སྟོན་པས་ཆོས་འཁོར་གསུམ་པ་བསྐོར་བའི་ཚུལ་གཉིས་པ།
དེ་ནས་དུས་གཞན་ཞིག་ན་བཅོམ་ལྡན་འདས་རྒྱལ་བྱེད་ཚལ་དུ་བཞུགས་པའི་དྲུང་དུ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསོལ་བ། བདག་གི་བུ་མོ་མ་ག་དྷ་བཟང་མོ་འདི། ན་སོ་དར་ལ་བབ་ཅིང༌། བུ་རམ་ཤིང་འཕེལ་གྱི་ཁྱིམ་བདག་ཚོང་དཔོན་གྱི་བུ་ཁྱུ་མཆོག་སྦྱིན་གྱི་ཁྱིམ་འཛིན་དུ་བསླང་ཟེར་བ། བདག་གི་སྲོག་དང་ལོངས་སྤྱོད་ཐམས་ཅད་ཀྱི་བདག་པོ་ནི་བཅོམ་ལྡན་འདས་ལགས་ན། བཀའ་འཁྲོལ་ན་བུ་མོ་སྟེར་རམ་སྙམ། ཇི་ལྟར་ལགས་ཞུས་པས། བཅོམ་ཤིག་འདས་ཀྱི་གནང་བ་ཐོབ་སྟེ་སྟེར་བར་ཁས་བླང༌། དེནས་མ་ག་དྷ་བཟང་མོ་དར་ཟབ་མང་བོས་བརྒྱན་ཏེ་བུ་རམ་ཤིང་འཕེལ་དུ་མནའ་མར་བརྫངས་པས། ཐག་རིང་ཞིང་བཅོམ་ལྡན་འདས་ཀྱི་ཞལ་མི་མཇལ་སྙམ་པས་སྐྱོ་ནས་ངུ་བཞིན་དུ་སོང༌། སྐབས་ཤིང་ཁྱིམ་དེར་ཕྱི་བའི་མཆོད་གནས་ཡོན་ཏན་མེད་ཅིང་གཅེར་བུ་བ་སྐྲ་འབལ་བ་སོགས་མ་བསྡམས་པ་མང་བོ་བོས་ནས་བསྙེན་བཀུར་བྱེད་པ་ལ། བཟང་མོ་ཡིད་མ་མགུ་སྟེ། སྒྱུག་མོ་ལ་སྨྲས་པ། ཁྱེད་རྣམས་བ་གླང་ཕྱུགས་དང་འདྲ་བའི་མཆོད་ཡུལ་འདི་རྣམས་མཆོད་པར་ཞེ་རེ་ཁྲེལ་བྱས་པས། སྒྱུག་མོ་ན་རེ། འོ་ན་ཁྱོད་ཀྱི་ཡུལ་ན་མཆོད་འོས་ཅི་འདྲ་ཡོད་ཟེར་བར། བཟང་མོས་སྨྲས་པ། བདག་གི་ཁྱིམ་དུ་མཆོད་འོས་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་མཛེས་ཤིང་ལྟ་བས་མི་ངོམས་པ་མཚན་བཟང་པོ་འདི་དང་འདི་ལྟ་བུ་ཞེས་མཚན་བཟང་བོ་སུམ་ཅུ་རྩ་གཉིས་པོ་རེ་རེ་ནས་བཤད་དེ། དེ་ལྟར་མཚན་དང་དཔེ་བྱད་ལྡན་པ་ཞི་ཞིང་དུལ་བ་མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པ། འགྲོ་བ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཕ་མ་ལྟར་ཐུགས་ལྷག་པར་བརྩེ་བ་སོགས་ངོ་མཚར་དཔག་ཏུ་མེད་པའི་ཡོན་ཏན་ཡོད་ཚུལ་རྒྱས་པར་བཤད་པས། དེ་དག་དད་པར་གྱུར་ནས་ཁྱོད་ཀྱི་མཆོད་ཡུལ་དེ་བདག་ཅག་གིས་མཐོང་བའི་སྐབས་ཡོད་དམ་མེད། འདིར་སྤྱན་འདྲེན་པར་ཕྱིན་ན་གདན་འདྲོང་ངམ་མི་འདྲོང་ཞེས་དྲིས་པས། ངའི་སྟོན་པ་ལ་ཐག་ཉེ་རིང་དང་ཐུགས་རྗེ་ལ་ཕྱི་ནང་མེད། གསོལ་བ་བཏབ་ན་སྤྱན་འདྲོང་ཞིང་ཞལ་མཐོང་ཐུབ་ཟེར།
