སྟོན་པས་མྱ་ངན་ལས་འདའ་བའི་མཛད་པ་བསྟན་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-02 10:46:12     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

be8daf87311ed9822667b86962c98426_.jpg


       

        དེ་ནས་མྱ་ངན་ལས་འདའ་བའི་མཛད་པ་བསྟན་པ་ནི། བསྟོད་པ་ལས། རྩ་མཆོག་གྲོང་དུ་དངོས་ཀྱི་གདུལ་བྱའི་མཐའ། །རྫོགས་པར་མཛད་ཀྱང་སྲིད་པ་ཇི་སྲིད་པར། །རང་རང་སྐལ་བ་ཇི་བཞིན་སྤྲུལ་བའི་སྐུ། །རྒྱུན་མི་ཆད་དུ་འབྱོན་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ། །དེ་ཡང་བཅོམ་ལྡན་འདས་གྲོང་ཁྱེར་རྩ་ཅན་གྱི་ལྗོངས་རྒྱུ་ཞིང་གཤེགས་ཏེ། སྡིག་པ་ཅན་དང་ཆུ་བོ་དབྱིག་ལྡན་གྱི་བར་མཚམས་སུ་ཕེབས་ནས་སྐུ་རྒྱབ་མི་བདེ་བའི་ཚུལ་མཛད་དོ། །བཀའ་སྩལ་བ། ཀུན་དགའ་བོ་ཆུ་ལོངས་ཤིག་དང༌། བཏུང་བ་དང་ལུས་ལ་གཏོར་བར་བྱའོ་གསུངས། དེ་ནས་ཀུན་དགའ་བོ་ཆུ་ཀླུང་ཀ་ཀུ་ཏའི་འགྲམ་དུ་སོང་བ་ན། ཆུ་དེ་ལ་ཤིང་རྟ་ལྔ་བརྒྱ་ཙམ་ཞིག་བརྒལ་ནས་སོང་བས་རྙོག་མར་གྱུར་ཅིང༌། ཆུ་དྭངས་མོ་གཞན་ཡང་མ་རྙེད་པས། ཆུ་དེ་ལས་ལྷུང་བཟེད་གང་བླངས་ཏེ་ཕུལ་ནས། ཆུ་འདིས་ཞབས་བསིལ་བ་དང༌། ཞལ་བཤལ་དུ་གསོལ། འདི་ནས་མི་རིང་བ་ན་ཆུ་བོ་དབྱིག་ལྡན་མཆིས་ཏེ། ཆུ་དེས་སྐུ་ལ་གདབ་པ་དང༌། ཞལ་དུ་གསོལ་བར་བགྱིའོ་ཞེས་ཞུས་པ་ལྟར། ཆུ་དེས་ཞལ་བཤལ་ཅིང་ཞབས་བཀྲུས་པས་སྐུ་བདེ་བར་གྱུར་ཏོ། །དེ་ནས་གྱད་གཡུང་བོ་ཞེས་བྱ་བས། བཅོམ་ལྡན་འདས་ལ་རས་གསར་བ་གསེར་གྱི་ཁ་དོག་ལྟ་བུ་ཟུང་གཅིག་ཕུལ་བ་ན། དེ་མ་ཐག་རས་ཀྱི་ཁ་ཚར་བཅད་ནས་སྐུ་ལ་གསོལ་བས། བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་སྔར་བས་གསལ་ཞིང་རབ་ཏུ་གསལ་ལ་ཤིན་ཏུ་སྣང་བར་གྱུར་ཏོ། དེ་ནས་ཀུན་དགའ་བོས། བདག་གིས་ལོ་ཉི་ཤུ་ལྷག་ཅིག་ཞབས་འབྲང་དུ་བགྱི་ན། སྐུའི་ཁ་དོག་གསལ་བ་འདི་ལྟ་བུ་སྔར་མ་མཐོང་སྟེ། འདིའི་རྒྱུ་གང་ལགས་ཞེས་ཞུས་པས། གང་གི་ནུབ་མོ་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་གི་ནུབ་མོ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ན། གཞན་པས་ཁ་དོག་གསལ་བར་འགྱུར་རོ་གསུངས། དེ་ནས་ཆུ་བོ་དབྱིག་ལྡན་བརྒལ་ནས་གྱད་ཡུལ་གྱི་ལྗོངས་རྒྱུ་ཞིང་གྲོང་ཁྱེར་རྩ་ཅན་དུ་བྱོན་ནས། རྩ་ཅན་གྱི་གྱད་གྲོང་དང་ཉེ་བ་ཤིང་སཱ་ལ་ཟུང་གི་ཚལ་དུ་ཕེབས་ཏེ། ཤིང་སཱ་ལ་ཟུང་གི་བར་དུ་ཁྲི་འཆོས་ལ། དབུ་འཕང་བྱང་དུ་སྟོན་ཅིག དོ་ནུབ་ནམ་གྱི་གུང་ཐུན་ལ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་གསུངས་སོ། །

        རྩ་ཅན་གྱི་གྱད་རྣམས་སྤྱན་སྔར་འོངས་པ་ལ། སྐྱབས་སུ་འགྲོ་བ་ལ་བཀོད་ཅིང༌། གྱད་ལྔ་བརྒྱ་ལ་དུས་གཅིག་ཏུ་དགེ་བསྙེན་གྱི་སྡོམ་པ་ཕོག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ད་ནི་གདུལ་བྱའི་དོན་གཉིས་ཤིག་ལུས་ཏེ། རབ་དགའ་དང་རབ་བཟང་ངོ༌། །ཉན་ཐོས་ཀྱི་གདུལ་བྱ་ནི་སངས་རྒྱས་ཀྱིས་གདུལ་ནུས་ལ། སངས་རྒྱས་ཀྱི་གདུལ་བྱ་ནི་ཉན་ཐོས་ཀྱིས་མ་ཡིན་པས། ཐོག་མར་དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བར་བྱའོ་དགོངས་སོ། །དེའི་ཚེ་བཅོམ་ལྡན་འདས་གཟིམས་མལ་དུ་བཞུགས་བཞིན་དུ། སྤྲུལ་བ་གཅིག་གིས་བཻ་ཌཱུརྱའི་པི་ཝང་རྒྱུད་སྟོང་དང་ལྡན་པ་བསྣམས་ཏེ། རབ་དགའ་ཅི་འདྲ་བའི་གཟུགས་ཀྱིས་དྲི་ཟའི་རྒྱལ་པོ་རབ་དགའི་ཕོ་བྲང་གི་སྒོར་ཕེབས་ནས། རབ་དགའ་ལ་སྤྲན་པ་ན། དེས་ང་ལས་ལྷག་པའི་དྲི་ཟ་ཡོད་དམ་ཞེས་ཕྱིར་བྱུང་ནས། དེ་དང་ལྷན་ཅིག་འགྲན་ཏེ་པི་ཝང་བརྡུང་ཞིང་གླུ་དབྱངས་བླངས་པས། སྒྲའི་གདངས་ལ་ཁྱད་པར་མེད་དོ། །དེ་ནས་པི་ཝང་གི་རྒྱུད་གཅིག་བཅད་གཉིས་བཅད་པ་ནས་མཐར་དགུ་བརྒྱ་དགུ་བཅུ་གོ་དགུའི་བར་དུ་བཅད་དེ། རྒྱུད་གཅིག་བརྡུང་བའི་བར་དུ་ཡང་འགྲན་ནོ། དེ་ནས་རབ་དགའི་དེའི་རྒྱུད་གཅིག་གོ་བཅད་པས་སྒྲ་མ་བྱུང་ལ། བཅོམ་ལྡན་འདས་ཀྱི་པི་ཝང་ལ་རྒྱུད་མེད་ཀྱང་སྔོན་བཞིན་དུ་སྒྲ་བྱུང་བས། རབ་དགའ་ང་ལས་ཆེས་ཁྱད་པར་དུ་འཕགས་པའི་དྲི་ཟ་ཡོད་དོ་སྙམ་སྟེ་ང་རྒྱལ་ཆག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་དངོས་སུ་བསྟན་ཏེ་ཆོས་བཤད་པས་རྒྱུན་དུ་ཞུགས་པ་ཐོབ་བོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ་དེ། ཤིང་སཱ་ལ་ཟུང་གི་ཚལ་དུ་འོངས་པ་ན། ཀུན་དགའ་བོ་དང་འཕྲད་དེ་སྨྲས་པ། བདག་གིས་དགེ་སྦྱོང་གཽ་ཏ་མ་དོ་ནུབ་འདའ་ཞེས་ཐོས་ན། བདག་གིས་ཐེ་ཚོམ་གྱི་ཕྱོགས་འགའ་ཞིག་ཞུའོ་ཟེར་བ་ལ། ཀུན་དགའ་བོས། རབ་བཟང༌། དེ་བཞིན་གཤེགས་པ་ལ་འཚེ་བར་མ་བྱེད་ཅིག་ཅེས་བཟློག་གོ །རབ་བཟང་གིས་ལན་གསུམ་དུ་སྨྲས་ཀྱང་ཀུན་དགའ་བོས་བཟློག་པ་ན། དེ་བཞིན་གཤེགས་པས་གསན་ཏེ། ང་དང་མུ་སྟེགས་བྱེད་ལྷན་ཅིག་གཏམ་བྱེད་པའི་ཐ་མ་འདི་ཡིན་གྱིས་ཐོངས་ཤིག་གསུངས་པས། རབ་བཟང་ནང་དུ་བཏང༌། དེས་ཀྱང་ཞུ་བ་ཞུས་པ་ལ། བཀའ་སྩལ་བ། རབ་བཟང་ངས་ནི་ན་ཚོད་ཉི་ཤུ་དགུ་ལོན་ཏེ། །རབ་ཏུ་བྱུང་ནས་ལོ་གྲངས་ལྔ་བཅུ་ལྷག་ཅིག་ཏུ། །དགེ་བ་གང་ཡིན་ཅི་ཞེས་གསལ་བར་བྱས་གྱུར་ཅིང༌། །རབ་བཟང་ངས་ནི་རབ་ཏུ་བྱུང་བ་དེ་ཡི་ཚེ། །ཚུལ་ཁྲིམས་དང་ནི་ཏིང་འཛིན་རིག་པ་རྐང་པ་དང༌། །ང་ཡིས་རྩེ་གཅིག་སེམས་ནི་ཀུན་ཏུ་བསྒོམས་བྱས་ཏེ། །རིགས་པའི་ཆོས་ནི་ཕྱོགས་ཙམ་བཤད་པར་བྱས་གྱུར་ན། །འདི་ལས་ཕྱི་རོལ་དག་ན་དགེ་སྦྱོང་གཞན་ཡང་མེད། ཅེས་དང༌། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པ་ལ་དགེ་སྦྱོང་ཡོད་ཀྱི། དེ་མེད་པ་ལ་དེ་ཡང་མེད་པར་གསུངས་པས། རབ་བཟང་གིས་བདེན་པ་མཐོང་ཞིང༌། ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་ཐོབ་བོ། །

        དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་བསྩལ་བ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་ཁྱེད་ཀྱིས་ངས་སྔོན་གནང་བ་ཡང་མེད། བཀག་པ་ཡང་མེད་པ་གང་ཡིན་པ་དེ། གལ་ཏེ་མི་རུང་བ་བསྟན་ཅིང་རུང་བ་དང་མི་མཐུན་ན། རུང་བ་མ་ཡིན་པའི་ཕྱིར་སྤྱད་པར་མི་བྱའོ། །གལ་ཏེ་རུང་པ་བསྟན་ཅིང་མི་རུང་བ་དང་མི་མཐུན་ན། རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །ཞེས་གསུངས། འདི་ནི་ཚིག་ཉུང་ཡང་དོན་ཤིན་ཏུ་རྒྱས་ཏེ། མདོ་རྩ་བ་ལས་ཀྱང༌། ཡི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི། རུང་བ་མ་ཡིན་པར་བསྡུའོ། །ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ། །ཞེས་ཐམས་ཅད་ཀྱི་མཇུག་ཏུ་གསུངས་ཤིང༌། སྔར་གླེང་གཞི་མ་བྱུང་བའི་དབང་གིས། ཐུགས་རྗེ་ཅན་གྱིས་གནང་བ་དང་བཀག་པ་གང་ཡང་མེད་པའི་བྱ་བ་ཆེས་མང་པོ་ཞིག་ཡོད་པ་ལས། བྱ་བ་དེ་དང་དེ་ལ་འཇུག་པའི་ཚེ། དགེ་སློང་རང་ཉིད་ཀྱིས་བྱ་བ་དེ་དང་དེ་བྱེད་རུང་མི་རུང་བ་ནི། འདུལ་བ་མདོར་བསྡུས་ལ་བརྟེན་ནས་གསལ་བར་ཤེས་ནུས་པས། འདི་ནི་བྱ་བའི་འཇུག་ལྡོག་གསལ་བར་བྱེད་པའི་སྒྲོན་མེ་ལྟ་བུ་ཡིན་ཏེ། སློབ་དཔོན་ཤཱཀྱ་འོད་ཀྱིས། འདུལ་བ་མདོར་བསྡུས་ཞེས་བྱ་སྒྲོན་མ་དང༌། །འདྲ་བ་གཞན་འདིར་བདེ་བར་གཤེགས་པས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །

        དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། རང་གཞན་ལ་ཕན་པའི་ཕྱིར་གསུང་རབ་ཡན་ལག་བཅུ་གཉིས་ལ་བསླབ་པ་དང༌། སོ་སོར་ཐར་བའི་མདོ་ནི་སྟོན་པ་ཡིན་པར་བསྔགས་པ་དང༌། བསླབ་པའི་གཞི་ཕྲན་ཚེགས་རྣམས་ལ་དགེ་འདུན་ཚོགས་ནས་སྐབས་དབྱེ་བར་གནང་བ་དང༌། དགེ་སློང་གསར་བུས་རྒན་རབས་ལ་མིང་ནས་འབོད་པར་མི་བྱ་བ་དང༌། རྒན་པས་ཀྱང་ཆོས་གོས་ལྷུང་བཟེད་སོགས་ཀྱིས་བསྡུ་བ་དང༌། སྟོན་པ་སྐུ་འཁྲུངས་པ་རང༌། སངས་རྒྱས་པ་དང༌། ཆོས་འཁོར་བསྐོར་བ་དང༌། མྱ་ངན་ལས་འདས་པ་སྟེ་བཞི་བོའི་ས་ཕྱོགས་དྲན་ཅིང༌། གཞན་ལ་བཤད་པས་སངས་རྒྱས་ལ་དད་པའི་སེམས་བསྐྱེད་ནས། མཐོ་རིས་སུ་འགྲོ་བར་བྱའོ་ཞེས་བཀའ་སྩལ་ནས། སླར་ཡང་ཐེ་ཚོམ་ཡོད་པ་དག་ཞུས་ཤིག་གསུངས། འཕགས་པ་ཀུན་དགའ་བོས། སུ་ལའང་ཐེ་ཚོམ་མ་མཆིས་སོ་ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་སྟོད་བསལ་ཏེ། དགེ་སློང་དག་ལྟོས་ཤིག དེ་བཞིན་གཤེགས་པ་མཐོང་བ་ནི་རྙེད་པར་དཀའ་བ་ཡིན་ནོ། །འདུས་བྱས་ཐམས་ཅད་ནི་མི་རྟག་པའི་ཆོས་ཅན་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མའོ། །ཞེས་གསུངས་ནས། བསམ་གཏན་དང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །

        དེ་བཞིན་དུ་བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་བ་དང༌། ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་དང༌། སྲིད་རྩེ་དང༌། དེ་ནས་འགོག་པ་ལ་སྙོམས་པར་ཞུགས་སོ། །དེ་ལ་འཕགས་པ་ཀུན་དགའ་བོས། འཕགས་པ་མ་འགག་པ་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སམ་ཞེས་དྲིས་པས། དེ་ན་རེ། མ་ཡིན་ཏེ། འགོག་པ་ལ་སྙོམས་པར་ཞུགས་སོ། །དེ་བཞིན་གཤེགས་པ་ནི་བསམ་གཏན་བཞི་བ་ལས་འདའོ་ཞེས་མངོན་སུམ་དུ་གསུངས་པ་ཐོས་སོ། །ཞེས་སྨྲས་སོ། །དེ་ནས་འགོག་པ་ལས་བཞེངས་ནས་ཡང་སྲིད་རྩེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཅི་ཡང་མེད་པ་དང༌། རྣམ་ཤེས་མཐའ་ཡས་དང༌། ནམ་མཁའ་མཐའ་ཡས་དང༌། བསམ་གཏན་བཞི་བ་དང༌། གསུམ་པ་དང༌། གཉིས་པ་དང༌། དང་པོ་དང༌། སླར་ཡང་བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་བ་ལ་སྙོམས་པར་ཞུགས་ཏེ། རབ་མཐའི་བསམ་གཏན་བཞི་བ་དེ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་མཛད་དོ། །དེ་མ་ཐག་ས་གཡོས། སྐར་མདའ་ལྷུང༌། ཕྱོགས་རྣམས་ནི་མེས་ཚིག ལྷའི་རྔ་སྒྲ་ཡང་གྲགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ནས་འོད་སྲུངས་ཆེན་པོས་ས་གཡོས་པ་ལ་བརྟགས་པས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པར་ཤེས་སོ། །དེ་ནས་ནམ་ལངས་པ་ན་རྩ་མཆོག་གྲོང་གི་གྱད་རྣམས་ཀྱིས་མེ་ཏོག་དང་སྤོས་ལ་སོགས་པ་མཆོད་པའི་བྱེ་བྲག་སྣ་ཚོགས་པས་སྐུ་གདུང་ལ་མཆོད་པར་བྱེད་དོ། །དེ་ནས་ཞག་རེ་བཞིན་ལྷ་མི་ཐམས་ཅད་ཀྱིས་མཆོད་དོ། །ཞག་བདུན་པ་ལ། བཀུར་སྟི་ཆེན་པོ་དང་གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་པའི་བྱེ་བྲག་བསམ་གྱི་མི་ཁྱབ་པ་དང་བཅས་སྐུ་གདུང་ཤིང་སཱ་ལ་ཟུང་གི་ཚལ་ནས་བཏེག་སྟེ། གྲོང་ཁྱེར་རྩ་ཅན་གྱི་ནུབ་སྒོ་ནས་ཞུགས། ཤར་སྒོ་ནས་འཐོན་ཏེ། གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤྱན་དྲངས་སོ། །

        དེའི་ཚེ་སཱ་ལ་ཟུང་ཚལ་ནས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་བར་དུ་ལྷས་མེ་ཏོག་མན་དྷ་ར་བའི་ཆར་ཕབས་པ་པུས་མོ་ནུབ་པ་ཙམ་ཆགས་སོ། །དེ་ནས་གྱད་རྣམས་ཀྱིས་སྐུ་གདུང་ཞུགས་ལ་ཞེན་པར་འདོད་ཀྱང༌། འོད་སྲུངས་ཆེན་པོ་མ་ཕེབས་པས། སུས་ཀྱང་མེ་སྦར་བར་མ་ནུས་སོ། །དེའི་ཚེ་འོད་སྲུངས་ཆེན་པོ་འཁོར་དགེ་སློང་ལྔ་བརྒྱ་དང་བཅས་པ་དེར་བྱོན་ནས་སྐུ་གདུང་མངོན་སུམ་དུ་མཇལ་ཏེ་ཕྱག་བྱས་སོ། །འོད་སྲུངས་ཆེན་པོ་ནི་བསོད་ནམས་ཀྱི་སྟོབས་ཅན་ཡིན་པས། རས་ཟུང་མཆོག་ལྔ་བརྒྱ་ཡང་དུས་དེར་འབྱོར་ཏེ། སྔར་གྱད་རྣམས་ཀྱིས་ཕུལ་བའི་རས་ཟུང་མཆོག་ལྔ་བརྒྱ་དང་བཅས་རས་ཟུང་མཆོག་ཏུ་གྱུར་བ་སྟོང་དང་ཆོས་གོས་སྟོང་གིས་དཀྲིས་ཏེ། སྔོན་བཅོམ་ལྡན་འདས་ཉིད་ཀྱི་ཀུན་དགའ་བོ་ལ་བཀའ་སྩལ་བ་བཞིན་འཁོར་ལོས་བསྒྱུར་བའི་གདུང་ལ་ཇི་ལྟར་བྱ་བ་བཞིན་གདུང་སྒྲོམ་དུ་བཞུགས་སུ་བཅུག་པ་ན་མེ་རང་འབར་བར་གྱུར་ཏོ། །དེའི་ཚེ་སྐུ་གདུང་གི་དྲུང་ན་ཉན་ཐོས་ཆེན་པོ་བཞི་ཡོད་དེ། ཀུན་ཤེས་ཀཽ་ཎྜི་ནྱ་དང༌། འཕགས་པ་སྐུལ་བྱེད་དང༌། འོད་སྲུངས་སྟོབས་བཅུ་བ་དང༌། འོད་སྲུངས་ཆེན་པོའོ། །དེ་ནས་གདུང་སྒྲོམ་ཞལ་ཕྱེ་བ་ན་ཚེམས་མཆེ་བ་བཞི་མ་གཏོགས་ཐམས་ཅད་རིང་བསྲེལ་ཡུངས་འབྲུ་ལྟ་བུ་འབའ་ཞིག་ཏུ་གྱུར་བས་སྒྲོམ་གང་བར་མཐོང་ངོ༌། །དེའི་ཚེ་རྩ་ཅན་གྱི་གྱད་རྣམས་དང༌། ཡངས་པ་ཅན་པ་དང༌། སེར་སྐྱ་བ་ལ་སོགས་པའི་ཕྱོགས་བརྒྱད་ཀྱིས། སྐུ་གདུང་རིང་བསྲེལ་རང་རང་གི་ཡུལ་དུ་སྤྱན་དྲངས་པར་འདོད་ནས་རྩོད་པར་བརྩམས་པ་ན། བྲམ་ཟེ་བྲེ་བོ་དང་མཉམ་པ་ཞེས་བྱ་བ་ཚིག་བཙན་ཞིང་བསོད་ནམས་དང་ལྡན་པ་ཞིག་ཡོད་པ་དེས། སྐུ་གདུང་གི་དོན་དུ་ཕན་ཚུན་རྩོད་པར་མི་རིགས་པའི་ཚུལ་ཐམས་ཅད་ལ་གོ་བར་བྱས་ཏེ། སྐུ་གདུང་རིང་བསྲེལ་ཆ་བརྒྱད་དུ་སྙོམས་པར་བགོས་ནས། ཕྱོགས་བརྒྱད་པོ་སོ་སོ་ལ་གཏད་དོ། །གདུང་སྒྲོམ་ནི་བྲམ་ཟེ་དེས་བླངས། གདུང་སོལ་རྣམས་ཕ་གྲོ་དྷའི་བྲམ་ཟེ་རྣམས་ཀྱིས་བླངས་ཏེ། ཐམས་ཅད་ཀྱིས་བཀུར་སྟི་ཆེན་པོ་དང་བཅས་རང་རང་གི་ཡུལ་དུ་སྤྱན་དྲངས་ནས་རིན་པོ་ཆེའི་མཆོད་རྟེན་བརྩིགས་སོ། ཚེམས་མཆེ་བ་བཞི་ལས་གཅིག་ལྷའི་ཡུལ་སུམ་ཅུ་རྩ་གསུམ་དུ་སྤྱན་དྲངས། གཅིག་ཡུལ་ཚིག་འཛིན་དང༌། གཅིག་ཀ་ལིང་ཀ་དང༌། ཡང་གཅིག་གྲོང་ཁྱེར་སྒྲ་སྒྲོགས་པ་ལ་ཐོབ་ཅིང་ཕྱིས་སུ་ཀླུའི་རྒྱལ་བོས་སྤྱན་དྲངས་པར་ཡང་གསུངས་སོ། དེ་ལྟར་ཡང༌། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུའི་གླིང་པས་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་བོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་བ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་ནར་བུར་གནས་པས། མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། དེ་ཡི་མཐུ་ལས་དབྱིག་འཛིན་འདིར་ཡང་ནི། སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། ལྷ་དབང་ཀླུ་དབང་མི་ཡི་དབང་བོ་དང༌། མི་དང་ཀླུ་དང་གནོད་སྦྱིན་བདག་པོས་ཀྱང༌། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། །རབ་མཁྱེན་ཐུགས་རྗེ་ལྡན་པ་སྟོབས་མངའ་བ། །ཤཱཀྱའི་རིགས་འཁྲུངས་མ་ག་དྷར་བྱང་ཆུབ། ཀཱ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཏེ། གྲོང་ཁྱེར་རྩ་ཅན་བརྟེན་ནས་མྱ་ངན་འདས། །ཞེས་འབྱུང་ངོ༌། །

        དེ་ཡང་གསེར་འོད་དམ་པ་ལས། དེ་བཞིན་གཤེགས་པ་རྟག་ཏུ་བཞུགས་ཤིང་མྱ་ངན་ལས་མི་འདའ་ན། སེམས་ཅན་རྣམས་གུས་པ་མེད་པ་དང༌། ཕྲད་པར་དཀའ་བའི་འདུ་ཤེས་ཀྱང་མི་སྐྱེད་པས། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་དག་འཛིན་ཅིང་ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་ནི་བཅོམ་ལྡན་འདས་རྟག་ཏུ་འཇིག་རྟེན་ན་བཞུགས་པར་འཛིན་པའི་ཕྱིར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་མཐོང་ན། དེ་དཀོན་པ་དང༌། ཕྲད་པར་དཀའ་བ་དང༌། མྱ་ངན་དང་སྡུག་བསྔལ་གྱི་འདུ་ཤེས་ཀྱང་སྐྱེད་ཅིང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བའང༌། བསྐལ་བ་གྲངས་མེད་པ་ན་ལན་འགའ་ཞིག་འབྱུང་སྟེ། ཇི་ལྟར་ཨུ་དུམ་ཝཱ་རའི་མེ་ཏོག་བརྒྱ་ལམ་ན་ཡང་འགའ་ཞིག་འབྱུང་བ་བཞིན་ཡིན་པས། སེམས་ཅན་རྣམས་དེ་ལ་དཀོན་པ་དང་ཕྲད་པར་དཀའ་བའི་འདུ་ཤེས་སྐྱེད་ཅིང༌། བཅོམ་ལྡན་འདས་དེ་ལ་གུས་པ་སྐྱེ་བར་འགྱུར། ཞལ་ནས་གསུངས་པའི་མདོ་རྣམས་ལ་ཡང་བདེན་པའི་འདུ་ཤེས་དང༌། ཡོངས་སུ་བཟུང་བའི་འདུ་ཤེས་སྐྱེད་ཅིང་སྐུར་བ་འདེབས་པར་མི་བྱེད་དོ། རིགས་ཀྱི་བུ། དེ་ལྟ་བས་ན། དེ་བཞིན་གཤེགས་པ་རྒྱུ་དེ་དང་རྐྱེན་དེའི་ཕྱིར་འཇིག་རྟེན་ན་ཡུན་རིང་དུ་མི་བཞུགས་ཤིང་མྱུར་དུ་མྱ་ངན་ལས་འདའ་བར་མཛད་པས། དེ་བཞིན་གཤེགས་པ་རྣམས་ནི་ཐབས་མཁས་པ་ཕུན་སུམ་ཚོགས་པ་དེ་ལྟ་བུས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་དོ། །ཞེས་གསུངས་པ་ལྟར་རོ། །

        དེ་ཡང་འཕགས་པ་དྷི་ཏི་ཀས་བསྟན་པ་སྐྱོང་བའི་སྐབས་སུ། རྒྱལ་པོ་ནེ་མཱི་ཏ་ཞེས་བྱ་བས་བྱང་ཕྱོགས་ཀྱི་ས་ལ་དབང་བསྒྱུར་བར་བྱེད་དོ། རྒྱལ་པོ་དེའི་མ་དུས་ལས་འདས་ཏེ་ལོ་གཅིག་ལོན་པའི་མྱ་ངན་བསལ་བའི་ཉིན་བཙུན་མོ་ལ་བུ་ཞིག་བཙས་པ་ན། བུ་འདི་བདག་གི་མྱ་ངན་སངས་པའི་ཉིན་བཙས་པའི་ཕྱིར་ན་མིང་མྱ་ངན་མེད་ཅེས་བྱའོ། ཞེས་རྒྱལ་པོས་གསུངས་པས་དེ་ལྟར་གྲགས་སོ། །ཡབ་རྒྱལ་པོ་ནེ་མཱི་ཏ་འདས་རྗེས་སུ་རྒྱལ་སྲིད་ལ་བཞག་གོ །དུས་ཕྱིས་ཤིག་ན་དགྲ་བཅོམ་པ་གྲགས་པ་རྒྱལ་མཚན་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་ཏེ་ཆོས་ཉན་ཞིང༌། དགེ་འདུན་ཁྲི་ཕྲག་མང་པོ་ལ་བསྙེན་བཀུར་བྱས་སོ། ནམ་ཞིག་ན་རྒྱལ་པོ་མྱ་ངན་མེད་ཀྱིས་གནོད་སྦྱིན་གྱི་རིག་སྔགས་གྲུབ་སྟེ། གནོད་སྦྱིན་གྱི་དམག་དཔུང་ཡན་ལག་བཞི་བ་མང་དུ་བྱུང་བས། རི་བོ་འབིགས་བྱེད་ཀྱི་ལྷོ་ཕྱོགས་ཀྱི་ས་ཐམས་ཅད་དང་བྱང་ཕྱོགས་ཁ་བ་ཅན་དང༌། ལི་ཡུལ་དང༌། ཤར་ལྷོ་ནུབ་གསུམ་གྱི་རྒྱ་མཚོ་ལ་ཐུག་པའི་བར་གྱི་འཛམ་བུའི་གླིང་གི་ས་གཞི་དང༌། གླིང་ཕྲན་ལྔ་བཅུ་ཙམ་ལ་ཡང་དབང་བསྒྱུར་བར་གྱུར་ཏོ།

        དེ་ནས་དགྲ་བཅོམ་པ་གྲགས་པས། རྒྱལ་པོ་ལ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་རྣམས་གསུངས་ཏེ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གྱིས་ས་སྟེང་བརྒྱན་པར་གྱིས་ཤིག་ཅེས་བསྐུལ་བ་ན། རིང་བསྲེལ་དགོས་པ་བྱུང་ནས་སྔོན་རྒྱལ་པོ་མ་སྐྱེས་དགྲ་ལ་བགོས་པའི་དེ་བཞིན་གཤེགས་པའི་གདུང་སྐལ་རྒྱལ་པོའི་ཁབ་ཀྱི་མཆོད་རྟེན་ཆེན་པོའི་འོག་ན་གཏེར་དུ་སྦས་ཡོད་པ་དགྲ་བཅོམ་པ་གྲགས་པ་དང་རྒྱལ་པོ་མྱ་ངན་མེད་འཁོར་བཅས་ཀྱིས་མི་འགྲེང་བདུན་ཙམ་གྱི་ས་ཐུས་པས་རིན་པོ་ཆེའི་སྒྲོམ་རིམ་པ་བདུན་ཡོད་པ་ཞིག་བྱུང་ངོ༌། །སྒྲོམ་དེ་ཁ་ཕྱེ་བ་ན་དབུས་སུ་སྟོན་པའི་རིང་བསྲེལ་སྔོན་ཆད་མ་ག་ངྷའི་བྲེ་བོ་ཆེ་གང་ཡོད་པ་འཕེལ་ཏེ། ཁལ་དྲུག་གི་ཚད་ཙམ་བཞུགས་པ་ལས། རིང་བསྲེལ་བྲེ་ཆེན་པོ་གཅིག་བླང་ནས་ལྷག་མ་སྔར་བཞིན་བཞུགས་པར་བྱས་སོ། དེ་ནས་སྐྱེ་བོ་རྣམས་ལ་རྒྱལ་པོས་བཀའ་བསྒོས་ཏེ། ཕོ་ཉ་དང་ལས་ཀྱི་གྲོགས་ཐམས་ཅད་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་བྱས་ཤིང༌། འཕགས་པའི་བྱིན་རླབས་དང༌། རྒྱལ་པོའི་བསོད་རྣམས་དང༌། གནོད་སྦྱིན་ཆེན་པོ་རྣམས་ཀྱི་རྫུ་འཕྲུལ་གྱིས་ཉིན་མཚན་གཅིག་ལ་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས་ཏེ། གནས་ཆེན་བརྒྱད་ཀྱི་མཆོད་རྟེན་དང༌། རྡོ་རྗེ་གདན་གྱི་བར་སྐོར་དང༌།

        གཞན་ཡང༌། བྱང་ཕྱོགས་ལི་ཡུལ་ཚུན་ཆད་ཀྱི་འཛམ་བུའི་གླིང་གི་བཀྲ་ཤིས་པའི་མཚན་མས་མཛེས་པའི་ཡུལ་གྲུ་ཐམས་ཅད་དུ་ཐུབ་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གྱིས་བརྒྱན་པར་བྱས་སོ། །ཞེས་མ་ག་དྷའི་པཎྜི་ཏ་ས་དབང་བཟང་པའི་གསུང་མཁས་གྲུབ་ཆེན་པོ་རྗེ་བཙུན་ཏཱ་ར་ན་ཐཱས་བཀོད་པ་ལས་འདིར་ཚིག་ཉུང་ངུར་བསྡུས་ནས་བྲིས་སོ། །དེང་སྐབས་རྒྱ་ནག་ལྷོ་ཕྱོགས་ཀྱི་རྒྱ་མཚོ་དང་ཉེ་བར་ཡོད་པའི་གྲོང་ཁྱེར་ཆེན་པོ་ཉིན་པོ་ནས་རྒྱང་གྲགས་ཁ་ཤས་འདས་པ་ན་མོན་ཧྲན་རི་བོ་ཟེར་བའི་མདུན་ན། ཆོས་རྒྱལ་མྱ་ངན་མེད་ཀྱི་དགོན་པ་ཞེས་བྱ་བའི་ལྷ་ཁང་ཆེན་པོ་དག་དང་ཁང་མིག་མང་པོ་ཡོད། ལྷ་ཁང་ཆེན་མོའི་ནང་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གཅིག་བཞུགས་པ་ལ་བདག་གིས་ཀྱང་དངོས་སུ་མཇལ། དེ་ཡང་རྒྱ་ནག་གི་ལོ་རྒྱུས་ལས། རྒྱལ་པོ་མྱ་ངན་མེད་ཀྱིས་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས་ནས། མཆོད་རྟེན་རེ་རེའི་ནང་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་རེ་རེ་བཞུགས་སུ་བཅུག་པ། འཛམ་བུའི་གླིང་གི་བཀྲ་ཤིས་པའི་མཚན་མ་ཅན་གྱི་ཡུལ་ཀུན་ཏུ་ཁྱབ་པར་བྱས་པ་ལས། ཙི་ནའི་ཡུལ་དུའང་མཆོད་རྟེན་བཅུ་དགུ་ཡོད་པར་གྲགས་ཀྱང་ད་ལྟ་འཛམ་བུའི་གླིང་དུ་མི་རྣམས་ཀྱིས་དངོས་སུ་མཇལ་རྒྱུ་ཡོད་པ་ནི། རྒྱ་ནག་ལྷོ་ཕྱོགས་ཀྱི་སངས་རྒྱས་ཀྱི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་འདི་དང༌། རྒྱ་གར་བྷར་མའི་གསེར་གྱི་མཆོད་རྟེན་དུ་བཞུགས་པའི་སངས་རྒྱས་ཀྱི་རིང་བསྲེལ་ཅན་གྱི་མཆོད་རྟེན་གཅིག་སྟེ། འདི་གཉིས་ལས་མེད་ཅེས་གསུངས། ཨ་ཤོ་ཀའི་དགོན་པ་དེའི་དགེ་སློང་གནས་བརྟན་ཤེས་བྱ་རིན་ཆེན་ཟེར་བས་ཀྱང་བདག་ལ་རྒྱལ་པོ་མྱ་ངན་མེད་ཀྱི་མཆོད་རྟེན་སླར་ཡང་དངོས་སུ་མཇལ་དུ་བཅུག་ནས་དེ་ལྟར་གསུངས། དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་གྱི་མཐོ་ཚད་ཁྲུ་གང་སོར་བཞི་བ་ཙམ། ཁྱོན་ལ་སོར་བདུན། བང་རིམ་ལྔ། ཁ་དོག་སྔོ་ནག ངོ་བོ་རྡོ་འདྲ་བའི་རིན་པོ་ཆེ་ཞིག་ཡིན་པ་འདྲ། མཆོད་རྟེན་གྱི་ནང་གི་དབུས་སུ་རིན་པོ་ཆེའི་སིལ་ཅོང་འཕྱང་བའི་ནང་དུ་རིང་བསྲེལ་བཞུགས་ཞེས་ལྷ་ཁང་དེའི་དཀར་ཆག་ལས་གསུངས། མཆོད་རྟེན་འདི་ཐོག་མར་རྙེད་པ་པོ་ནི། དེ་ཉིད་ལས། དགེ་སློང་བློ་གྲོས་མཁྱེན་བརྩེ་ཟེར་བའི་མནལ་ལམ་དུ་རྒྱ་གར་གྱི་བཙུན་པ་ཞིག་ལས་ཆོས་ཉན་ཞིང་བྱིན་གྱིས་བརླབས་པས། ཁོང་བཞུགས་སའི་མོན་ཧྲན་རི་བོའི་ས་འོག་ནས་ཅོང་གི་སིལ་སྒྲ་སྒྲོགས་པ་ཐོས། དེ་ནས་སྨོན་ལམ་བཏབ་པས་ཉིན་གསུམ་པར་མཆོད་རྟེན་འདི་ས་འོག་ནས་རང་ཤུགས་ཀྱིས་བྱོན་ཞེས་གསུངས་སོ། །

        རྒྱ་ནག་རི་བོ་རྩེ་ལྔའི་ནོར་བུ་ཆེན་པོའི་མཆོད་རྟེན་གྱི་ནང་དུ་རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་གཅིག་བཞུགས་པར་དགྲ་བཅོམ་པ་མ་ཏིང་གིས་མངོན་ཤེས་ཀྱིས་གཟིགས་པ་རེད་ཅེས་རི་བོ་རྩེ་ལྔའི་དཀར་ཆག་ཏུ་བཀོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚེམས་མཆེ་བ་གཅིག དེང་སྐབས་རྒྱ་ནག་པེ་ཅིན་པ་ཏ་ཁྲུང་ཟེར་བ་ན་མཆོད་རྟེན་ཆེན་པོ་ཞིག་གི་ནང་དུ་གསེར་གྱི་མཆོད་རྟེན་མི་ཚད་ཙམ་ཞིག་ཡོད། དེའི་སྒོ་ཁྱིམ་ནང་དུ་གསེར་གྱི་མེ་ཏོག་གི་དབུས་སུ་བཞུགས་པ་ལ་བདག་གིས་དངོས་སུ་མཇལ་བའི་སྐལ་བ་བཟང་པོ་ཐོབ་བོ། །བྱེ་བྲག་བཤད་མཛོད་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ནན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀོ་ཤམ་བྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང༌། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ༌། །དཀའ་བ་སྤྱོད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་གསུངས་སོ། དེ་ལྟར་མྱ་ངན་ལས་འདས་ཚུལ་བསྟན་ནས་ཡུན་མི་རིང་བ་ན། འོད་སྲུངས་ཆེན་པོས་བཀའ་བསྡུ་བར་ཐུགས་ལ་དགོངས་ཏེ། དགྲ་བཅོམ་པ་གང་པོ་ལ་དགེ་སློང་རྣམས་བསྡུས་ཤིག་གསུངས། དེས་གཎྜི་བརྡུང་བས་དགྲ་བཅོམ་པ་གཅིག་གིས་མ་ཚང་བའི་ལྔ་བརྒྱ་འདུས་སོ། །དེ་ནས་གང་བོ་རྫུ་འཕྲུལ་གྱིས་ཤི་རི་ཤ་ཀའི་གཞལ་མེད་ཁང་དུ་དགྲ་བཅོམ་པ་བ་ལང་བདག་བཞུགས་སར་བྱོན་ཏེ། འོད་སྲུངས་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ཀྱིས་འདི་སྐད་དུ། ཚེ་དང་ལྡན་པ་བ་ལང་བདག་ནད་མེད་པར་གྱུར་ཅིག དགེ་འདུན་གྱི་བྱ་བ་ཅུང་ཟད་ཡོད་པས་མྱུར་དུ་བྱོན་ཅིག ཅེས་སོ། །བ་ལང་བདག་ན་རེ། སངས་རྒྱས་ལ་སོགས་པ་ཞེས་སྨྲ་བར་རིགས་ན། འོད་སྲུངས་ལ་སོགས་པ་ཞེས་སྨྲའམ། ཐུགས་རྗེ་ཆེན་པོ་ལ་གོམས་པར་གནས་པ་དེ། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སམ། ཞེས་སོགས་དྲིས་པས། གང་བོས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་པས། བློ་ལྡན་བསྟན་པ་གནས་བྱའི་ཕྱིར། །ཉན་ཐོས་དགེ་འདུན་ཚོགས་ནས་ནི། །དེ་དག་དེར་ནི་འདུས་གྱུར་ཏེ། །ཁྱོད་ལ་སྡོད་དང་དེ་བརྩོན་བྱེད། །ཅེས་སྨྲས་པ་ན། བ་ལང་བདག་གིས་འདི་སྐད་ཅེས། ལྷུང་བཟེད་ཆོས་གོས་རྣམ་གསུམ་མཆོག་འདི་དག །ཁྱོད་ཀྱིས་དགེ་འདུན་དག་ལ་དབུལ་བར་བགྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གི་བསམ་པ་འཕགས་ལ་བཟོད་པར་གསོལ། །ཞེས་སྨྲས་ཏེ་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ། །དེའི་སྐུ་ལ་རང་བྱུང་གི་མེ་འབར་བས་ཞུགས་ལ་བཞེན་ཅིང༌། གདུང་རུས་དང་མེ་ནམ་མཁར་འཕགས་པ་ལས་ཆུ་རྒྱུན་བཞི་བབས་ཤིང༌། དེ་དག་ལས་ཚིགས་སུ་བཅད་པ་བཞིའི་སྒྲ་བྱུང་བ་ནི། ད་ལྟ་དུས་རྣམས་ངན་གྱུར་ཏེ། །སེམས་ཅན་རང་གི་ལས་ལ་བརྟེན། །འགྲོ་བའི་སྒྲོན་མ་དེ་འདས་པས། །ཐམས་ཅད་འགྲོ་བར་འཇུག་པར་རྟོགས། །འདུས་བྱས་བསགས་པའི་སྐད་ཅིག་གཅིག་འགྱུར་ཏེ། སྐྱེ་ལ་སོགས་པ་སྡུག་བསྔལ་ཉོན་མོངས་ལྡན། །སོ་སོ་སྐྱེས་བོས་བདག་ཏུ་ང་རྒྱལ་ཏེ། །དེ་དག་བྱེད་པ་མེད་པར་རིགས་པར་བྱ། །མཁས་པས་རྟག་ཏུ་དགོངས་པས་བག་ཡོད་ཅིང༌། བསོད་ནམས་ཡིད་ལ་བྱ་བ་དེ་བརྩོན་བྱ། །འབྱུང་བའི་ཚོགས་ཀུན་སོང་ཞིང་འཇིག་གྱུར་ཏེ། སྲོག་དང་བཅས་པའི་དཔལ་ནི་གཡོ་བར་གྱུར། །ཐུབ་པ་དེ་ལ་བློ་མཆོག་ཡང་དག་བཏུད། །རང་གི་དགོངས་པ་མ་ལུས་ཐམས་ཅད་བྱས། །གུས་ཤིང་རབ་ཏུ་དད་པས་བླ་མ་དེའི། །ཕྱི་བཞིན་བ་ལང་བདག་ཀྱང་དེ་ལྟར་སོང༌། །ཞེས་སོ། །གང་བོ་སླར་བྱོན་ནས་དགེ་འདུན་ལ་ཕྱག་བྱས་ཏེ། དེའི་ཆོས་གོས་ལྷུང་བཟེད་དག་ཕུལ་ཏེ། མགོན་པོའི་སྐུ་ནི་མེད་པར་དེས་ཐོས་ནས། །བསོད་ནམས་ལས་ཀྱིས་རབ་ཏུ་ཞི་བར་སོང༌། །དེ་ཡི་ལྷུང་བཟེད་ཆོས་གོས་འདི་ཡིན་ཏེ། །དེ་བསམ་དགེ་འདུན་དག་ལ་བཟོད་པར་གསོལ། །ཞེས་སོགས་ཇི་ལྟར་གྱུར་བའི་ཚུལ་བརྗོད་པ་ན། འོད་སྲུངས་ཆེན་པོས་འདི་སྐད་ཅེས། ཇི་ལྟར་དེ་ནི་འཕགས་པའི་ཚུལ་གྱིས་འདས། །གཞན་གྱིས་དེ་བཞིན་རབ་ཞིར་འགྲོ་མི་བྱ། །དེ་བས་ཇི་སྲིད་དགེ་བའི་དོན་བྱ་ཞིང༌། །དབང་ཅན་ཚོགས་ནས་དེ་སྲིད་བགྲོ་བར་བྱ། །ཇི་སྲིད་བསོད་ནམས་ལས་ཀྱི་གཞིར་གྱུར་པ། ཤི་ཤ་ཀ་ཡི་སེམས་མཆོག་བ་ལང་བདག། དེ་ལྟར་ཁྱེད་ཀྱིས་དེ་བཞིན་མི་བསམ་ཏེ། །འགྲོ་དོན་དགོངས་ཕྱིར་ཚོགས་ནས་བློ་གྲོས་བྱ། །ཞེས་རྒྱལ་བའི་བཀའ་བསྡུ་བའི་དགོས་པའི་དོན་ཆེན་པོ་མ་བྱས་པའི་བར་དུ་དགེ་སློང་རང་དབང་ཅན་སུ་ཡང་མྱ་ངན་ལས་མི་འདའ་བར་ཁྲིམས་སུ་བྱས་སོ། །དེ་ནས་འོད་སྲུངས་ཆེན་པོས་དགེ་སློང་རྣམས་ལ་གསུངས་པ། གྲོང་ཁྱེར་རྩ་ཅན་འདིར་ཕྱོགས་ཕྱོགས་ནས་དགེ་སློང་མང་པོ་འོངས་ཏེ་གཡེང་བར་འགྱུར་བས། ཡུལ་མ་ག་དྷར་སོང་ལ་ཆོས་བགྲོ་བར་བྱའོ། །ཀུན་དགའ་བོ་ཁྱོད་དགེ་འདུན་དང་ལྷན་ཅིག་ལྗོངས་རྒྱུས་ལ་རིམ་གྱིས་ཤོག་ཅིག ང་ལམ་དྲངས་པོ་ནས་སྔོན་ལ་འགྲོའོ་གསུངས་ནས་རྒྱལ་པོའི་ཁབ་ཏུ་བྱོན་པ་ན། རྒྱལ་པོ་མ་སྐྱེས་དགྲ་གླང་པོ་ཆེ་ལ་ཞོན་ཏེ་ལམ་དུ་འགྲོ་བའི་ཚེ། རྒྱང་རིང་བོ་ནས་འོད་སྲུངས་ཆེན་པོ་མཐོང་བ་ཙམ་གྱིས་སངས་རྒྱས་དྲན་ཏེ། གླང་བོ་ཆེའི་སྟེང་ནས་མཆོངས་སོ། །འོད་སྲུངས་ཀྱིས་རྫུ་འཕྲུལ་གྱིས་བླངས་ཏེ་ས་ལ་བཞག་ནས་གསུང་བ། སངས་རྒྱས་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་ལ། ཉན་ཐོས་ལ་དེ་ལྟ་བུ་མེད་པས་ཕྱིན་ཆད་དེ་ལྟར་མི་བྱའོ་ཞེས་ཆར་བྱས་སོ། །འོད་སྲུངས་ཆེན་པོས་རྒྱལ་པོ་ལ་དགེ་འདུན་རྣམས་ཀྱང་འོང་གི་ཆོས་ཀྱི་ཚུལ་བགྲོ་བར་འཚལ་ལོ། །རྒྱལ་པོ་ན་རེ། ཕྱོགས་གང་དུ་ཆོས་བགྲོ་བར་བྱ། འོད་སྲུངས་ཀྱིས། འོད་མའི་ཚལ་དང་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་མང་བོ་འོང་བས་གཡེང་བར་འགྱུར་ལ། ཕ་གྲོ་དྷའི་ཕུག་ནི་དབེན་མོད་ཀྱང་གནས་མལ་མེད་དོ་གསུངས་པས། རྒྱལ་པོ་ན་རེ། ལེགས་ཏེ་ཡོ་བྱད་ཐམས་ཅད་བདག་གིས་བསྟབ་པར་བགྱིའོ། །བདག་ལ་མ་སྤྲན་པར་འོད་སྲུངས་ཁྱོད་མྱ་ངན་ལས་མ་འདའ་ཞིག་ཅེས་པས། འོད་སྲུངས་ཀྱིས་ཀྱང་གནང་ངོ༌། །དེ་ནས་དགྲ་བཅོམ་པ་ཐམས་ཅད་ཕ་གྲོ་དྷའི་ཕུག་ཏུ་བྱོན། དེར་དབྱར་གནས་བར་དགོངས་སོ། །སྐབས་དེར་འོད་སྲུངས་ཆེན་པོས་ཀུན་དགའ་བོའི་སེམས་ལ་བརྟགས་པ་ན། དྲི་མ་དང་བཅས་པར་མཁྱེན་ཏེ། འཕགས་པ་མ་འགགས་པ་ལ་གསུངས་པ། མ་འགགས་པ་དགོངས་ཤིག འཁོར་འདི་དེ་བཞིན་གཤེགས་པས་བསྔགས་པ་ཡིན་ན། འདིའི་ནང་ན་དགེ་སློང་འདོད་ཆགས་ཅན་དང༌། ཞེ་སྡང་ཅན་དང༌། གཏི་མུག་ཅན་ཡོད་དོ། །དེར་མ་འགགས་པས་བརྟགས་པ་ན། འཕགས་པ་ཀུན་དགའ་བོ་སློབ་པ་ཡིན་པར་ཤེས་ནས། འོད་སྲུངས་ཆེན་པོ་མཁྱེན་པར་མཛོད་ཅིག དགེ་འདུན་རྣམས་ནི། དག་པ། གཙང་བ། སྙིང་པོ་ཅན། བསོད་ནམས་ཀྱི་ཞིང་ཡིན་མོད་ཀྱི། འོན་ཏེ་ཀུན་དགའ་བོ་ནི་དུག་གསུམ་དང་བཅས་པའོ། །

        དེ་ནས་འོད་སྲུངས་ཆེན་པོས་ཀུན་དགའ་བོ་སྐྱོ་བས་འདུལ་བར་གཟིགས་ནས་ཉེས་པ་བརྒྱད་བརྩིས་ཏེ་དགེ་འདུན་འདུས་པའི་ནང་ནས་ཕྱིར་བྱུང་ངོ༌། །དེ་ནས་འཕགས་པ་ཀུན་དགའ་བོ་བྲི་ཛིའི་གྲོང་དུ་བྱོན། འཕགས་པའི་མཁན་བུ་བྲི་རྫའི་བུས། །མཁན་པོའི་སེམས་ལ་བརྟགས་པ་ན། །ཉོན་མོངས་མ་སྤང་བར་ཤེས་ནས། །གཽ་ཏ་མ་ཁྱོད་ནི་བག་མེད་མ་མཛད་པར། །ཤིང་དྲུང་ཐིབས་པོ་བརྟན་ནས་མྱ་ངན་འདས། །ཐུགས་ལ་ཞོག་སྟེ་བསམ་གཏན་མཛོད་ཅིག་དང༌། །རིང་བོར་མི་ཐོགས་ཞི་བའི་གནས་འཐོབ་འགྱུར། ཞེས་ཞུས་པས། རང་གི་སློབ་མ་མཁན་བུའི་གདམས་ངག་ལ་བརྟེན་ནས་བསམ་གཏན་མཛད་པས། དེ་ནས་མི་རིང་བའི་དུས་གཞན་ཞིག་ན་དགྲ་བཅོམ་ཐོབ་བོ། །དེ་ནས་དགྲ་བཅོམ་པ་ཀུན་དགའ་བོ་སླར་ཕ་གྲོ་དྷའི་ཕུག་ཏུ་བྱོན་ཏོ། །དེར་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་འདུས་པས། ཀུན་དགའ་བོ་མདོ་སྡེ་བསྡུ་བ་བོར་བསྐོས་སོ། ཆོས་སྨྲ་བའི་སེང་གེའི་ཁྲིའི་སྟེང་དུ་དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་བཏིང༌། དེ་ལ་འཕགས་པ་ཀུན་དགའ་བོས་གཡས་ཕྱོགས་སུ་བསྐོར་ཞིག་མགོ་བོས་བཏུད་ཏེ། མི་རྟག་པ་དང་ཆོས་ཀྱི་འདུ་ཤེས་ཀྱིས་སེང་གེའི་ཁྲི་ལ་བཞུགས་ཏེ། རྒྱ་མཚོ་ལྟར་ཟབ་པའི་འཁོར་མི་གཡོ་བ་ལ་གཟིགས་སོ། དེ་ནས་འོད་སྲུངས་ཆེན་པོས། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་གསུངས། །ཞེས་གསོལ་བ་བཏབ་བོ། །དེའི་ཚེ་འཕགས་པ་ཀུན་དགའ་བོས་རྡོ་རྗེ་གདན་དུ་ཞལ་ཕྱོགས་ཏེ་ཐལ་མོ་སྦྱར་ནས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཝ་ར་ཎ་སིའི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་དག སྔར་མ་ཐོས་པའི་ཆོས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་སོགས་ཚངས་པའི་དབྱངས་ལྟ་བུའི་སྐད་ཀྱིས་མདོ་སྡེ་བསྒྲགས་པ་ན། ལྷ་རྣམས་དང༌། ཆགས་བྲལ་མ་ཐོབ་པའི་དགེ་སློང་རྣམས་ཀྱིས་ཚངས་པའི་དབྱངས་ལྟ་བུའི་གསུངས་སྐད་དེ་ཐོས་པས། བདག་ཅག་གིས་སྔར་བཅོམ་ལྡན་འདས་ཀྱིས་ཆོས་གསུང་བ་མངོན་སུམ་དུ་མཐོང་ན། ད་ནི་ཐོས་པའི་ལམ་དུ་གཤེགས་སོ་སྙམ་ནས། སངས་རྒྱས་དྲན་པས་གཟིར་བར་གྱུར། ལ་ལ་ནི་ཆོས་ཉིད་ཡིད་ལ་བྱེད་དོ། །དེ་ལྟར་མདོ་སྡེ་དང་བོ་དང༌། གཉིས་པ་དང༌། གསུམ་པ་སོགས་མདོ་སྡེ་གང་དང་གང་གསུངས་པ་ཐམས་ཅད་ཀུན་དགའ་བོས་གསུངས་པ་ན། དགྲ་བཅོམ་པ་ལྔ་བརྒྱས། ལུང་ཡང་དག་པར་ལྡན་པ་དང༌། ལུང་བར་མ་དང༌། ལུང་རིང་བོ་དང༌། ལུང་གཅིག་ལས་འཕྲོས་པ་ཞེས་བྱ་བ་ལ་སོགས་པར་བསྡུས་སོ། །དེ་ནས་འཕགས་པ་ཀུན་དགའ་བོ་སེང་གེའི་ཁྲི་ལས་བབས་ཤིང༌། འཕགས་པ་ཉེ་བར་འཁོར་འདུལ་བ་བསྡུ་བ་བོར་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་ཏེ། སེང་གེའི་ཁྲི་ལ་བཞུགས་ནས་བསླབ་པའི་གཞི་བཅས་པ་རིམ་པ་གསུམ་ལ་སོགས་པ་འདུལ་བའི་སྡེ་སྣོད་མཐའ་དག་བཟླས་ཏེ་གསུངས་སོ། །       བསླབ་པའི་གཞི་དང་བོ་བཅས་པ་ནི། ཝ་ར་ཎཱ་སིར་ལྔ་སྡེ་ལ། ཤམ་ཐམས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་པ་དང༌། གཉིས་པ་ནི། དེ་དག་ལ། ཆོས་གོས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་པ་དང༌། གསུམ་པ་ནི། བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་ལོ་བཅུ་གཉིས་ཀྱི་བར་དུ་དགེ་འདུན་ལ་ལྟུང་བའི་སྐྱོན་མེད་ཅིང་ཆུ་བུར་མེད་ལ། སོ་སོར་ཐར་བའི་མདོ་འདོན་པ་མདོར་བསྡུས་ཏེ། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོགས་བཏོན་པར་གྱུར་ཏོ། ལོ་བཅུ་གསུམ་པ་ལ་བབ་པ་ན། སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ཀ་ལན་ད་ཀའི་གྲོང་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་དག དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ༡དགེ་འདུན་བསྡུ་བའི་ཕྱིར་དང༌། ༢དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང༌། ༣དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། ༤གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་དང༌། ༥ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། ༦མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང༌། ༧མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང༌། ༨ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང༌། ༩ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང༌། ༡༠ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་བ་ལྷ་དང་མིའི་བར་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའི་ཕྱིར། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཞེས་སོགས་དགག་སྒྲུབ་གནང་གསུམ་གྱི་བསླབ་པའི་གཞི་བཅས་པ་མཐའ་དག་གོ །དེ་ནས་འཕགས་པ་ཉེ་བར་འཁོར་ཁྲི་ལས་བབས་ཤིང༌། འོད་སྲུངས་ཆེན་པོ་ཆོས་མངོན་པ་བསྡུ་བ་པོར་བསྐོས་ཏེ། སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་འོད་སྲུངས་ཆེན་པོས། མ་མོ་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་སྟེ། འདི་ལྟ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་དང༌། ཞེས་བྱ་བ་ལ་སོགས་པ་མངོན་པའི་སྡེ་སྣོད་མཐའ་དག་བཟླས་ཏེ་གསུངས་ནས། ཀྱེ་མ་སྟོབས་བཅུ་མངའ་བའི་གསུངས་ནི་ཚད་མེད་པ། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་བཅོས་འདི་བསྡུས་པས། །གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པ། །བློ་གྲོས་རབ་རིབ་བསལ་བས་སྒྲོན་མར་ཡང་དག་ལྡན། །ཞེས་གསུངས་སོ། །དེའི་ཚེ་ལྷ་རྣམས་ཀྱིས། འདི་སྐད་དུ། དགྲ་བཅོམ་པ་ལྔ་བརྒྱས་སྡེ་སྣོད་གསུམ་བསྡུས་པས། ལྷ་རྣམས་ནི་འཕེལ། ལྷ་མ་ཡིན་རྣམས་ནི་འགྲིབ། སངས་རྒྱས་ཀྱི་བསྟན་པ་ནི། ཡུན་རིང་དུ་གནས་པར་འགྱུར་རོ། །ཞེས་ཆེད་དུ་བརྗོད་དོ། དེ་ལྟར་བཀའ་བསྡུ་བ་ཡང་ལེགས་པར་གྲུབ། དབྱར་གནས་པ་ཡང་གྲོལ་ཏེ། ཧ་ཅང་ཡུན་མི་རིང་བའི་དུས་གཞན་ཞིག་ན། འོད་སྲུངས་ཆེན་པོས། བདག་གིས་སྟོན་པའི་བཀའ་དྲིན་མཐའ་དག་བསམ་པར་མི་ནུས་མོད་ཀྱི། འོན་ཀྱང་སྡེ་སྣོད་གསུམ་བསྡུས་ན་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ་ཞེས་གསུངས་པས་སྟོན་པའི་གསུངས་བསྒྲུབས་ཤིང༌། ཚངས་སྤྱོད་ཡུན་རིང་དུ་སྤྱད་པས། ད་ནི་བདག་མྱ་ངན་ལས་འདས་པའི་དུས་ལ་བབ་བོ་དགོངས་ནས། བདག་གིས་ཐུབ་པའི་མདོ་སྡེ་ནི། །ཡང་དག་བསྡུས་ནས་ཆོས་ལམ་བཞག །གཅིག་ནས་གཅིག་ཏུ་ཡུན་རིང་བར། །སྟོན་པའི་གསུང་རབ་འདི་གནས་འགྱུར། །ངོ་ཚ་མེད་རྣམས་ཆད་པས་བཅད། ངོ་ཚ་བྱེད་རྣམས་ཡོངས་སུ་བཟུང༌། །བདག་གིས་ཕན་དང་དགེ་བྱས་པས། །བདག་ནི་མྱ་ངན་འདས་དུས་བབ། །ཅེས་གསུངས་ཏེ། འཕགས་པ་ཀུན་དགའ་བོ་ལ་ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྐྱོངས་ཤིག ཁྱོད་ཀྱིས་ཀྱང་ཤ་ནའི་གོས་ཅན་རབ་ཏུ་བྱུང་ལ། དེ་ལ་བསྟན་པ་གཏོད་ཅིག་ཅེས་ཀུན་དགའ་བོ་ལ་བསྟན་པ་གཏད་དོ། དེ་ནས་འོད་སྲུངས་ཆེན་པོ་སྟོན་པའི་གདུང་གི་མཆོད་རྟེན་བརྒྱད་ཀྱི་དྲུང་དུ་ཕེབས་ཏེ་མཆོད་ཅིང༌། ཀླུའི་གནས་དང་སུམ་ཅུ་རྩ་གསུམ་དུའང་ཕེབས་ནས་སྟོན་པའི་མཆེ་བ་བཞི་ལ་མཆོད་པ་བྱས་ཏེ། སླར་རྒྱལ་པོའི་ཁབ་ཏུ་བྱོན་ནས། རྒྱལ་པོ་མ་སྐྱེས་དགྲ་ལ་མྱ་ངན་ལས་འདའ་ཚུལ་གསུང་བར་འདོད་པ་ན། རྒྱལ་པོ་ཉིད་གཞན་དུ་སོང་བས་མ་ཕྲད་དོ། དེ་ནས་རི་བྱ་རྐང་ཅན་དུ་བྱོན་ནས། རི་རྩ་བ་གཅིག་ལ་རྩེ་མོ་གསུམ་པ་ཅན་དེའི་དབུས་སུ་རྩ་བཏིང་བ་ལ་བཞུགས་ཏེ། བདག་གི་ལུས་འདི་སངས་རྒྱས་བྱམས་པའི་སློབ་མ་རྣམས་སྐྱོ་བར་བྱ་བའི་ཕྱིར། སངས་རྒྱས་བྱམས་པའི་བསྟན་པ་རྒྱས་ཀྱི་བར་དུ་རི་ཁ་ཟུམ་སྟེ། དེའི་དབུས་སུ་མ་ཉམས་པར་གནས་པར་གྱུར་ཅིག རྒྱལ་པོ་མ་སྐྱེས་དགྲ་ལུས་བལྟར་འོང་ན་རི་ཁ་ཕྱེ་ནས་མཐོང་བར་གྱུར་ཅིག ཚེའི་འདུ་བྱེད་བཏང་མ་ཐག་ས་གཡོ་བ་ལ་སོགས་པའི་ལྟས་སྣ་ཚོགས་འབྱུང་བར་གྱུར་ཅིག་ཅེས་ཐུགས་སྨོན་མཛད་དེ། སྟོན་པས་གནང་བའི་ཕྱག་དར་ཁྲོད་ཀྱི་གོས་སྐུ་ལ་གསོལ། གློ་གཡས་པ་ཕབ་སྟེ། ཆོ་འཕྲུལ་དང་བཅས་ཏེ་མྱ་ངན་ལས་འདས་སོ། །དེ་མ་ཐག་ས་གཡོ་བ་ལ་སོགས་པའི་ལྟས་སྣ་ཚོགས་བྱུང༌། བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་མཆོད་དོ། དེ་ནས་རི་གསུམ་པོ་ཁ་ཟུམ་སྟེ་གཅིག་ཏུ་གྱུར་ཏོ། །དེའི་ཚེ་རྒྱལ་པོས་ཚོར་ནས། ཀུན་དགའ་བོ་དང་ལྷན་ཅིག་རི་བོ་བྱ་རྐང་ཅན་དུ་འོངས་པ་ན། རི་གསུམ་ཁ་ཕྱེ་བས། རྒྱལ་པོ་མ་སྐྱེས་དགྲས་འོད་སྲུངས་ཆེན་པོའི་སྐུ་གདུང་མངོན་སུམ་དུ་མཐོང་ནས་ཕྱག་དང་མཆོད་པ་བྱས་སོ། །འཕགས་པ་ཀུན་དགའ་བོས། རྒྱལ་པོ་ལ། གང་གི་ཚེ་སངས་རྒྱས་བྱམས་པ་འཇིག་རྟེན་དུ་བྱོན་པ་དེའི་ཚེ། བྱམས་པའི་འཁོར་འདུས་པ་དང་བོའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་བཅས་པ་རི་བོ་བྱ་རྐང་ཅན་དུ་གཤེགས་ནས། འོད་སྲུངས་ཆེན་པོའི་གདུང་རུས་སངས་རྒྱས་བྱམས་པས་ཕྱག་ཏུ་བསྣམས་ནས་ཆོས་བསྟན་པས། ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་དགྲ་བཅོམ་འཐོབ་པར་འགྱུར་བ་ཡིན་ནོ་གསུངས། དེ་ནས་རྒྱལ་བོ་ཕྱིར་འོང་བ་ན་རི་གསུམ་པོ་ཡང་ཁ་ཟུམ་མོ། །རི་དེའི་རྩེ་མོར་རྒྱལ་བོས་མཆོད་རྟེན་བརྩིགས་སོ། །དེ་ནས་འཕགས་པ་ཀུན་དགའ་བོས་བསྟན་པ་བསྐྱངས་ཏེ། འགྲོ་བ་མང་བོ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་ན། འཕགས་པ་ཀུན་དགའ་བོ་ནི། སངས་རྒྱས་དང་འདྲ་བའི་ཉན་ཐོས་སོ་ཞེས་རྒྱལ་བོ་མ་སྐྱེས་དགྲས་བསམ་སྟེ། འཕགས་པ་ཀུན་དགའ་བོ་ལ་སོགས་པ་དགྲ་བཅོམ་པ་ལྔ་སྟོང་ལ། ལོ་ལྔའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཏེ་མཆོད་པ་བྱས་སོ། །སྒྱུ་མའི་རིག་སྔགས་ལ་ཤིན་ཏུ་མཁས་པའི་བྷ་ར་དྷ་ཛ་ཞེས་བྱ་བ། འཕགས་པས་ཆོ་འཕྲུལ་གྱིས་ཕམ་པར་བྱས་ཏེ་ཆོས་བསྟན་པས། བྷ་ར་དྷྭ་ཛ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་དང༌། གཞན་ཡང་སྐྱེ་བོ་ཁྲི་ཕྲག་བརྒྱད་བདེན་པ་ལ་བཀོད་དོ། དུས་གཞན་ཞིག་ན་ཤ་ནའི་གོས་ཅན་གྱིས་ལོ་ལྔར་དགེ་འདུན་རྣམས་ལ་དུས་སྟོན་ཆེན་པོ་བྱས་སོ། །དེའི་ཚེ་འཕགས་པ་ཀུན་དགའ་བོས། ཤ་ནའི་གོས་ཅན་ལ་གསུང་བ། བུ་ཁྱོད་ཀྱིས་སྟོན་པའི་བསྟན་པ་ལ་ཟང་ཟིང་གིས་བསྡུ་བ་བྱས་ཟིན་གྱི། ད་ནི་ཆོས་ཀྱིས་བསྡུ་བ་བྱོས་ཤིག་བྱས་པས། དེས་ཀྱང་འཕགས་པའི་བཀའ་ལྟར་བགྱིའོ་ཞེས་ཁས་བླང་ངོ༌། །དེ་ནས་ཤ་ནའི་གོས་ཅན་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས། རིམ་གྱིས་སྡེ་སྣོད་གསུམ་འཛིན་པ་དང༌། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་གྱུར་ཏོ། །

        དེ་ནས་འཕགས་པ་ཀུན་དགའ་བོས། དགྲ་བཅོམ་པ་ཤ་ནའི་གོས་ཅན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འོད་སྲུངས་ཆེན་པོ་ལ་བསྟན་པ་གཏད། འོད་སྲུངས་ཆེན་པོས་ང་ལ་བསྟན་པ་གཏད་པ་ན། ད་ནི་ངས་ཁྱོད་ལ་བསྟན་པ་གཏད་དོ། ཁྱོད་ཀྱིས་བསྟན་པ་ལེགས་པར་སྐྱོངས་ཤིག་རྗེས་སུ་གྲོང་ཁྱེར་བཅོམ་བརླག་གི་ཚོང་དཔོན་སྦས་པའི་བུ་ཉེར་སྦས་རབ་ཏུ་བྱུང་ལ་བསྟན་པ་གཏོད་ཅིག དེ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། མཚན་མེད་པའི་སངས་རྒྱས་སུ་འགྱུར་བར་དེ་བཞིན་གཤེགས་པས་ལུང་བསྟན་པས། ཉེར་སྦས་ཀྱིས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་གསུངས། དེ་ལྟར་སྔ་ཕྱིར་རིམ་གྱིས་དགེ་སློང་ཁྲི་ཙམ་ཞིག་དགྲ་བཅོམ་པའི་གོ་འཕང་ལ་བཀོད་དེ། དུས་གཞན་ཞིག་ན་ཆུ་བོ་གཱང་གའི་དབུས་སུ་བྱོན། དེར་ས་གཞི་སྤྲུལ། དྲང་སྲོང་ཞིག་འཁོར་ལྔ་བརྒྱས་བསྐོར་ནས་འོངས་པ་ལ། ཐམས་ཅད་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། དེའི་ཚེ་གསོལ་བ་བྱས་པ་ན། ཐམས་ཅད་ཀྱིས་ཕྱིར་མི་འོང་གི་འབྲས་བུ་ཐོབ། ལས་བརྗོད་པ་གསུམ་པའི་མཐར་ཐམས་ཅད་ཀྱིས་དགྲ་བཅོམ་ཐོབ་བོ། །དྲང་སྲོང་འདི་རྣམས་ཉི་མའི་གུང་ལ་ཆུ་དབུས་སུ་བསྙེན་པར་རྫོགས་ཤིང་དགྲ་བཅོམ་ཐོབ་པས་ན། ཉི་མའི་གུང་བ་ལྔ་བརྒྱ་དང༌། ཆུ་དབུས་པ་ལྔ་བརྒྱ་ཞེས་གྲགས། དྲང་སྲོང་གི་གཙོ་བོ་ལ་ཉི་མའི་གུང་བ་ཆེན་པོ་དང༌། ཆུ་དབུས་པ་ཆེན་པོ་ཞེས་གྲགས་སོ། །འཕགས་པ་ཀུན་དགའ་བོས། དགྲ་བཅོམ་པ་ཉི་མའི་གུང་བ་ཆེན་པོ་ལ། ཁྱོད་ཀྱིས་བསྟན་པ་སྲུངས་ཤིག ཁ་ཆེའི་ཡུལ་ནི་བསམ་གཏན་དང་མཐུན་ཞིང༌། གནས་མལ་གྱི་མཆོག་ཏུ་ལུང་བསྟན་པས། དེར་བསྟན་པ་རྒྱས་པར་གྱིས་ཤིག་གསུངས་པས། དེས་ཀྱང་ཁས་བླངས་སོ། །དེ་ལྟར་འཕགས་པ་ཀུན་དགའ་བོས་ལོ་བཞི་བཅུར་བསྟན་པ་བསྐྱངས་ནས་ཆུ་དབུས་དེར་མྱ་ངན་ལས་འདས་སོ། །སྐུ་གདུང་ལ་རང་བྱུང་གི་མེས་ཞུགས་ལ་བཞེན་ཏེ། རིན་པོ་ཆེ་གར་བུ་ལྟ་བུའི་ཆ་གཉིས་སུ་གྱུར་པས། ཆ་གཅིག་སྤོང་བྱེད་པ་དང༌། ཆ་གཅིག་རྒྱལ་པོ་མ་སྐྱེས་དགྲས་སྤྱན་དྲངས་ཏེ། སོ་སོའི་ཡུལ་དུ་མཆོད་རྟེན་བྱས་སོ།

        དེ་ནས་འཕགས་པ་ཤ་ནའི་གོས་ཅན་གྱིས་བསྟན་པ་བསྐྱངས་ལ། དགྲ་བཅོམ་པ་ཉི་མའི་གུང་བ་ཝ་ར་ཎཱ་སིར་བཞུགས་ཏེ། འཁོར་རྣམ་བཞི་ལ་ལུང་འབོགས་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་རྣམས་ལའང་ཆོས་སྟོན་པར་བྱེད་དོ། དེའི་རྗེས་སུ་དགྲ་བཅོམ་པ་ཉི་མའི་གུང་བ་འཁོར་དགྲ་བཅོམ་པ་མང་པོ་དང་བཅས་རྫུ་འཕྲུལ་གྱིས་ནམ་མཁའ་ནས་གཤེགས་ཏེ། བྱང་ཕྱོགས་ཨུ་ཤི་རིར་བྱོན། དེར་ཁྱིམ་བདག་ས་ཛ་ཞེས་བྱ་བས། ཕྱོགས་བཞིའི་དགེ་འདུན་བསྡུས་ཏེ། དུས་སྟོན་གྱི་མཆོད་པ་ལོ་གཅིག་བྱས་པས། དགྲ་བཅོམ་པ་བཞི་ཁྲི་དགུ་སྟོང་འདུས་སོ། །དགྲ་བཅོམ་པ་ཉི་མའི་གུང་བས་དེར་ལོ་གསུམ་དུ་ཆོས་བསྟན་པས། བྱང་ཕྱོགས་སུ་བསྟན་པ་ལྷག་པར་དར་བར་གྲགས་སོ། དེའི་རྗེས་སུ་དགྲ་བཅོམ་པ་ཉི་མའི་གུང་བ་རྫུ་འཕྲུལ་གྱིས་ཁ་ཆེའི་ཡུལ་དུ་བྱོན་ཏེ། ཀླུ་གནས་པའི་མཚོ་འགྲམ་དུ་བཞུགས་སོ། དེའི་ཚེ་ཀླུའི་རྒྱལ་བོ་ཨོ་དུ་ཀསྤྱ་ཞེས་བྱ་བ་ཁྲོས་བས་རྫི་ཆར་དྲག་པོ་ཕབས་ཀྱང༌། འཕགས་པའི་ཆོས་གོས་ཀྱི་མཐའ་མ་གཡོས། མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབས་པ་རྣམས་མེ་ཏོག་ཏུ་གྱུར་པས། ཀླུ་དངོས་སུ་འོངས་ནས། འཕགས་པ་ཅི་བཞེད་ཟེར། འཕགས་པས་ས་གཞི་བྱིན་ཅིག་གསུངས། ས་གཞི་ཅི་ཙམ། སྐྱིལ་ཀྲུང་གཅིག་གིས་ཁྱབ་པའི་སའོ། འོ་ན་འབུལ་ལོ་ཟེར། འཕགས་པས་སྐྱིལ་ཀྲུང་གཅིག་གིས་ཁ་ཆེའི་ཡུལ་དགུ་གནོན་པར་མཛད་པས། ཀླུ་ན་རེ། འཕགས་པ་ལ་འཁོར་ཅི་ཙམ། ལྔ་བརྒྱའོ། དེ་ལས་གཅིག་མ་ཚང་ན་སླར་འཕྲོག་གོ་ཟེར་བ་ན། ས་འདིར་སྟོན་པས་ལྷག་མཐོང་དང་མཐུན་པའི་ཡུལ་དུ་ལུང་བསྟན་པ་ཡིན་ན། གང་ན་སློང་བ་བོ་ཡོད་པ་དེར། སྦྱིན་པ་བོ་ཡང་ཡོད་དགོས་པས། བྲམ་ཟེ་དང་ཁྱིམ་བདག་མང་བོ་ཡང་ཡོད་དགོས་སོ་གསུངས། དུས་མི་རིང་བར་ཨུ་ཤི་རི་ནས་འཁོར་ཉི་མའི་གུང་བ་ལྔ་བརྒྱ་དང༌། ཝ་ར་ཎཱ་སི་ནས་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་ཁ་ཆེའི་ཡུལ་དུ་འོངས་སོ། འཕགས་པ་ཉི་མའི་གུང་པ་ཉིད་བཞུགས་པའི་དུས་ཉིད་ན། གྲོང་ཁྱེར་ཆེན་པོ་དགུ་དང༌། གྲོང་མང་པོ་དང༌། རྒྱལ་པོའི་ཕོ་བྲང་གཅིག་དང༌། གཙུག་ལག་ཁང་བཅུ་གཉིས། དགེ་འདུན་མང་བོ་དང་བཅས་པས་ཡུལ་དེ་བརྒྱན་པར་གྱུར་ཏོ། །དེ་ནས་ཁ་ཆེ་བ་མང་པོ་ཞིག་རྫུ་འཕྲུལ་གྱིས་རི་བོ་སྤོས་ངད་ལྡང་དུ་ཁྲིད་དེ། མེ་འབར་བ་ལ་སོགས་པའི་ཆོ་འཕྲུལ་གྱི་ཀླུ་རྣམས་བཏུལ་ཚེ། ཀླུ་དེ་དག་གིས། འཕགས་པའི་ཆོས་གོས་ཀྱི་གྲིབ་མས་ནོན་པའི་གུར་ཀུམ་རྣམས་འབུལ་ཟེར་བ་ལ། འཕགས་པས་ཆོས་གོས་ཆེན་པོར་སྤྲུལ། དེའི་གྲིབ་མའི་འོག་ནས་སྐྱེ་བོ་རྣམས་ཀྱིས་གུར་ཀུམ་བླངས་ཏེ། སླར་བྱོན་ནས་ཁ་ཆེའི་ཡུལ་གུར་ཀུམ་སྐྱེ་གནས་གྱིས་ཁྱབ་པར་བྱས་ཏེ། ཁྱེད་རྣམས་ཀྱི་ལོངས་སྤྱོད་འཕེལ་བའི་ཁྱད་པར་ནི་འདི་ཡིན་ནོ་གསུངས། དེ་ལྟར་དགྲ་བཅོམ་པ་ཉི་མའི་གུང་བ་ཁ་ཆེའི་ཡུལ་དུ་ལོ་ཉི་ཤུ་ཙམ་བཞུགས་ནས། ཡུལ་དེ་བསྟན་པའི་འབྱུང་གནས་སུ་གྱུར་ཅིང༌། བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་བྱས་ཏེ་མྱ་ངན་ལས་འདས་སོ། །

        དགྲ་བཅོམ་པ་ཉི་མའི་གུང་བ་ཁ་ཆེའི་ཡུལ་དུ་བཞུགས་པའི་སྐབས་སུ། འཕགས་པ་ཤ་ནའི་གོས་ཅན་མཉན་ཡོད་དུ་བཞུགས་ནས་འཁོར་རྣམ་བཞི་ལ་ཆོས་བསྟན་པས། དགྲ་བཅོམ་པ་སྟོང་དུ་ཉེ་བ་ཙམ་བྱུང་ངོ༌། དེའི་ཚེ་གནོད་སྦྱིན་གདུག་པ་ཅན་གཉིས་ཀྱིས། མ་ག་དྷ་ལ་སོགས་པར་རིམས་ནད་ཆེན་པོ་བཏང་སྟེ། མི་ཕྱུགས་མང་པོ་ཤི་བས། མ་ག་དྷ་བ་རྣམས་ཀྱིས། མཉན་ཡོད་ནས་འཕགས་པ་སྤྱན་དྲངས་ཏེ། དེ་གཉིས་འདུལ་བར་གསོལ་བ་བཏབ་བོ། །ཤ་ནའི་གོས་ཅན་གནོད་སྦྱིན་གཉིས་གནས་པའི་རི་གུརྦ་ཞེས་བྱ་བར་གཤེགས་ཏེ། དེ་གཉིས་གནས་པའི་ཕུག་པར་བཞུགས་པ་ན། གནོད་སྦྱིན་དེ་གཉིས་འོངས་ནས་རབ་ཏུ་ཁྲོས་པས་བྲག་ཕུག་རྡིབ་པའི་ཚེ། ཡང་ཕུག་པ་གཞན་ཞིག་བྱུང་ནས་འཕགས་པ་དེར་བཞུགས་པར་མཐོང་ངོ༌། །དེ་ལྟར་ལན་གསུམ་སོང་བ་ན། དེ་གཉིས་ཀྱིས་མེ་སྦར་རོ། །འཕགས་པས་དེ་བས་ཀྱང་ཆེ་བའི་མེ་སྦར་བ་ན། དེ་གཉིས་སྐྲག་སྟེ་བྲོས་པའི་ཚེ། ཕྱོགས་ཐམས་ཅད་དུ་མེ་འབར་བས་འགྲོ་ས་མ་རྙེད་པར་འཕགས་པ་ལ་སྐྱབས་སུ་སོང་བ་ན་མེ་རང་ཞིའོ། །དེ་ནས་དེ་གཉིས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད་པས། རིམས་ནད་ཀྱང་ཆད་དོ། དེ་ལྟ་བུའི་ཆོ་འཕྲུལ་བསྟན་པས། བྲམ་ཟེ་དང་ཁྱིམ་བདག་མང་བོ་ཞིག་གིས་བདེན་པ་མཐོང་ངོ༌། དེ་ནས་གྲོང་ཁྱེར་དྲུག་ན་གནས་པའི་འཁོར་རྣམ་བཞི་ལ་ཆོས་སྟོན་པར་མཛད་ལ། སྐབས་དེ་དག་ཏུ་རྒྱལ་བོ་མ་སྐྱེས་དགྲའི་བུ་རྒྱལ་བོ་ལག་བཟང་གིས་ལོ་བཅུ་གཉིས་ཙམ་ལ། དགེ་འདུན་ལ་བསྙེན་བཀུར་ཆེན་པོ་བྱས་ཤིང༌། དེའི་འོག་ཏུ་ལག་བཟང་གི་བུ་རྒྱལ་པོ་གཞུ་བཟང་གིས་རྒྱལ་སྲིད་ལོ་ཉི་ཤུ་རྩ་གསུམ་བསྐྱངས་ནས་བསྟན་པ་ལ་བསྙེན་བཀུར་བྱས་སོ། །དེའི་ཚེ་རྒྱལ་པོ་གཞུ་བཟང་གི་འཁོར་དང་ཞོ་ཤས་འཚོ་བ་ཉིས་སྟོང་ཙམ་ཞིག་ཤ་ནའི་གོས་ཅན་ལས་རབ་ཏུ་བྱུང་ངོ༌། །དེ་དག་ལ་སོགས་པ་དགེ་སློང་རབ་ཏུ་མང་བོ་དང་ལྷན་ཅིག་དུར་ཁྲོད་བསིལ་བའི་ཚལ་དུ་དབྱར་གནས་པར་མཛད་དོ། །དགག་དབྱེའི་ཚེ་དུར་ཁྲོད་ཀྱི་རྒྱུ་ལྟ་ཞིང་སོང་བས། དེ་ཐམས་ཅད་ཀྱི་མི་སྡུག་པའི་ཏིང་འཛིན་ཐོབ་ཅིང༌། མི་རིང་བར་དགྲ་བཅོམ་ཐོབ་པར་གྱུར་ཏོ། །དེ་ལྟར་ན་དགྲ་བཅོམ་པ་ཤ་ནའི་གོས་ཅན་གྱིས་སྔ་ཕྱིར་ཆོས་བསྟན་པས། བདེན་པ་མཐོང་བ་ནི་འབུམ་ཙམ་དང༌། དགྲ་བཅོམ་ཐོབ་པ་ནི་ཁྲི་ཙམ་བྱུང་བར་གྲགས་སོ། དེ་ནས་འཕགས་པ་ཤ་ནའི་གོས་ཅན་གྱིས། ཉེར་སྦས་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་ཙམ་གྱིས་བདེན་པ་མཐོང་ངོ༌། །ཞག་བདུན་ནས་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་གྲོལ་བར་གྱུར་ཏོ། །

        དེ་ནས་འཕགས་པ་ཤ་ནའི་གོས་ཅན་གྱིས། འཕགས་པ་ཉེར་སྦས་ལ་བསྟན་པ་གཏད་དེ། ཡུལ་ཙམྤ་ཁར་མྱ་ངན་ལས་འདས་སོ། །འཕགས་པ་ཉེ་སྦས་ཆུ་བོ་གཱང་ག་བརྒལ་ཏེ་བྱང་ཕྱོགས་སུ་གཤེགས་ནས་ཡུལ་ལུས་འཕགས་ཞེས་བྱ་བར་བཞུགས་སོ། །དེར་ཁྱིམ་བདག་བ་སུ་ས་ར་ཞེས་བྱ་བས་གཙུག་ལག་ཁང་བཞེངས། ཕྱོགས་བཞིའི་དགེ་འདུན་པ་བསྡུས་ནས་དབྱར་གནས་པར་མཛད་པ་ལ་བསྙེན་བཀུར་བྱས་སོ། འཕགས་པ་ཉེ་སྦས་ཀྱིས་གདམས་ངག་བསྟན་པས། དབྱར་ཟླ་བ་གསུམ་གྱི་ནང་དུ་དགྲ་བཅོམ་པ་ཐོབ་པ་སྟོང་ཕྲག་གཅིག་བྱུང་ངོ༌། །དེ་ནས་རིའི་རྒྱལ་བོ་གན་དྷ་རང་བྱོན་ནས་ཆོས་བསྟན་པས་ཀྱང་སྐྱེ་བོ་ཆེ་མང་བོས་བདེན་པ་མཐོང་ངོ༌། དེ་ནས་ནུབ་བྱང་མཚམས་ཀྱི་གྲོང་ཁྱེར་བཅོམ་བརླག་ཏུ་བྱོན་པ་ན། སྒོ་དྲུང་དུ་སྐྱེ་བོ་མང་པོ་ཚོགས་པའི་སར། གྱད་ཀྱི་གཙོ་བོ་ན་ཊ་དང་བྷ་ཌྜ་ཞེས་བྱ་བ་གཉིས་གཏམ་དུ་གླེངབ་ལས། འཕགས་པ་ཉེ་སྦས་ཀྱི་བསྔགས་པ་བརྗོད་ཅིང༌། ཤ་ར་ཏེ་མགོ་བོ་ཞེས་བྱ་བའི་རི་ལ། དེ་གཉིས་ཀྱིས་བཞེངས་པའི་གཙུག་ལག་ཁང་ཁྱད་པར་དུ་འཕགས་པ་ཞིག་ཡོད་པ་དེར། འཕགས་པ་ཉེ་སྦས་གནས་འཆའ་བར་བྱེད་ན་ཅི་མ་རུང་ཞེས་སྨོན་པར་བྱེད་དོ། །དེའི་ཚེ་འཕགས་པ་ཉེ་སྦས་རྒྱང་རིང་བོ་ནས་བྱོན་པ་མཐོང་བས། ཨེ་མའོ། རིང་མོ་རིང་མོ་ནས་དབང་པོ་དུལ་བ། གཟི་བརྗིད་དང་ལྡན་པ་ཞིག་ཕེབས་པ་འདི་ནི་འཕགས་པ་ཉེ་སྦས་ཡིན་ཡང་དག་གོ་ཞེས་མདུན་བསུས་ནས་ཕྱག་བྱས་ཏེ། འཕགས་པ་ཉེ་སྦས་ལེགས་སམ་ཞེས་དྲིས་པས། འཇིག་རྟེན་ན་དེ་ལྟར་གྲགས་སོ་གསུངས། གྱད་ཀྱི་གཙོ་བོ་དེ་གཉིས་ཀྱིས་དད་གུས་ཆེན་པོས། མགོ་བོའི་རི་ལ་ཡོད་པའི་གར་མཁན་དཔའ་བོའི་གཙུག་ལག་ཁང་ཕུལ། ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་དོ། དེར་འཕགས་པས་ཆོས་བསྟན་པས་རབ་ཏུ་བྱུང་བ་དང་ཁྱིམ་པ་མང་པོ་ཞིག་གིས་བདེན་པ་མཐོང་ངོ༌། །དུས་གཞན་ཞིག་ན་སྐྱེ་བོ་མང་བོ་འདུས་པ་ལ་ཆོས་བསྟན་ཅིང་བཞུགས་པའི་ཚེ། བདུད་སྡིག་ཅན་གྱིས་གྲོང་ཁྱེར་དུ་འབྲས་ཀྱི་ཆར་ཕབ་བོ། །དེའི་ཚེ་སྐྱེ་བོ་མང་བོ་ཞིག་གྲོང་ཁྱེར་དུ་སོང༌། ལྷག་མ་རྣམས་ཀྱིས་ཆོས་མཉན་པར་བྱེད་དོ། །ཉིན་གཉིས་པ་ལ་གོས་ཀྱི་ཆར་དང༌། ཉིན་གསུམ་པ་ལ་དངུལ་གྱི་ཆར་དང༌། ཉིན་བཞི་པ་ལ་གསེར་གྱི་ཆར་དང༌། ཉིན་ལྔ་བ་ལ་རིན་པོ་ཆེ་སྣ་བདུན་གྱི་ཆར་ཕབས་པས། ཆོས་ཉན་པའི་ཚོགས་པ་ཤིན་ཏུ་བྲི་བར་གྱུར་ཏོ། །ཉིན་དྲུག་པ་ལ། བདུད་སྡིག་ཅན་རང་ཉིད་གར་མཁན་གྱི་ཆས་སུ་བྱས། བུ་དང་བུ་མོ་ཆུང་མ་རྣམས་ཀྱང་ལྷའི་གར་མཁན་གྱི་གཟུགས་སུ་བསྒྱུར་ནས། གར་མཁན་ཕོ་མོ་སུམ་ཅུ་རྩ་དྲུག་གྲོང་ཁྱེར་དུ་བྱུང་སྟེ། གར་གྱི་བཀོད་པ་དང༌། སྒྱུ་འཕྲུལ་གྱི་ལྟད་མོ་སྣ་ཚོགས་དང༌། གླུ་དང་རོལ་མོའི་སྒྲ་དབྱངས་སྙན་པོས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་བསྒྱུར་བས་ཆོས་ཉན་པ་གཅིག་ཀྱང་མེད་དོ། དེ་ནས་འཕགས་པ་ཉེ་སྦས་གྲོང་ཁྱེར་དུ་བྱོན་ཏེ། ཨེ་མ་ཧོ། སྐྱེས་བུ་དཔའ་བོ་ཁྱེད་རྣམས་ཀྱི་གར་ལེགས་ཀྱི། བདག་གིས་ཀྱང་མེ་ཏོག་གི་ཕྲེང་བ་གདགས་པར་བྱའོ། ཞེས་རེ་རེ་བཞིན་མགོ་དང་མགྲིན་པར་མེ་ཏོག་གི་ཕྲེང་བ་རེ་བཅིངས་སོ། །དེ་མ་ཐག་ཏུ་འཕགས་པའི་རྫུ་འཕྲུལ་གྱི་སྡིག་ཅན་འཁོར་བཅས་རྒས་ཤིང་ཁོགས་པ། མི་སྡུག་པ། གོས་ཧྲུལ་བ། མགོ་ལ་སྦྲུལ་གྱི་རོ་རུལ་བ་བཅིངས། མགྲིན་པར་ཁྱི་རོ་བམ་པ་སོགས་བཏགས་པ་དྲི་ངན་ཕྱོགས་བཅུར་ལྡང་བས། མཐོང་བ་ཙམ་གྱིས་སྐྱུགས་བྲོ་བར་འགྱུར་བ་དག་ཏུ་བྱིན་གྱིས་བརླབས་སོ། །དེའི་ཚེ་འདོད་ཆགས་དང་མ་བྲལ་བའི་སྐྱེ་བོ་རྣམས་དེར་སྐྱོ་བ་དང་འཇིགས་པ་དང་སྐྱུག་བྲོ་བས་སྣ་བ་བཀག་ཅིང་ཕྱིར་ཕྱོགས་པས་འདུག་གོ །དེ་ནས་འཕགས་པས། སྡིག་ཅན་ཁྱོད་ཀྱིས་ངའི་འཁོར་ལ་ཅིའི་ཕྱིར་འཚེ། དེས་སྨྲས་པ། འཕགས་པ་བཟོད་པར་མཛོད་ལ་བདག་ཅག་བཅིངས་པ་ལས་ཁྲོལ་ཅིག འཕགས་པས་ངའི་འཁོར་ལ་མི་འཚེ་ན་དེ་ལྟར་བྱའོ་གསུངས། དེས། བདག་གི་ལུས་ཞིག་པར་གྱུར་ཅིང་མི་འཚེའོ་ཟེར། དེ་མ་ཐག་བདུད་ཀྱི་ལུས་སོགས་རྣལ་དུ་གནས་པར་གྱུར་ཏོ། །བདུད་ཀྱིས་སྨྲས་པ། བདག་གིས་བྱང་ཆུབ་སྙིང་པོར་གཽ་ཏ་མ་ལ་མཐོ་འཚམ་པར་བྱས་ཀྱང༌། དེ་ནི་བྱམས་པའི་ཏིང་ངེ་འཛིན་ལ་གནས་སོ། །ཉན་ཐོས་རྣམས་ནི་ཕ་རོལ་གནོད་པ་སྟེ། ངས་རྩེད་མོ་ཅུང་ཟད་བྱས་པ་ལ་ཡང་འཕགས་པས་བདག་བཅིངས་སོ་ཟེར། འཕགས་པས། ངས་ནི་སངས་རྒྱས་ཀྱི་ཆོས་ཐོས་ཤིང་ཐུགས་ཀྱི་དེ་ཉིད་རྟོགས་པས། སྟོན་པའི་ཆོས་ཀྱི་སྐུ་ནི་མཐོང་ན། གཟུགས་ཀྱི་སྐུ་ནི་མ་མཐོང་བས། སྡིག་ཅན་ཁྱོད་ཀྱིས་སྟོན་པའི་སྐུའི་རྣམ་པ་ཇི་ལྟ་བུ་སྟོན་ཅིག་གསུངས་པས། དེས་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུའི་རྣམ་པར་སྤྲུལ་བ་ན། འཕགས་པ་ཉེ་སྦས་རབ་ཏུ་དང་བ་སྐྱེས་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་ཐལ་མོ་སྦྱར་བ་སྤྱི་བོར་བཞག་མ་ཐག བདུད་སྡིག་ཅན་གྱིས་མ་བཟོད་པར་རང་གཟུགས་བསྟན་ནས། ཁྱོད་ཀྱིས་བདག་ལ་ཕྱག་བྱེད་མི་རིགས་ཞུས་པས། སངས་རྒྱས་ཀྱི་སྐུ་ས་དང་ཤིང་སོགས་ལ་གྲུབ་པའང་ཕྱག་གི་གནས་ཡིན་པས། སངས་རྒྱས་ཀྱི་སྣང་བརྙན་ལ་ཕྱག་འཚལ་བར་འོས་གསུངས། དེ་ནས་བདུད་འཁོར་བཅས་ཀྱང་མི་སྣང་བར་གྱུར་ཏོ། །ཚུལ་དེ་དག་གིས་སྐྱེ་བོ་ཐམས་ཅད་ཡིད་འགྱུར་ཞིང་དད་པ་ལྷག་པར་སྐྱེས་སོ། །འབྲས་ཀྱི་ཆར་བབས་པ་ནས་བརྩམས་ཏེ། སྔོན་གྱི་དགེ་བའི་རྩ་བས་བསྐུལ་བའི་ཕྱོགས་བཞི་ནས་སྐྱེ་བོ་དཔག་ཏུ་མེད་པར་འདུས་པ་ལ། ཞག་དྲུག་པ་དེ་ཉིད་ཀྱི་མཚན་ཐོག་ཐག་ཏུ་ཆོས་གསུངས་པས། ཉིན་བདུན་པ་ལ་སྐྱེ་བོ་འབུམ་ཕྲག་བཅོ་བརྒྱད་ཀྱིས་བདེན་པ་མཐོང་ངོ༌། །དེ་ནས་གར་མཁན་དཔའ་བོས་གཙུག་ལག་ཁང་དུ་ཇི་སྲིད་འཚོའི་བར་དུ་བཞུགས་ཤིང༌། ཕུག་པ་ཞིག་སྲིད་དུ་ཁྲུ་བཅོ་བརྒྱད་པ། བརྒྱར་ཁྲུ་བཅུ་གཉིས། དཔངས་སུ་ཁྲུ་དྲུག་ཡོད་པ་དེར་འཕགས་པ་ཉེ་སྦས་ཀྱི་གདམས་ངག་ལ་བརྟེན་ནས་གང་ཟག་གཅིག་གིས་དགྲ་བཅོམ་པ་ཐོབ་པ་ན་ཤིང་བུ་སོར་བཞི་བ་རེ་འཕངས་པས། དུས་གཞན་ཞིག་ན་ཚུལ་དེ་ཁོ་ནས་ཕུག་པ་དེ་ཡོངས་སུ་གང་བར་གྱུར་ཏོ་ཞེས་གྲགས་སོ། །

