་གྱིས་མངོན་པར་མཐོ་བ། བསྟན་པ་ལ་བྱ་བ་མཛད་པ་ཤ་སྟག་བཞུགས་ཏེ། འདིར་མཐའ་དག་བྲི་མ་ནུས་ལ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་དང༌། བ་སོ་ཆོས་ཀྱི་རྒྱལ་མཚན་དང༌། རྗེ་བཙུན་ཤེས་རབ་སེང་གེ་དང༌། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་རྣམས་ནི་ལམ་རིམ་བླ་བརྒྱུད་དུ་བཞུགས་པས་དེ་དག་གི་རྣམ་ཐར་རྣམས་ནི་སོ་སོའི་བརྒྱུད་རིམ་དུ་འཆད་དོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པའི་གདུལ་བྱ་རྣམས་ཀྱིས་རྒྱལ་བ་སྲས་བཅས་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ངོ་བོ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་གསོལ་བ་འདེབས་པ་ལྷུར་བྱ་ཞིང༌། རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་ལྟར་གང་ཉམས་སུ་བླང་བར་བྱ་བའི་གནས་རྣམས་ལ་ཤིང་རྟ་ཆེན་པོའི་གཞུང་ནས་འབྱུང་བའི་དྲི་མ་མེད་པའི་རིགས་པས་ངེས་པ་རྙེད་པར་བྱ་བ་དང༌། ཇི་ལྟར་ངེས་པའི་དོན་ལ་དབེན་པའི་གནས་སུ་ཚེ་འདིའི་འཁྲི་བ་བཅད་དེ་སྒྲུབ་པ་སྙིང་པོར་བྱ་བ་དང༌། བསྟན་པའི་རྩ་བ་སོ་སོར་ཐར་པའི་བཅས་མཚམས་རྣམས་མིག་གི་འབྲས་བུ་ལྟར་བསྲུང་བ་གཞིར་བྱས་ནས་རྒྱལ་བའི་བཀའ་དང་ཤིང་རྟ་ཆེན་པོའི་གཞུང་རྣམས་གདམས་པའི་མཆོག་ཏུ་འཁྱེར་བར་བྱ་བ་དང༌། ལམ་གྱི་ཡན་ལག་ཕྲ་མོ་རེ་ལ་ཞེན་པ་མིན་པར་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སློབ་པ་དང༌། མདོ་སྔགས་གཉིས་ཚ་གྲང་ལྟར་འགལ་བར་སོང་བ་མིན་པར་གཅིག་གྲོགས་སུ་གཅིག་འགྲོ་བར་བྱས་ལ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་མཐར་ཐུག་གི་འབྲས་བུ་མི་སློབ་པའི་ཟུང་འཇུག་གི་བར་ས་ལམ་འབྲས་བུ་དང་བཅས་པ་ཡོངས་སུ་རྫོགས་པ་རང་གི་རྒྱུད་ལ་སྦྱར་ཏེ་ཉིན་རེ་བཞིན་བག་ཆགས་ཅི་ཐེབས་བྱ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱའོ།། །།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn