དགེ་བའི་བཤེས་གཉེན་ཤ་ར་བའི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-18 21:53:11     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

8c980467d98e05845fe367512d4216b5_.jpg

              དགེ་བའི་གཤེས་གཉེན་ཤ་ར་བ་འདི་ཉིད་བཀའ་གདམས་གླེགས་བམ་ལས་གསལ་བར་ལུང་བསྟན་པ་ཡིན་ཏེ། དད་པ་རབ་ཏུ་བརྟན་པའི་འཁྲུངས་རབས་ལས། དེས་ན་རྒྱལ་པོ་དགེ་བ་དཔལ། ཁྱོད་ཀྱི་སྲས་ཀྱི་སྲོལ་འཛིན་པ། །ཤ་ར་བ་ཞེས་ཡུལ་ལས་གྲགས། །ཞེས་པ་དང༌། ལུང་བསྟན་གྱི་ལེའུ་ལས།ཡོན་ཏན་གྲགས་པས་ཟབ་གཞུང་རྣམས། །རྫོགས་པར་མཛད་ནས་དར་ཡུལ་མདར། །དག་སྣང་གང་ཤར་དགོན་པ་བཞེངས། །དེ་ནས་ཤ་ར་བ་ཞེས་གྲགས། །ཞང་རྗེ་རོམ་པོའི་མི་རིགས་གཅིག །གཏན་གྱི་དོན་གཉེར་གུས་པས་མཆི། །ཞེས་དང༌། དག་པའི་སྣང་བ་རབ་ཤར་བ། །རྒྱལ་བ་རྒྱ་མཚོ་ལས་འཁྲུངས་ཤིང༌། །མཁས་པ་ང་ནི་ལས་ཅན་རྣམས། །ཕྱོགས་བཞིར་འགྲོ་ཞིང་འདྲེ་ན་ཡང༌། །དབུས་འདིར་ཤར་བ་པ་ཞེས་གྲགས། །འདི་ནི་ཤར་གྱི་མཐའ་འཁོབ་འདུལ། །དེ་ནས་ནུབ་ཕྱོགས་མཐའ་འཁོབ་ཏུ། །ཤར་པ་ཅི་འདྲ་རྩ་ཡུལ་དང༌། །ཞིང་དང་གྲོང་པ་དག་གིས་དབེན། །སྐྱ་བོ་རྒྱ་ཆེན་ཞག་མེད་ཅིག །སྣུམ་ཞིང་སྐལ་བཟང་དུ་མ་སྡུད། །ཅེས་གསུངས་སོ། །དེ་ལྟར་སེམས་དཔའ་ཆེན་པོ་ཤ་ར་བས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཆེ་ཆུང་གཉིས་དང་དགེ་བའི་བཤེས་གཉེན་པོ་ཏོ་བའི་རྣམ་ཐར་ཚིགས་བཅད་མ་ཞིག་ཀྱང་མཛད། དགེ་བཤེས་ཤ་ར་བ་འདིས་བྱང་ཆུབ་ལམ་གྱི་སྒྲོན་མ་འཆད་སྐབས་ཇི་ལྟར་གསུངས་པ་རྣམས་ཟིན་བྲིས་སུ་བཀོད་པ་ལམ་སྒྲོན་གྱི་འགྲེལ་པ་རྒྱས་ཤིང་ངོ་མཚར་རྨད་དུ་བྱུང་བ་ཞིག་ཀྱང་སྣང་ངོ༌། །བདག་ཉིད་ཆེན་པོ་འདིས་ལོ་སུམ་ཅུ་རྩ་དྲུག་ཏུ་ཚོགས་པ་བསྐྱངས་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང༌།

              དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མན་ངག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཁོ་ནས་གདུལ་བྱའི་དོན་མཛད་ཅིང༌། རྒྱལ་བའི་བཀའ་དང་ཤིང་རྟ་ཆེན་པོའི་གཞུང་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་རིམ་ཁོ་ནའི་སྟེང་དུ་འབབ་པར་མཛད། རྐྱེན་བཟང་ངན་གང་བྱུང་ཡང་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་གཞིར་བཞག་ནས་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ཉིད་མཛད་པ་ལས་རང་ཉིད་དང་སློབ་མ་སུ་ལའང་མོ་བོན་གྱི་བཅོས་ཀ་སོགས་ཅབ་ཙུབ་ཡེ་མི་མཛད། དགེ་འདུན་སུམ་སྟོང་འདུས་ཏེ་དེ་ཐམས་ཅད་རྒྱལ་བ་རང་ཉིད་ཀྱིས་ཇི་ལྟར་གསུངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལམ་རྣམ་པར་དག་པ་སྒོམ་པ་ལ་སྦྱར་ཏེ་ཐམས་ཅད་རྣམ་ཐར་གཙང་མ་རྒྱལ་བ་རང་ཉིད་དངོས་སུ་བཞུགས་པའི་དུས་ཀྱི་མཛད་པ་རྣམ་ཐར་ཇི་བཞིན་དུ་སྐྱོང་བར་མཛད་དོ། །དེ་ལྟར་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོས་བསྟན་པའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་བདུན་ཅུ་དོན་གཉིས་པ་ལྕགས་མོ་བྱའི་ལོ་རྒྱལ་གྱི་ཟླ་བའི་ཚེས་ཉེར་དྲུག་ལ་སྐུའི་བཀོད་པ་བསྡུས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །དེ་ནས་དེར་ཚོགས་པའི་དགེ་འདུན་རྣམས་ཀྱིས་ཟླ་བ་ཕྱེད་ཀྱི་བར་སྐུ་གདུང་རིལ་པོར་བཞུགས་པའི་མདུན་དུ་རྒྱལ་བའི་ཡུམ་བསྒྲགས་ཤིང་མཆོད་པ་རྒྱ་ཆེན་ཕུལ།

              དེ་ནས་སྤུར་སྦྱངས་ཏེ་གདུང་དང་རིང་བསྲེལ་ན་བཟའ་རྣམས་དགེ་འདུན་སྟོང་དང་བདུན་བརྒྱས་བགོས་ཏེ་ཕྱོགས་ཕྱོགས་སུ་ཕྱག་དང་མཆོད་པའི་རྟེན་དུ་བཞུགས་ཤིང༌། སློབ་མ་རྣམས་ཀྱིས་བདག་ཉིད་ཆེན་པོའི་གསུང་ལྟར་ཕྱོགས་ཕྱོགས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་དགོངས་པ་ཡོངས་སུ་རྫོགས་པར་མཛད་དོ། །དེ་ལྟར་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོ་ལ་སློབ་མ་སྟོང་ཕྲག་མང་པོ་འདུས་པའི་ནང་ནས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་བཀའ་གདམས་བསྟན་པའི་སྲོག་ཤིང་དུ་གྱུར་པ་རྒྱལ་བའི་གདུང་འཚོབ་ཆེན་པོ་ནི་སེམས་དཔའ་ཆེན་པོ་འཆད་ཁ་བ་ཡིན་ལ། སེམས་དཔའ་ཆེན་པོ་འདིའི་རྣམ་ཐར་ནི་འཆད་པར་འགྱུར་ལ།གཞན་ཡང་གཏུམ་སྟོན་བློ་གྲོས་གྲགས་ལ་སོགས་པ་འཕྲིན་ལས་རྒྱ་ཆེར་སྤེལ་བའིབསྟན་འཛིན་དམ་པ་མང་དུ་བྱོན་ནོ། །དེ་ལ་གཏུམ་སྟོན་བློ་གྲོས་གྲགས་པ་ནི་ཤབ་སྒོ་ལྔའི་ལྕགས་མཁར་རྩེའི་དབུ་མང་དུ་མེ་ཕོ་ཁྱི་ལ་འཁྲུངས།གདུང་རུས་གཏུམ། རྔོག་ཚོའི་མཁན་པོ་ལྡོག་ཅོད་པ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོ་དེ་ཉིད་དང་རྒྱ་འདུལ་འཛིན་ལ་འདུལ་བ་ལེགས་པར་བསླབས་ཏེ་འདུལ་བའི་བཤད་པ་ཡང་མཛད། དེ་ནས་དབུས་སུ་བྱོན་ཏེ་ཤ་ར་བ་ལོ་བཅུའི་བར་དུ་བསྟེན་ཅིང་མཉེས་པར་མཛད་དེ། བཀའ་གདམས་ཀྱི་ཡོན་ཏན་མ་ལུས་པ་ཐུགས་སུ་ཆུད་པར་མཛད།

              ཤ་ར་བ་མྱ་ངན་ལས་འདའ་ཁར། དགེ་འདུན་ལ་ཞལ་ཆེམས་གནང་བའི་རྗེས་ལ་གཏུམ་སྟོན་བློ་གྲོས་གྲགས་པ་ལ་གཙང་པ་འདུལ་འཛིན་ཞེས་བོས་ཏེ།ཆོས་ཀྱི་འཕྲོ་ཅུང་ཟད་གནང་ནས།ལྷག་མ་སྐྱེ་བ་ཕྱི་མ་ལ་བྱེད་པ་ཡིན་ནོ། ཁྱོད་ཀྱང་དགེ་སློང་བཞི་སྡེ་རེ་དང་འགྲོགས་ཤིག་ཅེས་གསུངས་ནས་ཤ་ར་བ་ལྕགས་བྱ་ལ་སྐུ་གཤེགས། དེ་ནས་ཆུ་བྱའི་བར་གནས་ཅི་རིགས་པར་བཞུགས་ནས། དེ་རྗེས་སྣར་ཐང་གི་མདའི་ཐང་སྟོང་ལ་ལོ་ར་ཞིག་ཡོད་པར་སྤྱིལ་པོ་མཛད་ནས་འམ་བུ་འདིར་དགེ་སྦྱོར་བྱེད་པ་ཡིན་གསུངས་ཏེ། ཐོག་མར་ཆུ་མོ་བྱ་ལ་ཕེབས་དགེ་སློང་བཞི་སྡེ་དང་བཅས་ཏེ་དགོན་པ་བཏབ་ནས་ལོ་བཅུ་བཞི་བཞུགས། དེ་རྗེས་ལ་སྟོད་བྱང་གི་རྟ་སྡེ་ཆོས་ལུང་དུ་བྱོན་ནས་ཐུགས་དམ་མཛད། དྲུག་ཅུ་རྩ་གཅིག་པ་མེ་ཕོ་ཁྱིའི་ལོ་རྒྱལ་གྱི་ཟླ་བའི་ཉི་ཤུ་གསུམ་ལ་མྱ་ངན་ལས་འདས།འདི་ལ་ཆོས་ལུང་སྐུ་གཤེགས་ཞེས་ཀྱང་གྲགས་སོ། །གཏུམ་སྟོན་བློ་གྲོས་གྲགས་ཀྱི་རྗེས་སུ་སྣར་ཐང་གི་གདན་སར་སྡོ་སྟོན་ཤེས་རབ་གྲགས་པ། ཞང་བཙུན་རྡོ་རྗེ་འོད། དཔལ་ལྡན་གྲོ་མོ་ཆེ།ཆོས་ཀྱི་བླ་མ།ཐུགས་རྗེ་ཆེན་པོའི་སྤྲུལ་པ་སངས་རྒྱས་སྒོམ་པ། མཆིམས་ཆེན་མོ་ནམ་མཁའ་གྲགས་སོགས་རིམ་གྱིས་བྱོན་ཏེ། མཆིམས་ནམ་མཁའ་གྲགས་འདིས་སྣར་ཐང་དུ་སྡེ་སྣོད་གསུམ་གྱི་བཤད་པ་རྒྱ་ཆེར་སྤེལ་ཞིང༌། ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ཕལ་ཆེ་བ་འགའ་ཞིག་ལ་འགྲེལ་པ། འགའ་ཞིག་ལ་བསྡུས་དོན་མཛད། འདིས་འཛད་པའི་མངོན་པ་མཛོད་ཀྱི་ཊཱིཀ་ཆེན་ངོ་མཚར་རྨད་དུ་བྱུང་བ་ཞིག་ཀྱང་ཡོད་དོ། །

              བདག་ཉིད་ཆེན་པོ་འདི་འཕགས་པའི་གནས་བརྟན་གྱི་སྤྲུལ་པར་གྲགས་ཤིང་འདིའི་རིང་ལ་གནས་བརྟན་བཅུ་དྲུག་སྣར་ཐང་དུ་ཡང་ཡང་ཞལ་འཛོམས་པ་བྱུང་ཞིང༌། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང༌། བཅོམ་ལྡན་རིག་རལ་དང༌། དབུས་པ་བློ་གསལ་དཔོན་སློབ་སོགས་བསྟན་འཛིན་ཆེན་པོ་མང་པོས་ཀྱང་འདིའི་ཞབས་ལ་གཏུགས་ཤིང༌། གཙོ་བོར་བྱང་ཆུབ་ལམ་གྱི་རིམ་པ་རྒྱ་ཆེར་བཤད་ནས་དཔལ་སྣར་ཐང་བསྟན་པ་མ་ཚང་བ་མེད་པའི་འབྱུང་གནས་སུ་བསྒྲུབས་སོ། །འདིའི་རྗེས་སུ་སྣར་ཐང་གི་གདན་སར་སྐྱོ་སྟོན་པ་དང༌། མཁན་ཆེན་ཉི་མ་རྒྱལ་མཚན་པ་སོགས་རིམ་པར་བྱོན་ཞིང༌། རྗེ་ཤེས་རབ་སེང་གེ་དང༌། རྗེ་དགེ་འདུན་གྲུབ་དང༌། འདུལ་འཛིན་བློ་གྲོས་སྦས་པ་སོགས་བསྟན་པའི་ཉི་མ་ཆེན་པོ་མང་དུ་བྱོན་ཏེ་རྗེ་དགེ་འདུན་གྲུབ་པ་ཡབ་སྲས་ཀྱི་བར་དུ་བྱོན་པ་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་ཅིང༌། སྡེ་སྣོད་ལ་ནང་བྱན་ཆུད་པ། འཆལ་པ་དང༌།དམ་ཉམས་དང༌།འདྲེས་ཁྱེར་གྱིས་མ་བསླད་པ། དགེ་བཤེས་སྟོན་པ་ནས་བརྒྱུད་པའི་རྣམ་པར་ཐར་པ་དྲི་མ་མེད་པ་འཛིན་པ་ཤ་སྟག་ཡིན་ལ། བཀའ་གདམས་གཞུང་པའི་བཤད་སྲོལ་ལ་བརྟེན་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འཆད་པ་དང་ཉན་པ་དང་སྒོམ་པ་རྣམས་གཙོ་བོར་འདོན་ཞིང༌། ཤིང་རྟ་ཆེན་པོའི་གཞུང་སྤྱི་དང་ཁྱད་པར་བྱང་ས་དང་མདོ་སྡེ་རྒྱན་སྐྱེས་རབས་དང་ཚོམས། བསླབ་བཏུས་དང་སྤྱོད་འཇུག་སྟེ་གཞུང་དྲུག་པོ་དེ་སྐྱེས་བུ་གསུམ་པོའི་ལམ་གྱི་མན་ངག་ཏུ་རྩལ་དུ་བཏོན་ནས་འཆད་ཉན་མཛད་ཅིང་བློ་སྦྱོང་དོན་བདུན་མ་དང་བཀའ་གདམས་ཐིག་ལེ་བཅུ་དྲུག་ལྐོག་ཆོས་སུ་མཛད་དེ་ཉམས་ལེན་མཛད་དོ། །

              དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་བསྟན་པ་ཡོངས་རྫོགས་ཉམས་ལེན་གྱི་ལུས་གཅིག་ཏུ་དྲིལ་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པར་སྒོམ་པ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱའོ།། །།

                                                                                                                                                  རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                          དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།