སྟོན་པས་གསང་སྔགས་ཀྱི་རྒྱུད་གསུང་བའི་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-02 10:35:46     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

260523631050068473.jpg


       

       དེ་ནས་གསང་སྔགས་ཀྱི་རྒྱུད་གསུང་བ་ནི། བསྟོད་པ་ལས། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དང༌། །ནུབ་ཕྱོགས་ཨཽ་ཌི་ཡཱ་ནའི་གླིང་སོགས་སུ། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡི། །རྒྱུད་ཆེན་རྣམ་བཞི་གསུང་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ། །དེ་ཡང་འགྲེལ་ཆེན་དྲི་མེད་འོད་ལས། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་སྟོན་པར་མཛད་དེ། བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷཱ་ཀ་ཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་གསུངས་སོ། །ཞེས་པ་ལྟར། སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་དྲང་སྲོང་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་ཞིག་གིས་ཉིན་ལམ་བཅུ་གཉིས་ཀྱི་སར་འབྲས་སོ་བའི་ཆར་བ་བང་རིམ་གསུམ་ཙམ་ཕབ་པས། དེའི་ཕུད་ལྟ་བུར་རྫུ་འཕྲུལ་ཐོབ་པ་རྣམས་ཀྱིས་རྫུ་འཕྲུལ་གྱིས་བཞེངས་པའི་འབྲས་དཀར་སྤུངས་པའི་མཆོད་རྟེན་གྱི་བུམ་པའི་ནང་དུ་རྨང་རིམ་པ་གཉིས་ཡོད་པས་འོག་མར་ཆོས་དབྱིངས་གསུང་གི་དབང་ཕྱུག་དང༌། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཏེ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བཞུགས་པའི་བུམ་པའི་ཕྱོགས་བཞིའི་ལོགས་ལ་ཁྱབ་འཇུག་གིས་ཕུལ་བའི་བཻ་ཌཱུརྱའི་བུམ་པ་སྟོང་དང་བརྒྱད་བརྒྱ། རྨང་གོང་མའི་འགྲམ་ལ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔས་བཞེངས་པའི་གྲམ་ཤཱིརྵའི་རྡོ་ལས་གྲུབ་པའི་མཆོད་རྟེན་ཉི་ཤུ་རྩ་བརྒྱད། དེ་དག་གི་བར་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བཟོས་ཤིང་བཙུགས་པའི་ཀ་བ་ཉི་ཤུ་རྩ་བརྒྱད། ཀ་བ་དེ་རྣམས་ཀྱིས་རྒྱུ་སྐར་གྱི་དཀྱིལ་འཁོར་མཚོན་པར་ཡང་གསུངས། རྨང་གི་འོག་མ་ལ་རྒྱལ་ཆེན་རིགས་བཞིའི་ལྷས་ཕུལ་བའི་རིན་པོ་ཆེའི་ཕྲ་སོ་བདུན་གྱིས་བརྒྱན་པ། མཆོད་རྟེན་གྱི་ངོ་བོ་ད་ལྟ་སྣང་དུས་ས་ཡང་མ་ཡིན་རྡོ་ཡང་མ་ཡིན། ཆུ་ལ་སོགས་པས་མི་ཚུགས་ཤིང་འཕང་དུ་དཔག་ཚད་དྲུག་དང་རྒྱང་གྲགས་གཅིག་ཡོད་པ། རྒྱང་ཙམ་ནས་བལྟས་ན་བྱ་འདབ་ཀྱི་འོག་ཏུ་ཤམ་བུ་དྲ་བ་དྲ་ཕྱེད་སོགས་ཀྱི་རི་མོ་མཐོང་བར་གསུངས། དེའི་ཕྱི་རོལ་ཏུ་རྒྱ་མཚོ་ན་གནས་པའི་ཀླུ་རྣམས་ཀྱིས་ཕུལ་བའི་མན་ཤེལ་ལས་གྲུབ་པའི་མཎྜལ་པདྨ་འདབ་བརྒྱད་ཀྱི་རྣམ་པ་ཅན། རྒྱར་འདོམ་ལྔ་ཅུ་རེ་ཡོད་པ་སུམ་ཅུ་རྩ་བདུན་ཡོད་ཅིང༌། མཆོད་རྟེན་གྱི་ཁོར་ཡུག་གི་ཕྱི་རོལ་ཏུ་རྒྱང་གྲགས་བཞི་དང་ལྕགས་རིའི་རྒྱ་ལ་དཔག་ཚད་བརྒྱ་ཡོད་པར་བཤད། དེའི་ཕྱི་རོལ་ཏུ་བསྟན་པ་འདིར་རྒྱལ་པོ་པཱ་ལ་མི་ཏྲིས་བཞེངས་པའི་ལྕགས་རིའི་རྒྱར་ཉིན་ལམ་བཅུ་གཉིས་ཡོད་པའི་སྟེང་མཆོད་རྟེན་དཀར་པོ་མཐོ་ཚད་ཁྲུ་བརྒྱད་ཙམ་གྱིས་བསྐོར་བ། དེའི་ཕྱི་རོལ་ཏུ་མཆོད་རྟེན་བརྒྱ་རྩས་བསྐོར་བ་ལ་རིམ་པ་གསུམ་དང་སྒོ་བཞི་དང་ལྡན་པ། ཤར་སྒོ་ན་མགོན་པོའི་སྐུ་དང༌། ལྷོ་ནུབ་ཀྱི་ལྷ་ཁང་ན་སྤྱན་རས་གཟིགས་ཀྱི་རྡོ་སྐུ་དཀར་པོ་སོགས་དང༌། ལྕགས་རིའི་ནང་དུ་ཛོ་ཀའི་ཁྱིམ་དང་སྐྱེད་ཚལ་གྲོང་ལ་སོགས་པ་དང༌། སྒོའི་བར་ཁྱམས་རྣམས་སུ་གྲོང་ཁྱེར་དཔལ་ཡོན་ཅན་སོགས་ཡོད་པར་བཤད། དེ་ལྟར་རྒྱང་ནས་བལྟས་ན་ཆུ་ནང་དུ་ཕྱེད་ནུབ་ཅིང་ཕྱེད་འཕགས་པ་ལྟ་བུའི་ཤྲཱི་དྷ་ཀ་ཌ་ཀ་ཞེས་གྲགས་པའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་དཔའ་བོ་ཞེས་པ་ལྕགས་ཕོ་འབྲུག་གི་ལོ་ལ་བཅོམ་ལྡན་འདས་དེར་བྱོན་ཏེ། རྡོ་རྗེ་སེང་གེའི་ཁྲི་ལ་ཞལ་ཤར་དུ་མངོན་པར་ཕྱོགས་ནས་བཞུགས་སོ། །དེ་ནས་ཀཻ་ལ་ཤ་ཞེས་གྲགས་པར་ལྷས་བཀོད་པའི་གྲོང་ཁྱེར་ཀ་ལ་བའི་ཕོ་བྲང་དཔག་ཚད་བཅུ་གཉིས་པ་ན། བགེགས་མཐར་བྱེད་ཀྱི་སྤྲུལ་བ་རྒྱལ་པོ་ཉི་མའི་འོད་ཀྱི་བཙུན་མོ་རྣམ་པར་རྒྱལ་མའི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་བ་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་དང་ལྡན་པས། རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བ་སེང་གེའི་ཁྲི་ལ་བཞུགས་ཏེ། རྒྱལ་སྲིད་བསྐྱངས་ནས་ལོ་དགུ་བཅུ་རྩ་དགུ་ལོན་པ་ན། ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཉིད་ནོར་ནུ་རིན་པོ་ཆེའི་ཅོད་པན་བཅིངས་པའི་སྤྲུལ་བའི་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་གིས་བསྐོར་ཞིང༌། ལྷ་དང་ལྷ་མ་ཡིན་དང་མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་རྫུ་འཕྲུལ་གྱིས་ཕེབས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་དང་མཎྜལ་སྔོན་དུ་འགྲོ་བས་ཞབས་ཀྱི་པདྨོ་ཟུང་ལ་རིན་པོ་ཆེའི་མེ་ཏོག་གིས་མཆོད་ཅིང་ཡང་དང་ཡང་དུ་ཕྱག་འཚལ་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་རྡོ་རྗེའི་ཐེག་པ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ནས་