        སྐབས་དེར་ཡུལ་འཕགས་རྒྱལ་དུ་བྲམ་ཟེ་ནོར་མང་བོ་ཅན་ཞིག་ཡོད་པ་ལ། བུ་དྷི་ཏི་ཀ་ཞེས་བྱ་བ་ཞིག་ཡོད་པ་དེ་ནི། མཁས་པ། གསལ་བ། ཡིད་གཞུངས་པ། རིག་བྱེད་བཞི་དང་རིག་པའི་གནས་བཅོ་བརྒྱད་ལ་མཁས་ཤིང་བྱང་བར་གྱུར་ནས། འཁོར་བྲམ་ཟེ་ལྔ་བརྒྱ་ལ་འཚེ་བ་མེད་པའི་རིག་པ་དག་སྟོན་པར་བྱེད་དོ། །དུས་གཞན་ཞིག་ན། ཡུལ་བཅོམ་བརླག་ཏུ་སོང་ནས་གར་མཁན་དཔའ་བོའི་གཙུག་ལག་ཁང་དུ་འཕགས་པ་ཉེ་སྦས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དྷི་ཏི་ཀ་འཁོར་བཅས་ལ། འཕགས་པས། གདམས་ངག་རྣམ་པ་བདུན་བསྟན་པས། ཞག་བདུན་གྱི་བྲམ་ཟེ་ལྔ་བརྒྱས་དགྲ་བཅོམ་ཐོབ་པར་གྱུར་ལ། དྷི་ཏི་ཀ་ནི། དགྲ་བཅོམ་པ་རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་པར་གྱུར་ཏོ། །དེའི་རྗེས་སུ་འཕགས་པ་ཉེ་སྦས་ཀྱིས་འཕགས་པ་དྷི་ཏི་ཀ་ལ་བསྟན་པ་གཏད་དེ་ཡོངས་སུ་མྱ་ངན་འདས་སོ།

        འཕགས་པ་དྷི་ཏི་ཀས་གྲོང་ཁྱེར་དྲུག་པོ་རྣམས་སུ་འཁོར་རྣམ་བཞི་ལ་ལུང་ཕོགས། སངས་རྒྱས་ཀྱི་བསྟན་པ་རབ་ཏུ་རྒྱས་པར་བྱས་སོ། །སྐབས་དེར་ཐོ་གར་གྱི་ཡུལ་ན་རྒྱལ་བོ་མི་ན་ར་ཞེས་བྱ་བ་ཞིག་ཡོད་ལ། རྒྱལ་པོ་ལ་སོགས་པའི་ཡུལ་དེ་བ་རྣམས་ནམ་མཁའི་ལྷ་ཁོ་ན་ལ་དད་དོ། །དུས་ལན་གཅིག་རྒྱལ་པོ་འཁོར་བཅས་དང༌། ཡུལ་མི་མང་བོས་མཆོད་རྫས་སྣ་ཚོགས་ཀྱི་ནམ་མཁའི་ལྷ་མཆོད་པའི་སྐབས་སུ། འཕགས་པ་དྷི་ཏི་ཀ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་ནམ་མཁའ་ནས་རྫུ་འཕྲུལ་གྱིས་བྱོན་ནས་མཆོད་པའི་སར་བཞུགས་སོ། །དེ་རྣམས་ཀྱིས་འཕགས་པ་འཁོར་བཅས་ནམ་མཁའི་ལྷ་ཡིན་པའི་འདུ་ཤེས་ཀྱི་ཕྱག་བྱས་ཏེ་མཆོད་པ་ལ། འཕགས་པས་ཆོས་བསྟན་པས། རྒྱལ་པོ་ལ་སོགས་པ་སྐྱེ་བོ་སྟོང་གིས་བདེན་པ་མཐོང་ལ། སྐྱེ་བོ་དཔག་ཏུ་མེད་པ་ཞིག་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད་དོ། །དེར་དབྱར་ཟླ་བ་གསུམ་བཞུགས་པས་དགེ་སློང་དཔག་ཏུ་མེད་པ་འཕེལ་ཞིང༌། དགྲ་བཅོམ་ཐོབ་པ་སྟོང་ཙམ་བྱུང་ངོ༌། དེར་ཁ་ཆེའི་ཡུལ་གྱི་གནས་བརྟན་མང་བོ་ཡང་ཕེབས་ཤིང༌། རྒྱལ་བོ་མི་ན་ར་དང་དེའི་སྲས་ཀྱི་དུས་ཁོ་ན་ལ་གཙུག་ལག་ཁང་ཆེན་པོ་ལྔ་བཅུ་ཙམ་བཞེངས་ཏེ། དེར་དགེ་འདུན་མང་བོས་གང་བར་གྱུར་ཏོ། ཡང་ཤར་ཕྱོགས་ཀཱ་མ་རུ་བ་ཞེས་བྱ་བའི་ཡུལ་ན། བྲམ་ཟེ་སི་དྷི་ཞེས་བྱ་བ་ལོངས་སྤྱོད་རྒྱལ་བོ་དང་མཉམ་པ་ཞིག་ཡོད་ལ། དེ་འཁོར་སྟོང་ཕྲག་མང་བོ་དང་བཅས་པས་ཉི་མ་མཆོད་པ་ལ་བརྩོན་པར་བྱེད་དོ། །དེས་ཉི་མ་མཆོད་པའི་དུས་ཤིག་ན། འཕགས་པ་དྷི་ཏི་ཀ་རྫུ་འཕྲུལ་གྱིས་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་འོད་ཟེར་མང་བོ་སྤྲོ་བཞིན་དུ་དེ་དག་གི་མདུན་དུ་བྱོན་ནས་བཞུགས་སོ། །དེ་དག་གིས་ཀྱང་ཉི་མ་ཡིན་པར་བསམ་སྟེ། མཆོད་ཅིང་ཕྱག་འཚལ་བ་ལ། ཆོས་བསྟན་པས། ཤིན་ཏུ་དད་པར་གྱུར་པའི་ཚེ། འཕགས་པའི་སྐུ་དངོས་སྣང་བར་བྱས་ཏེ་ཆོས་གསུངས་པས། བྲམ་ཟེ་དེས་བདེན་པ་མངོན་སུམ་དུ་མཐོང་ངོ༌། །བྲམ་ཟེ་དེས་མཆོད་རྟེན་ཆེན་པོ་ཞེས་བྱ་བའི་གཙུག་ལག་ཁང་བཞེངས་ཏེ། ཕྱོགས་བཞིའི་དགེ་འདུན་པ་རྣམས་ལ་དུས་སྟོན་ཆེན་པོ་བྱས་པས། སངས་རྒྱས་ཀྱི་བསྟན་པ་ལྷག་པར་དར་བར་གྱུར་ཏོ། །ནུབ་ཕྱོགས་མ་ལ་ཝ་ཞེས་བྱ་བའི་ཡུལ་དུ་བྲམ་ཟེ་དྲེགས་མེད་ཅེས་བྱ་བ་ལ་སོགས་པ་བྲམ་ཟེ་མང་བོས། ར་སྐྱེས་དང༌། བ་ལང་མང་བོ་བསད་དེ། ཤ་ཁྲག་གིས་སྦྱིན་སྲེག་བྱེད་དོ། ལན་གཅིག་མཆོད་སྦྱིན་བྱེད་པའི་སར་འཕགས་པ་དྷི་ཏི་ཀ་བྱོན་ནས་ལས་འབྲས་ཀྱི་ཆོས་བསྟན་པས། དེ་རྣམས་སྡིག་པའི་ལས་ལ་འགྱོད་ཅིང་སྡིག་པ་ཞི་བའི་ཐབས་ཞུས་པས། སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་ལ་བཀོད་དོ། །དེ་ནས་དེ་རྣམས་ཀྱིས་ཁྱིམ་བདག་གདངས་ཅན་གྱི་ཀུན་དགའ་ར་བར་གཙུག་ལག་ཁང་ཆེན་པོ་བྱས་ཏེ། རྫས་ལས་བྱུང་བའི་བསོད་ནམས་བདུན་ལ་བརྩོན་པར་བྱེད་དོ། །དེ་ལྟར་འཕགས་པ་དྷི་ཏི་ཀས་བསྟན་པ་ཡུན་རིང་བོར་བསྐྱངས་ཏེ། སེམས་ཅན་ལ་ཕན་པར་མཛད་པའི་མཐར། ཚོང་དཔོན་གྱི་རིགས་ལས་བྱུང་བ་འཕགས་པ་ནག་པོ་ལ་བསྟན་པ་གཏད་དོ། །དེ་ནས་འཕགས་པ་ནག་པོས་བསྟན་པ་བསྐྱངས་ཏེ། འཁོར་རྣམ་བཞི་ལ་གདམས་ངག་ཕོག་པས། འབྲས་བུ་བཞི་ཐོབ་པ་སོགས་རྒྱུན་མི་ཆད་པར་ཡོད་པར་གྲགས་སོ། །ནམ་ཞིག་ན། ཁ་ཆེའི་ཡུལ་ནས་བྲམ་ཟེའི་རིགས་ཀྱི་དགེ་སློང་གནས་བརྟན་གནས་པ་ཞེས་བྱ་བ་གདུག་པ་གཏུམ་པ། མང་དུ་ཐོས་པ། བདག་ཏུ་ལྟ་བ་ལ་མངོན་པར་དགའ་བ་ཞིག་ཡུལ་ཀུན་ཏུ་རྒྱུ་ཞིང༌། སོ་སོ་སྐྱེ་བོ་རྣམས་ལྟ་བ་ངན་པ་ལ་འགོད་པ་ཞིག་བྱུང་སྟེ། དེའི་ཕྱིར་དགེ་འདུན་རྣམས་ཀྱང་ཅུང་ཟད་རྩོད་པར་གྱུར་ཏོ། དེའི་ཚེ་མ་རུའི་ཡུལ་གྱི་པུསྐ་ར་ཎི་ཞེས་བྱ་བའི་གཙུག་ལག་ཁང་དུ་གནོད་སྦྱིན་སེར་སྐྱ་ཞེས་བྱ་བས་འཚོ་བ་སྦྱར་ནས། ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་སོ། དགེ་འདུན་རྣམས་འདུས་པའི་དབུས་སུ། འཕགས་པ་ནག་པོས་བདག་མེད་པའི་ཆོས་ཡང་ཡང་བསྟན་ཏེ། ཟླ་བ་གསུམ་ཙམ་འདས་པ་ན། བདག་ཏུ་ལྟ་བ་ལ་བཀོད་པའི་དགེ་སློང་དེ་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་དག་སྟེ། བདེན་པ་མཐོང་ངོ༌། །གནས་བརྟན་གནས་པ་ཡང་ལྟ་བ་རྣམ་པར་དག་པ་ལ་བཀོད་དོ། །སྐབས་དེར་སེང་ག་ལའི་གླིང་ན་རྒྱལ་པོ་ཁྲི་ལྡན་སེང་གེ་མཛོད་ཅེས་བྱ་བ་ཞིག་ཡོད་ལ། དེ་འདུན་ས་ན་གནས་པའི་ཚེ། ཚོང་དཔོན་ཞིག་གིས་ཤིང་ལས་གྲུབ་པའི་སྟོན་པའི་སྐུ་ཞིག་ཕུལ། རྒྱལ་པོས་འདི་ཅི་ཞེས་དྲིས་པས། ཚོང་དཔོན་དེས་སངས་རྒྱས་ནས་བརྩམས་ཏེ། འཕགས་པ་ནག་པོའི་བར་གྱི་ཆེ་བ་རྣམས་བརྗོད་དོ། །རྒྱལ་པོ་དགའ་སྟེ། འཕགས་པ་ནག་པོ་གདན་འདྲེན་པའི་ཕོ་ཉ་བ་མངགས་སོ། །དེ་ནས་འཕགས་པ་ནག་པོ་འཁོར་བཅས་རྫུ་འཕྲུལ་གྱི་ནམ་མཁའ་ནས་བྱོན་ཏེ། སེང་ག་ལའི་གླིང་དུ་བབས་ཤིང༌། རྒྱལ་བོ་འཁོར་དང་བཅས་པས་མདུན་བསུས་ཏེ། འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོ་བ་དང་འབར་བ་ལ་སོགས་པའི་ཆོ་འཕྲུལ་དང་བཅས་གྲོང་ཁྱེར་མཆོག་ཏུ་གཤེགས་སོ། །ཟླ་བ་གསུམ་བཞུགས་ནས་ཆོས་བསྟན་པས། འབྲས་བུ་བཞི་ཐོབ་པ་མང་བར་གྲགས་སོ། །གླིང་དེར་འཕགས་པ་ནག་པོས་གཙུག་ལག་ཁང་དང༌། དགེ་འདུན་མང་བོ་འཕེལ་བར་བྱས་སོ། །རྒྱ་གར་ནུབ་ཕྱོགས་བྷ་རུ་ཀ་ཙྪ་ཞེས་བྱ་བའི་ཡུལ་དུ། སྐྱ་སེང་གི་རིགས་ལས་བྱུང་བ་རྒྱལ་རིགས་མཐོང་བ་ཞེས་བྱ་བ་ལ་སྲས་ཤིག་ཡོད་པའི་མིང་ལ་ལེགས་མཐོང་ཞེས་བཏགས་སོ། །དེ་ཆེར་སྐྱེས་ནས་སྐྱེད་མོའི་ཚལ་ལྔ་བརྒྱ་ལ་སོགས་པ་ལྷ་དང་མཉམ་པའི་ལོངས་སྤྱོད་ཅན་དུ་གྱུར་ཏོ། །དུས་གཞན་ཞིག་ན། ལེགས་མཐོང་མང་པོ་དང་བཅས་སྐྱེད་མོས་ཚལ་དུ་འགྲོ་བའི་ལམ་དུ། དགྲ་བཅོམ་པ་སུ་ཀ་ཡ་ན་ཞེས་བྱ་བ་འཁོར་བཅས་བྱོན་པ་མཐོང་བས། ལྷག་པར་དད་དེ། ཞབས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་དགྲ་བཅོམ་པས་ཆོས་བསྟན་པ་ན། ལེགས་མཐོང་གིས་སྟན་དེ་ལ་འཁོད་བཞིན་དུ་དགྲ་བཅོམ་ཐོབ་བོ། །དེའི་རྗེས་སུ་འཕགས་པ་ནག་པོ་སློབ་དཔོན་དུ་བསྟེན་ཏེ། ལྷན་ཅིག་གནས་པའི་ཚུལ་གྱིས་ཡུན་རིང་དུ་བཞུགས་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་པའི་མཐར། འཕགས་པ་ནག་པོས། དགྲ་བཅོམ་པ་ལེགས་མཐོང་ལ་བསྟན་པ་གཏད་དེ། བྱང་ཕྱོགས་ཀྱི་ཡུལ་ཀུ་ཤ་བ་ན་ཞེས་བྱ་བར་མྱ་ངན་ལས་འདས་སོ། །

        དེ་ནས་འཕགས་པ་ལེགས་མཐོང་གིས། འཁོར་རྣམ་བཞི་ལ་ལུང་ཕོགས་ཏེ་བསྟན་པ་བསྐྱངས་ལ། སྐབས་དེར་ནུབ་ཕྱོགས་སིན་དྷུ་ཞེས་བྱ་བའི་གནས་ན། གནོད་སྦྱིན་མོ་ཧོང་ག་ལ་ཙཱི་ཞེས་བྱ་བ། མཐུ་དང་རྫུ་འཕྲུལ་ཆེ་བ་ཞིག་གནས་ཏེ། དེས་ཡུལ་མི་རྣམས་ལ་ཤིན་ཏུ་འཚེ་བར་བྱེད་དོ། །དུས་གཞན་ཞིག་ན། འཕགས་པ་ལེགས་མཐོང་གིས་དེ་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། སིན་དྷུའི་གྲོང་དུ་བསོད་སྙོམས་བླངས་ཏེ། གནོད་སྦྱིན་དེའི་གནས་སུ་བསོད་སྙོམས་བཞེས་པས། དེས་བསམ་པ་འདི་ནི་དགེ་སློང་ལམ་འཁྱམས་པ་ཞིག་གོ་སྙམ་མོ། །དེ་ནས་ལྷུང་བཟེད་བཀྲུས་པའི་བཀྲུ་ཁུ་གནས་དེར་ཕོ་བས། གནོད་སྦྱིན་མོ་ཤིན་ཏུ་ཁྲོས་ཏེ། རྡོ་དང་མཚོན་ཆ་ཆར་ལྟར་ཕབས་ཀྱང༌། འཕགས་པ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཅུང་ཟད་ཀྱང་གནོད་པར་མ་གྱུར་ཏོ། །འཕགས་པས་ཆོ་འཕྲུལ་གྱིས་མེ་སྦར་ཏེ། ཕྱོགས་ཐམས་ཅད་མེར་གྱུར་པ་ན། གནོད་སྦྱིན་མོ་ཉིད་ཚིག་པར་འཇིགས་ནས་འཕགས་པ་ལ་སྐྱབས་སུ་སོང་ཞིང༌། དེ་ལ་འཕགས་པས་ཆོས་བསྟན་ནས་བསླབ་པའི་གནས་ལ་བཀོད་དོ། །

        གཞན་ཡང༌། ཕྱིས་སུ་འདུལ་བ་བོ་མི་འབྱུང་བར་མཁྱེན་ཏེ། བསྟན་པ་འདི་ལ་མི་དད་པའི་ཀླུ་དང་གནོད་སྦྱིན་བརྒྱ་ལྔ་ཙམ་བཏུལ་བར་གྲགས་སོ། །དེ་ནས་འཕགས་པ་ལེགས་མཐོང་ཆེན་པོ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་པས། ཡུལ་དེ་རྣམས་སུ་གཙུག་ལག་ཁང་དང་དགེ་འདུན་མང་བོ་འཕེལ་ཞིང༌། གླིང་ཕྲན་མང་པོར་ཡང་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ལ། རྒྱ་ཡུལ་ཆེན་པོ་རྣམས་སུའང་ཆོས་ཅུང་ཟད་དར་བར་མཛད་ནས། སྐལ་བ་དང་ལྡན་པའི་སེམས་ཅན་དཔག་ཏུ་མེད་པ་དགེ་བའི་ལམ་ལ་བཀོད་པར་མཛད་དོ་ཞེས་ཐོས་སོ།།

        བར་སྐབས་ཀྱི་ཚིགས་བཅད། 
        འདིར་སྨྲས་པ། མཁྱེན་པས་དུས་གསུམ་ཤེས་བྱའི་དཀྱིལ་འཁོར་ཁྱབ། །བརྩེ་བས་འགྲོ་ཀུན་སྙོམས་པར་བུ་བཞིན་དགོངས། །ནུས་པས་སྐལ་ལྡན་འཁོར་བའི་འཇིགས་ལས་སྐྱོབ། །འདྲེན་པ་དོན་ཀུན་གྲུབ་ལ་ཕྱག་འཚལ་ལོ། །མཚོ་དང་རྫིང་བུ་མེད་པར་གྱུར་པ་ན། །དེ་རུ་ཤར་བའི་ཟླ་བའི་གཟུགས་བརྙན་བཞིན། །དངོས་ཀྱི་གདུལ་བྱ་ཡོངས་སུ་རྫོགས་པའི་ཚེ། །མྱ་ངན་འདའ་སྟོན་མཛད་ལ་ཕྱག་འཚལ་ལོ། །བདེ་གཤེགས་སློབ་མ་སྲས་དང་བཅས་པ་ནི། །གང་དུ་གཤེགས་ཤིང་བཞུགས་པའི་གནས་རྣམས་དང༌། །སྡེ་སྣོད་གསུམ་དང་ཚེམས་ཀྱི་མཆེ་བ་བཞི། །རིང་སྲེལ་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པའི་གསུང་སྐྱེས་སློབ་མའི་ཚོགས། །བསྟན་ལ་ཚད་མར་གྱུར་པ་དེ་རྣམས་ཀྱི། །ལེགས་མཛད་རྟ་མཆོག་བདུན་གྱིས་དྲངས་པ་ཡི། །བསྟན་པའི་ཉི་མ་དུས་ཀྱི་མཐར་ཡང་ཤར། །ཤཱཀྱའི་རྒྱལ་བོའི་ཞབས་ལ་ཕྱག་བྱས་ཏེ། །སྟོན་པར་ཁས་བླངས་ཙམ་གྱིས་བསྙེན་པར་རྫོགས། །འོད་སྲུངས་རིགས་ལས་འཁྲུངས་པའི་གནས་བརྟན་ཆེ། །སངས་རྒྱས་གཉིས་པ་འོད་སྲུངས་ཆེན་པོར་འདུད། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན། །སྡེ་སྣོད་གསུམ་དུ་བསྡུས་ནས་ཆོས་ལམ་བཞག །སློབ་མའི་སློབ་མ་གཅིག་ནས་གཅིག་བརྒྱུད་དེ། །ཐུབ་བསྟན་ཡུན་རིང་གནས་པའི་བཀའ་དྲིན་མཛད། །གང་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ན་ཡང༌། །སྐུ་གདུང་རིན་ཆེན་ཚེ་ལོ་བརྒྱད་ཁྲིའི་བར། །མི་འཇིག་བྱིན་བརླབས་འགྲོ་ཕན་རྒྱ་ཆེན་པོ། །འབྱུང་བའི་ཚུལ་འདི་ངོ་མཚར་རྨད་དུ་བྱུང༌། །ཆོས་ཀྱི་ཆེ་བས་བཀུར་སྟི་སེང་ཁྲིའི་སྟེང༌། །དགྲ་བཅོམ་ལྔ་བརྒྱའི་སྣམ་སྦྱར་གདན་དུ་བཏིང༌། །གླེང་གཞི་མཚམས་སྦྱོར་དང་བཅས་རྒྱལ་བའི་བཀའ། །ཇི་བཞིན་གསུངས་མཛད་འཕགས་པ་ཀུན་དགའ་བོ། །འཕགས་པ་སྤྱན་སྟོང་མངའ་བས་དམ་ཆོས་ཆར། །ཇི་སྙེད་བབས་པ་ཁྱོད་ཐུགས་འཛིན་མར་འཁྱིལ། །སངས་རྒྱས་བསྟན་ལ་ཆོས་དང་ཟང་ཟིང་གིས། །རི་མོར་བགྱིས་པ་ཤ་ནའི་གོས་ཅན་ཞབས། །ཐུབ་པས་ལུང་བསྟན་འཕགས་པས་བཀའ་བསྒོས་ལྟར། །ཁ་ཆེའི་ཡུལ་ནི་བསྟན་པའི་འབྱུང་གནས་སུ། །བྱེད་པོ་དགྲ་བཅོམ་ཉི་མའི་གུང་བ་ཞེས། །གྲགས་པའི་རྫ་རྔ་འཇིག་རྟེན་ཀུན་གྱིས་བརྡུང༌། །མཚན་དཔེ་བྲལ་ཡང་འགྲོ་ཕན་སངས་རྒྱས་དང༌། །འདྲ་བར་དེ་བཞིན་གཤེགས་པས་ལུང་བསྟན་པ། །འཕགས་པ་ཉེ་སྦས་རྣམ་ཐར་བསམ་པའི་ཚེ། །འཁོར་བའི་རྒྱ་མཚོ་སྐམས་པའང་སྲིད་དོ་སྙམ། །རྣམ་པར་ཐར་པ་བརྒྱད་ལ་མངའ་བརྙེས་ཏེ། །ངོ་མཚར་ཆོ་འཕྲུལ་ཆེན་པོས་འགྲོ་དོན་མཛད། །འོད་ཀྱི་དྲ་བས་ནམ་མཁའ་གང་བཞིན་དུ། །ཉི་མའི་དཀྱིལ་འཁོར་ལས་བྱོན་དྷི་ཏི་ཀ །སེང་ག་ལ་ཡི་གླིང་དུ་འགྲོ་དོན་མཛད། །ལྟ་ངན་ལམ་ཞུགས་ཡང་དག་ལྟ་ལ་བཀོད། །གཙུག་ལག་ཁང་མང་བཞེངས་ནས་དགེ་འདུན་སྡེ། །རྒྱ་ཆེར་སྤེལ་མཛད་འཕགས་པ་ནག་པོ་བ། །འབྱོར་བ་ཆེ་བས་གནོད་སྦྱིན་མཛོད་ལ་འགྲན། །འཕྲིན་ལས་ཆེ་བས་ཡངས་པའི་འཇིག་རྟེན་ཁྱབ། །རྫུ་འཕྲུལ་ཆེ་བས་ལྷ་ཀླུ་གནོད་སྦྱིན་བཏུལ། །ལེགས་མཐོང་ཟླ་བ་ཐུབ་བསྟན་ནམ་མཁའི་རྒྱན། །བསྟན་པའི་མངའ་བདག་ཆེན་པོ་དེ་རྣམས་ལ། །སངས་རྒྱས་འདྲ་བའི་ཉན་ཐོས་ཞེས་སུ་གྲགས། །བསྟན་ལ་བྱ་བ་བྱས་ཤིང་བྱེད་པ་བྱས། །ཁམས་གསུམ་ལས་འདས་འགྲོ་བའི་བསོད་ནམས་ཞིང༌། །ཉོན་མོངས་མེད་པའི་ཏིང་འཛིན་འོད་སྟོང་ཅན། །བསམ་གཏན་ལྷ་ཡི་ལམ་ནས་ཤར་བའི་ཚེ། གང་ལ་དམིགས་ནས་གཞན་གྱི་ཀུན་རྟོགས་ལས། །ཆགས་སོགས་མུན་པ་འབྱུང་བའི་གོ་སྐབས་བྲལ། །རབ་མཐའི་བསམ་གཏན་གསེར་གྱི་དཀྱིལ་འཁོར་སྟེང༌། སྨོན་ནས་ཤེས་པ་མཁྱེན་པའི་ཏིང་འཛིན་མཚོར། །གང་ཞིག་ཤེས་འདོད་ཡུལ་གྱི་ཟླ་སྐར་སོགས། །སྨོན་པ་ཙམ་གྱིས་མ་འདྲེས་སོ་སོར་འཆར། །ཆོས་དོན་ངེས་ཚིག་སོ་སོ་རིག་པ་ཡིས། །མིང་དང་དོན་དང་ངག་རྣམས་ཐོགས་མེད་ཤེས། །སྤོབས་པ་སོ་སོ་རིག་པས་འབེལ་གཏམ་སོགས། །ཆོས་ཀྱི་དོན་ཀུན་ཐག་ཐོགས་མེད་པར་འཆད། །སྔོན་གནས་རྗེས་སུ་དྲན་པས་འདས་པ་མཁྱེན། །ལྷའི་མིག་མངོན་པར་ཤེས་པས་མ་འོངས་མཁྱེན། །ཟག་ཟད་མངོན་པར་ཤེས་པས་ད་ལྟ་སྟེ། །རིག་པ་གསུམ་དང་ཚངས་གནས་བཞི་དང་ལྡན། །གཞན་ཡིད་འཕྲོག་པས་རྫུ་འཕྲུལ་མངོན་ཤེས་དང༌། །ཕ་རོལ་སེམས་ཤེས་ཟག་ཟད་མངོན་ཤེས་གསུམ། །རྫུ་འཕྲུལ་ཀུན་བརྗོད་རྗེས་བསྟན་ཆོ་འཕྲུལ་ཏེ། །ཆོ་འཕྲུལ་གསུམ་གྱི་སྒོ་ནས་འགྲོ་དོན་མཛད། །གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། །གཟུགས་མེད་གཟུགས་དང་སྡུག་པའི་རྣམ་ཐར་དང༌། །གཟུགས་མེད་རྣམ་ཐར་བཞི་དང་འགོག་པ་སྟེ། །རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་མཛད། །རང་ལ་གཟུགས་དང་གཟུགས་མེད་འདུ་ཤེས་པས། །ཕྱི་རོལ་གཟུགས་ནི་ཆེ་ཆུང་གཉིས་གཉིས་དང༌། །སྔོ་སེར་དཀར་དམར་ཁ་དོག་ཟིལ་གནོན་ཏེ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་ལྡན། །ས་ཆུ་མེ་རླུང་འབྱུང་བཞིའི་ཟད་པར་དང༌། །སྔོ་སེར་དཀར་དམར་ཁ་དོག་ཟད་པར་བཞི། །ནམ་མཁའ་རྣམ་ཤེས་ཟད་པར་ཏིང་འཛིན་བཅུས། །ས་སོགས་བར་མཚམས་མེད་པར་རྒྱས་པར་བྱེད། །གཞན་ཡང་བྱང་ཆུབ་ཕྱོགས་ཆོས་སོ་བདུན་སོགས། །ངོ་མཚར་ཡོན་ཏན་དབང་ཕྱུག་དེ་རྣམས་ཀྱི། །རྨད་དུ་བྱུང་བའི་རྟོགས་བརྗོད་མཐའ་ཡས་ལས། །ཆ་ཤས་ཙམ་ཞིག་དད་པས་གཏམ་དུ་བྱས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

                       རྗེ་ཡེ་ཤེས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ་ལས་བཤུས།
                                                                                                                                      རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།