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་སུ་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་བདེན་དོན་རྣམ་པ་བཅུ་གཉིས་དང༌། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དེ་ཉིད་རྣམ་པ་བཅུ་དྲུག་གི་བདག་ཉིད་སྤྲོས་ཏེ། བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། མཁའ་འགྲོ་དང་མཁའ་འགྲོ་མ་ཞིང་གི་རྡུལ་དང་མཉམ་པ་རྣམས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ཏེ། འཁོར་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ན། རྒྱལ་པོ་ཟླ་བ་བཟང་པོས་ཕྱག་བྱས་ནས་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་དཔྲལ་བར་ཐལ་མོ་སྦྱར་ནས། རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མ་ལུས་པར་གསལ་བ་སངས་རྒྱས་རིན་པོ་ཆེའི་ཟ་མ་ཏོག་ཁ་འབྱེད་པ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། ཤམྦྷ་ལའི་གདུལ་བྱ་རྣམས་ཀྱི་སེམས་རྣམ་པར་དག་ཅིང་སྐལ་བ་དང་ལྡན་པར་གཟིགས་ནས། རྡོ་རྗེའི་ཚིག་ཁ་མ་ཕྱེ་བ་མེད་པས་རབ་ཏུ་གསལ་བར་བྱེད་པ་རྩ་བའི་རྒྱུད་མཆོག་གི་དང་བོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ཡང་དག་པར་བསྟན་ཏོ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་ནི། སློབ་དཔོན་ཀུན་དགའ་སྙིང་བོས། ཁྱབ་འཇུག་སོགས་རྒྱུད་ལ་དད་ཞིང་ཡུལ་ཡོངས་སུ་མི་སྤོང་བ་རྣམས་ཀྱི་དོན་དུ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་གསུངས་པར་བཞེད། པཎྜི་ཏ་ཨ་ལང་ཀ་ཤས། དགའ་ལྡན་གྱི་གནས་སུ་བཅོམ་ལྡན་འདས་ཉིད་ཀྱི་སྐུའི་འབྱུང་བ་བཞི་ལས་གཞལ་ཡས་ཁང་དུ་སྤྲུལ། ཕུང་ཁམས་སྐྱེ་མཆེད་རྣམས་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་ཏེ། སྐུའི་དཀྱིལ་འཁོར་དུ་གསང་བ་འདུས་པའི་རྒྱུད་གསུངས་པར་བཞེད། 
        མི་ཡུལ་དུ་གསུངས་ཚུལ་ནི། ཨཽ་ཌི་ཡཱ་ན་ཞེས་པ་མཁའ་འགྲོ་དང་འཕུར་འགྲོ་སོགས་ལ་འཇུག་པས་མཁའ་འགྲོའི་གླིང་མཚོན་པར་བྱས་པ་དེ་ཟུར་ཆག་པ་སྤྲན་སྤྲན་ཞེས་གྲགས་པའི་ཡུལ་གྱི་རྒྱལ་པོ་ཨིདས་དགེ་འདུན་མང་པོ་སྔ་དྲོ་ཤར་ནས་ནུབ་དང༌། ཕྱི་དྲོ་ནུབ་ནས་ཤར་དུ་འགྲོ་བ་གཟིགས་ནས། བློན་པོ་སོགས་ལ་འདི་རྣམས་ཅི་ཡིན་ཞེས་དྲིས་པས། སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་ཡིན་ཟེར། དེ་ཐོས་པ་ཙམ་གྱིས་དད་པ་མཆོག་ཏུ་སྐྱེས་ཏེ་མཆོད་པ་རྒྱ་ཆེན་པོ་བཤམས་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་འདིར་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པས། དུས་ལ་བབ་པ་མཁྱེན་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པ་དེར་བྱོན་པ་ལ། རྒྱལ་བོས། མཆོད་པ་དང་བསྙེན་བཀུར་གྱིས་མཉེས་པར་བྱས་ནས། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པར་ཞུ་ཞེས་ཞུས་པ་ན། ཐོག་མར་བཅོམ་ལྡན་འདས་ཀྱིས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ལ། བསླབ་པ་གསུམ་ལ་སློབས་ཤིག་ཅེས་གསུངས་སོ། །རྒྱལ་པོས། བདག་གིས་རྒྱལ་སྲིད་སྐྱོང་དགོས་པས་དེ་མི་ནུས། བདག་འདོད་ཡོན་ལ་ལོངས་སྤྱོད་བཞིན་དུ་འཚང་རྒྱ་བའི་ཆོས་ཤིག་གསུངས་པར་འཚལ་ལོ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཆགས་བྲལ་གྱི་སྤྲུལ་བའི་སྐུའི་རྣམ་པར་བསྡུས་ནས། འཁོར་ལོས་བསྒྱུར་བའི་ཆ་ལུགས་སུ་སྤྲུལ་ཏེ། རྒྱལ་པོ་ཨི་ད་བྷུ་ཏི་འཁོར་བཅས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར། རྒྱུད་གསུངས་ནས་ཕྱག་ན་རྡོ་རྗེ་ལ་གཏད། དེས་རྒྱལ་པོ་འཁོར་དང་བཅས་པ་ལ་གསང་བ་འདུས་པའི་རྒྱུད་བསྟན་ཅིང་དེ་རྣམས་ཀྱིས་ཉམས་སུ་བླངས་པས་མཆོག་གི་དངོས་གྲུབ་ཐོབ་བོ། རྒྱལ་པོ་ཨིད་བྷུ་ཏི་སྔ་ཕྱི་གཉིས་ཡོད་པས་འདི་སྔོན་མ་ཡིན་པར་བཤད། དེ་ལྟར་སྤྲན་ཡུལ་གྱི་མི་ཕལ་ཆེར་རིག་པ་འཛིན་པར་གྱུར་བས་གྲོང་ཁྱེར་དེ་སྟོང་བར་གྱུར་ནས། དེའི་ཤུལ་དུ་ཆུས་གང་བས་མཚོ་ཞིག་ཏུ་གྱུར། དེ་ནས་ཡང་ཕྱག་ན་རྡོ་རྗེས་མཚོ་དེ་ན་གནས་པའི་ཀླུ་རྣམས་ཀྱང་སྐལ་བ་ལྡན་པར་གཟིགས་ནས། དེ་རྣམས་ལ་རྒྱུད་དང་གདམས་པ་བསྟན་པས་ཀླུ་དེ་རྣམས་ལས་ཕལ་ཆེར་གྱིས་དངོས་གྲུབ་ཐོབ་ཅིང༌། གྲུབ་པའི་སྐལ་བ་མེད་པ་རྣམས་གནས་གཞན་དུ་དེངས་པས་མཚོ་ཡང་སྐམས་པར་གྱུར། དེའི་ཤུལ་ཏུ་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་བཞེངས་སོ། །ཀླུ་ལས་གྱུར་པའི་རྣལ་འབྱོར་མ་ཞིག་གིས་ཀྱང་རྒྱལ་པོ་ཨིད་བྷུ་ཏི་ལ་གསན་ནས་རྒྱུད་དང་གདམས་པ་ཐམས་ཅད་བསྟན་པར་གསུངས། རྒྱ་གར་ཤར་ཕྱོགས་ཨོ་དེ་ཤ་ན་རྒྱལ་པོ་བི་སུ་ཀཝ་ཞེས་བྱ་བ་མཚན་ཉིད་ཀྱི་ཐེག་པ་ལ་མཁས་པ་ཞིག་ཡོད་པ་དེའི་རྨི་ལམ་དུ་མཁའ་འགྲོ་མས་ལུང་བསྟན་པ་བཞིན་སྤྲན་གྱི་ཡུལ་དུ་ཕེབས་ཏེ། ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་གི་སྒོ་བཞི་ནས་རིམ་པ་བཞིན་ཕྱག་འཚལ་བའི་ཚེ། ཤར་སྒོ་ནས་བུད་མེད་གཅིག་འོང་ནས་ལྷ་ཁང་གི་ནང་དུ་ཁྲིད། གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག་དབང་བསྐུར་ཏེ། གདམས་པ་མཐའ་དག་གནང༌། རྒྱུད་དོན་ཉམས་སུ་བླངས་པས་མཆོག་གི་དངོས་གྲུབ་བརྙེས། དེ་ལ་བྲི་ཀ་མ་ལ་ཤི་ལའི་མཁན་པོ་སྒྲ་གཅན་འཛིན་བཟང་པོས་གསན། འདི་བ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་བས་མཁན་པོའི་མཚན་ཁོང་ལ་བཏགས་པར་གསུངས། ཕྱིས་སྤྱོད་པ་ལ་གཤེགས་པའི་ཚེ་མདའ་འཕེན་པའི་སྤྱོད་པ་མཛད་དེ། མདའ་ལེགས་པར་བསྲིངས་ནས་འཕངས་ན་གནད་དུ་ཕོག་པ་བཞིན་དུ། སེམས་ཉིད་གནས་ལུགས་ཀྱི་སྟེང་དུ་སོང་ན་གྲོལ་བར་རྟོགས་ནས་མདའ་འཕངས་པས་མཚན་ལ་མདའ་བསྣུན་ཏེ་ས་ར་ཧ་ཞེས་གྲགས་སོ། །འཇམ་དཔལ་ཞལ་ལུང་ལས། འདི་དོན་རྣ་བར་འཕོ་བྱེད་པ། །གང་གི་དུས་སུ་གནས་པ་དེར། །སངས་རྒྱས་བསྟན་པ་རིན་ཆེན་ཀྱང༌། །གནས་པར་རབ་ཏུ་བཤད་པ་ཡིན། །ཞེས་གསུངས་སོ། །

        ལེགས་སྦྱར་གྱི་སྐད་དུ་ཀྲི་ཡ་སྟེ་བྱ་བའི་རྒྱུད་ནི། ལྷ་གནས་གཞན་འཕྲུལ་དབང་བྱེད་སོགས་སུ་གསུང་བར་བཤད་ལ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཐུབ་པ་དམ་ཚིག་གསུམ་བཀོད་པའི་རྒྱུད་ནི། གཙང་མའི་གནས་ཀྱི་འོག་མིན་དུ་གསུངས་སོ། །སྤྱོད་པའི་རྒྱུད་ནི། འཕྲུལ་དགའ་སོགས་སུ་གསུང་བར་བཤད་ཅིང༌། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ནི། སྟོན་པ་བཅོམ་ལྡན་འདས་དང་པོར་མངོན་པར་སངས་རྒྱས་པའི་ལོངས་སྐུ་རྣམ་སྣང་གངས་ཅན་མཚོས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་འོག་མིན་དུ་གསུངས་པར་གསུངས་སོ། །

        ངེས་ཚིག་གི་ཡོ་ཀ་སྟེ་རྣལ་འབྱོར་རྒྱུད་ལས། རྩ་རྒྱུད་དེ་ཉིད་བསྡུས་པ་ན། རི་རབ་ཀྱི་རྩེ་མོར་གསུངས་ལ། འདི་ལ་སློན་དཔོན་ཤཱཀྱ་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་བ་ཀོ་ས་ལའི་རྒྱན་དང༌། སློབ་དཔོན་ཀུན་དགའ་སྙིང་བོས་རྒྱ་ཆེར་འགྲེལ་བ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་དང༌། སློབ་དཔོན་སངས་རྒྱས་གསང་བས་འགྲེལ་བ་ཨ་བ་ཏ་ར་སྟེ་རྒྱུད་དོན་ལ་འཇུག་པ་ཞེས་བྱ་བ་མཛད་དོ། །ངན་སོང་སྦྱོང་རྒྱུད་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་ཀྱི་སྐུར་བཞེངས་ནས་གསུངས་པར་བཤད་ལ། གནས་ནི། འདོད་ཁམས་ཀྱི་བྱེ་བྲག་སུམ་ཅུ་རྩ་གསུམ་གྱི་རྣམ་པར་རྒྱལ་བའི་ཁང་བཟང་གི་བྱང་ཕྱོགས་དགའ་བའི་ཚལ་དུ་གསུངས་སོ། །འཁོར་ནི། བྱང་ཆུབ་སེམས་དཔའ་བློ་གྲོས་ཚད་མེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དང༌། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་དང༌། གནོད་སྦྱིན་དང་དྲི་ཟ་དང་ཀླུ་ལ་སོགས་པའི་འཁོར་མང་བོ་ལ་གསུངས་སོ། །ཏིང་ངེ་འཛིན་ནི། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་འོད་ཟེར་བཀྱེ་བས། དེས་ཕོག་པའི་ངན་སོང་གི་སེམས་ཅན་ཉོན་མོངས་པའི་འཆིང་བ་ལས་གྲོལ་ནས། བདེ་བ་སོ་སོར་ཐོབ་སྟེ། སླར་དགའ་བའི་ཚལ་ཐམས་ཅད་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མཆོད་ཅིང་ལན་བརྒྱ་ཕྲག་སྟོང་དུ་སྐོར་བ་བྱས། ལན་བརྒྱ་ཕྲག་སྟོང་དུ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་ཚལ་གྱི་སྟེང་དུ་འཁོད་དེ། ཀྱེ་མ་སངས་རྒྱས་ཀྱེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །ཅེས་ཆེད་དུ་བརྗོད་པས། བརྒྱ་བྱིན་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ཀྱི་འོད་ཟེར་གྱི་སྣང་བས་སེམས་ཅན་ངན་སོང་ལས་གྲོལ་བ་ནི་ངོ་མཚར་ཆེའོ་ཞེས་གསོལ་བ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷའི་དབང་པོ། འདི་ནི་ངོ་མཚར་མི་ཆེ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཚད་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བ་ནི་གནས་མ་ཡིན་ནོ། །ཞེས་བཀའ་བསྩལ་ཏོ། །

        དེ་ནས་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོས་མཆོད་དེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སུམ་ཅུ་རྩ་གསུམ་པའི་ལྷའི་རིས་འདི་ཉིད་ནི། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་ཞིག་ཤི་འཕོས་ནས་དགུང་བདུན་ལགས་ན། དེ་གང་དུ་སྐྱེས་ཞེས་སོགས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ནི༌། འདི་ནས་ཤི་འཕོས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སོ། །དེར་ལོ་སྟོང་ཕྲག་བཅུ་གཉིས་ཀྱི་བར་དུ་སྡུག་བསྔལ་མི་བཟད་པ་མྱོང་ཞིང༌། དམྱལ་བ་ཆུང་ངུ་རྣམས་སུ་ཡང་ལོ་སྟོང་ཕྲག་བརྒྱར་སྡུག་བསྔལ་མྱོང་བར་འགྱུར་རོ། །ཞེས་སོགས་བཀའ་སྩལ་པས། བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཤིན་ཏུ་སྐྲག་སྟེ། བཅོམ་ལྡན་འདས། ཅི་ནས་ཀྱང་སྡུག་བསྔལ་གྱི་ཕུང་པོ་འདི་ལས་སྐྱབ་ཏུ་གསོལ་ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ངན་སོང་རྣམ་པར་སྦྱོང་བའི་རྒྱུད་མ་ལུས་པ་གསུངས་སོ་ཞེས་བཤད་དོ།། 
        བར་སྐབས་ཀྱི་ཚིགས་བཅད། 
        འདིར་སྨྲས་པ། མཁྱེན་པས་དུས་གསུམ་ཤེས་བྱའི་དཀྱིལ་འཁོར་ཁྱབ། །བརྩེ་བས་འགྲོ་ཀུན་སྙོམས་པར་བུ་བཞིན་དགོངས། །ནུས་པས་སྐལ་ལྡན་འཁོར་བའི་འཇིགས་ལས་སྐྱོབ། །འདྲེན་པ་དོན་ཀུན་གྲུབ་ལ་ཕྱག་འཚལ་ལོ། །མཚོ་དང་རྫིང་བུ་མེད་པར་གྱུར་པ་ན། །དེ་རུ་ཤར་བའི་ཟླ་བའི་གཟུགས་བརྙན་བཞིན། །དངོས་ཀྱི་གདུལ་བྱ་ཡོངས་སུ་རྫོགས་པའི་ཚེ། །མྱ་ངན་འདའ་སྟོན་མཛད་ལ་ཕྱག་འཚལ་ལོ། །བདེ་གཤེགས་སློབ་མ་སྲས་དང་བཅས་པ་ནི། །གང་དུ་གཤེགས་ཤིང་བཞུགས་པའི་གནས་རྣམས་དང༌། །སྡེ་སྣོད་གསུམ་དང་ཚེམས་ཀྱི་མཆེ་བ་བཞི། །རིང་སྲེལ་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པའི་གསུང་སྐྱེས་སློབ་མའི་ཚོགས། །བསྟན་ལ་ཚད་མར་གྱུར་པ་དེ་རྣམས་ཀྱི། །ལེགས་མཛད་རྟ་མཆོག་བདུན་གྱིས་དྲངས་པ་ཡི། །བསྟན་པའི་ཉི་མ་དུས་ཀྱི་མཐར་ཡང་ཤར། །ཤཱཀྱའི་རྒྱལ་བོའི་ཞབས་ལ་ཕྱག་བྱས་ཏེ། །སྟོན་པར་ཁས་བླངས་ཙམ་གྱིས་བསྙེན་པར་རྫོགས། །འོད་སྲུངས་རིགས་ལས་འཁྲུངས་པའི་གནས་བརྟན་ཆེ། །སངས་རྒྱས་གཉིས་པ་འོད་སྲུངས་ཆེན་པོར་འདུད། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན། །སྡེ་སྣོད་གསུམ་དུ་བསྡུས་ནས་ཆོས་ལམ་བཞག །སློབ་མའི་སློབ་མ་གཅིག་ནས་གཅིག་བརྒྱུད་དེ། །ཐུབ་བསྟན་ཡུན་རིང་གནས་པའི་བཀའ་དྲིན་མཛད། །གང་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ན་ཡང༌། །སྐུ་གདུང་རིན་ཆེན་ཚེ་ལོ་བརྒྱད་ཁྲིའི་བར། །མི་འཇིག་བྱིན་བརླབས་འགྲོ་ཕན་རྒྱ་ཆེན་པོ། །འབྱུང་བའི་ཚུལ་འདི་ངོ་མཚར་རྨད་དུ་བྱུང༌། །ཆོས་ཀྱི་ཆེ་བས་བཀུར་སྟི་སེང་ཁྲིའི་སྟེང༌། །དགྲ་བཅོམ་ལྔ་བརྒྱའི་སྣམ་སྦྱར་གདན་དུ་བཏིང༌། །གླེང་གཞི་མཚམས་སྦྱོར་དང་བཅས་རྒྱལ་བའི་བཀའ། །ཇི་བཞིན་གསུངས་མཛད་འཕགས་པ་ཀུན་དགའ་བོ། །འཕགས་པ་སྤྱན་སྟོང་མངའ་བས་དམ་ཆོས་ཆར། །ཇི་སྙེད་བབས་པ་ཁྱོད་ཐུགས་འཛིན་མར་འཁྱིལ། །སངས་རྒྱས་བསྟན་ལ་ཆོས་དང་ཟང་ཟིང་གིས། །རི་མོར་བགྱིས་པ་ཤ་ནའི་གོས་ཅན་ཞབས། །ཐུབ་པས་ལུང་བསྟན་འཕགས་པས་བཀའ་བསྒོས་ལྟར། །ཁ་ཆེའི་ཡུལ་ནི་བསྟན་པའི་འབྱུང་གནས་སུ། །བྱེད་པོ་དགྲ་བཅོམ་ཉི་མའི་གུང་བ་ཞེས། །གྲགས་པའི་རྫ་རྔ་འཇིག་རྟེན་ཀུན་གྱིས་བརྡུང༌། །མཚན་དཔེ་བྲལ་ཡང་འགྲོ་ཕན་སངས་རྒྱས་དང༌། །འདྲ་བར་དེ་བཞིན་གཤེགས་པས་ལུང་བསྟན་པ། །འཕགས་པ་ཉེ་སྦས་རྣམ་ཐར་བསམ་པའི་ཚེ། །འཁོར་བའི་རྒྱ་མཚོ་སྐམས་པའང་སྲིད་དོ་སྙམ། །རྣམ་པར་ཐར་པ་བརྒྱད་ལ་མངའ་བརྙེས་ཏེ། །ངོ་མཚར་ཆོ་འཕྲུལ་ཆེན་པོས་འགྲོ་དོན་མཛད། །འོད་ཀྱི་དྲ་བས་ནམ་མཁའ་གང་བཞིན་དུ། །ཉི་མའི་དཀྱིལ་འཁོར་ལས་བྱོན་དྷི་ཏི་ཀ །སེང་ག་ལ་ཡི་གླིང་དུ་འགྲོ་དོན་མཛད། །ལྟ་ངན་ལམ་ཞུགས་ཡང་དག་ལྟ་ལ་བཀོད། །གཙུག་ལག་ཁང་མང་བཞེངས་ནས་དགེ་འདུན་སྡེ། །རྒྱ་ཆེར་སྤེལ་མཛད་འཕགས་པ་ནག་པོ་བ། །འབྱོར་བ་ཆེ་བས་གནོད་སྦྱིན་མཛོད་ལ་འགྲན། །འཕྲིན་ལས་ཆེ་བས་ཡངས་པའི་འཇིག་རྟེན་ཁྱབ། །རྫུ་འཕྲུལ་ཆེ་བས་ལྷ་ཀླུ་གནོད་སྦྱིན་བཏུལ། །ལེགས་མཐོང་ཟླ་བ་ཐུབ་བསྟན་ནམ་མཁའི་རྒྱན། །བསྟན་པའི་མངའ་བདག་ཆེན་པོ་དེ་རྣམས་ལ། །སངས་རྒྱས་འདྲ་བའི་ཉན་ཐོས་ཞེས་སུ་གྲགས། །བསྟན་ལ་བྱ་བ་བྱས་ཤིང་བྱེད་པ་བྱས། །ཁམས་གསུམ་ལས་འདས་འགྲོ་བའི་བསོད་ནམས་ཞིང༌། །ཉོན་མོངས་མེད་པའི་ཏིང་འཛིན་འོད་སྟོང་ཅན། །བསམ་གཏན་ལྷ་ཡི་ལམ་ནས་ཤར་བའི་ཚེ། གང་ལ་དམིགས་ནས་གཞན་གྱི་ཀུན་རྟོགས་ལས། །ཆགས་སོགས་མུན་པ་འབྱུང་བའི་གོ་སྐབས་བྲལ། །རབ་མཐའི་བསམ་གཏན་གསེར་གྱི་དཀྱིལ་འཁོར་སྟེང༌། སྨོན་ནས་ཤེས་པ་མཁྱེན་པའི་ཏིང་འཛིན་མཚོར། །གང་ཞིག་ཤེས་འདོད་ཡུལ་གྱི་ཟླ་སྐར་སོགས། །སྨོན་པ་ཙམ་གྱིས་མ་འདྲེས་སོ་སོར་འཆར། །ཆོས་དོན་ངེས་ཚིག་སོ་སོ་རིག་པ་ཡིས། །མིང་དང་དོན་དང་ངག་རྣམས་ཐོགས་མེད་ཤེས། །སྤོབས་པ་སོ་སོ་རིག་པས་འབེལ་གཏམ་སོགས། །ཆོས་ཀྱི་དོན་ཀུན་ཐག་ཐོགས་མེད་པར་འཆད། །སྔོན་གནས་རྗེས་སུ་དྲན་པས་འདས་པ་མཁྱེན། །ལྷའི་མིག་མངོན་པར་ཤེས་པས་མ་འོངས་མཁྱེན། །ཟག་ཟད་མངོན་པར་ཤེས་པས་ད་ལྟ་སྟེ། །རིག་པ་གསུམ་དང་ཚངས་གནས་བཞི་དང་ལྡན། །གཞན་ཡིད་འཕྲོག་པས་རྫུ་འཕྲུལ་མངོན་ཤེས་དང༌། །ཕ་རོལ་སེམས་ཤེས་ཟག་ཟད་མངོན་ཤེས་གསུམ། །རྫུ་འཕྲུལ་ཀུན་བརྗོད་རྗེས་བསྟན་ཆོ་འཕྲུལ་ཏེ། །ཆོ་འཕྲུལ་གསུམ་གྱི་སྒོ་ནས་འགྲོ་དོན་མཛད། །གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། །གཟུགས་མེད་གཟུགས་དང་སྡུག་པའི་རྣམ་ཐར་དང༌། །གཟུགས་མེད་རྣམ་ཐར་བཞི་དང་འགོག་པ་སྟེ། །རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་མཛད། །རང་ལ་གཟུགས་དང་གཟུགས་མེད་འདུ་ཤེས་པས། །ཕྱི་རོལ་གཟུགས་ནི་ཆེ་ཆུང་གཉིས་གཉིས་དང༌། །སྔོ་སེར་དཀར་དམར་ཁ་དོག་ཟིལ་གནོན་ཏེ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་ལྡན། །ས་ཆུ་མེ་རླུང་འབྱུང་བཞིའི་ཟད་པར་དང༌། །སྔོ་སེར་དཀར་དམར་ཁ་དོག་ཟད་པར་བཞི། །ནམ་མཁའ་རྣམ་ཤེས་ཟད་པར་ཏིང་འཛིན་བཅུས། །ས་སོགས་བར་མཚམས་མེད་པར་རྒྱས་པར་བྱེད། །གཞན་ཡང་བྱང་ཆུབ་ཕྱོགས་ཆོས་སོ་བདུན་སོགས། །ངོ་མཚར་ཡོན་ཏན་དབང་ཕྱུག་དེ་རྣམས་ཀྱི། །རྨད་དུ་བྱུང་བའི་རྟོགས་བརྗོད་མཐའ་ཡས་ལས། །ཆ་ཤས་ཙམ་ཞིག་དད་པས་གཏམ་དུ་བྱས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

              རྗེ་ཡེ་ཤེས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ་ལས་བཤུས།
                                                                       རྩོམ་སྒྲིག་པ། མང་ར་བ།
         གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།