དེ་ནས་ཁང་ཁྱིམ་བྱི་དོར་དང་མཆོད་པའི་ཡོ་བྱད་ཁྱད་པར་དུ་འཕགས་པ་བཤམས་ཏེ། བཟང་མོས་སྤོས་དང་མེ་ཏོག་ཁྱེར་ཏེ་ཁང་བཟང་གི་རྩེ་མོར་སོང་ནས། བཅོམ་ལྡན་འདས་བཞུགས་པའི་ཕྱོགས་སུ་ཁ་བལྟས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་སོགས་ལྟར་གསོལ་བ་བཏབ་ཅིང་ལག་པའི་སྙིམ་པས་མེ་ཏོག་གཏོར་བས། མེ་ཏོག་དཀར་སེར་དམར་སྔོ་རྣམས་བདུག་སྤོས་ཀྱི་དུད་སྤྲིན་དང་དྲི་བཟང་འཐུལ་བཞིན་ནམ་མཁའ་ནས་དལ་གྱིས་སོང་བས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་མེ་ཏོག་རྣམས་སྤོས་དྲི་དང་བཅས་གུས་པའི་ཚུལ་གྱིས་བབ་ཅིང༌། ཞུ་བའི་ཚིག་དབྱངས་བཅས་བྱུང་བའི། ཀུན་དགའ་བོ་ལ་བཀའ་སྩལ་བ། ནངས་བར་མ་ག་དྷ་བཟང་མོས་བསྙེན་བཀུར་གྱི་མགྲོན་དུ་འགྲོ་བས། དེ་ཐག་རིང་བ་དཔག་ཚད་བརྒྱད་དང་དྲུག་ཅུ་ཡོད་པ་དེར་ཉིན་ཕྱེད་ལ་སླེབས་པར་བྱ་དགོས་པས། དགེ་སློང་རྫུ་འཕྲུལ་དང་ལྡན་པ་གང་ཡོད་ལ་ཚུལ་ཤིང་བྲིམས་ཤིག་གསུངས།
ཀུན་དགའ་བོས་སྲོད་ལ་ཚུལ་ཤིང་བྲིམས་པས། གང་བོ་བགྲེས་པོས་ལག་པ་རྐྱངས་པ་ན། ཀུན་དགའ་བོས། གང་བོ། ནངས་པར་མ་ག་དྷ་བཟང་མོ་གནས་ས་དཔག་ཚད་བརྒྱ་དང་དྲུག་ཅུའི་ལམ་ཉིན་ཕྱེད་ལ་བགྲོད་ནས་བུ་རམ་ཤིང་འཕེལ་དུ་འབྱོན་དགོས་པས་རྫུ་འཕྲུལ་གྱིས་ནམ་མཁའ་ནས་གཤེགས་པ་ཡིན་ཞེས་བརྗོད་པས། དེས་བསམ་པ་བདག་གིས་དགྲ་བཅོམ་ཐོབ་ཀྱང་རྫུ་འཕྲུལ་མ་ཐོབ་པ་འདི་དགེ་སློང་རང་སྡེའི་མདུན་དུ་ཉམས་རེ་དམའ་སྙམ་སྟེ་བསྒོམས་པས་དེའི་ནུབ་རྫུ་འཕྲུལ་ཐོབ་བོ། །ནངས་སྔ་བར་དགྲ་བཅོམ་པ་རྫུ་འཕྲུལ་ཐོབ་པ་རྣམས་གཙུག་ལག་ཁང་དུ་འཛོམས་ནས་ཐམས་ཅད་ནམ་མཁའ་ལ་བྱོན། དེའི་ཚེ་བུ་རམ་ཤིང་འཕེལ་དུ་མ་ག་དྷ་བཟང་མོ་སོགས་ཀྱི་ཁང་བཟང་གི་རྩེར་མེ་ཏོག་དང་བདུག་སྤོས་ཐོགས་ནས་ནམ་མཁའ་ལ་བལྟ་ཞིང་གསོལ་བ་འདེབས་པར། ནམ་མཁའ་ནས་གསེར་གྱི་ཤིང་རྟ་ལ་ཆིབས་པའི་དགེ་སློང་གཟི་བརྗིད་ཉི་མ་ལྟར་འོད་འབར་བ་ཞིག་བྱོན་པ། དེར་ཚོགས་པའི་སྐྱེ་བོ་ཀུན་གྱིས་མཐོང་ནས་བཅོམ་ལྡན་འདས་ཡ་གི་ཡིན་ནམ་ཟེར། བཟང་མོས་འདི་དགེ་སློང་ཀུན་ཤེས་ཀཽ་ཌི་བྱ་བ་ཡིན་ཟེར། ཡང་རིའི་རྩེ་མོ་ལ་བཞུགས་པའི་དགེ་སློང་ཞིག་བྱོན་པས། སྟོན་པ་ཡ་གི་ཡིན་ནམ་ཟེར། མིན་ཏེ་འདི་ནི་བཀའ་ཐུབ་ལ་ཞི་བར་གནས་པའི་ཉན་ཐོས་ཀྱི་མཆོག་གསེར་གྱི་ལྗོན་པ་ལྟར་འོད་འཕྲོ་བ་འོད་སྲུངས་ཆེན་པོ་ཡིན་ཟེར། ཡང་འབྲུག་གྲགས་ཤིང་གློག་འཁྱུག་པའི་སྤྲིན་གྱི་གསེབ་ནས་སེང་གེ་ལ་ཆིབས་པ་ཞིག་བྱོན། འདི་འམ་ཟེར། མིན་ཏེ་འདི་ས་སྟེང་གྲགས་པས་ཁྱབ་པ་ཤཱ་རིའི་བུ་ཞེས་བྱ་བ་ཡིན། ཡང་གླང་ཆེན་གངས་རི་ལྟར་དཀར་བ་མཆེ་བ་བཞི་དང་ལྡན་པ་ལ་ཆིབས་པ་ཞིག་བྱོན། འདི་འམ་ཟེར། མིན་ཏེ། འདི་ནི་བསོད་ནམས་ཆེན་པོ་ཕུལ་དུ་བྱུང་བ་མཽ་འགལ་གྱི་བུ་ཞེས་བྱ་བ་ཡིན། ཡང་གསེར་གྱི་པདྨ་བཻཌཱུརྱའི་འདབ་མ་དང་ལྡན་པ་ནམ་མཁའ་དྲི་བཟང་གིས་འགེངས་པའི་པདྨའི་སྙིང་པོར་བཞུགས་པ་ཞིག་བྱོན། འདི་འམ་ཟེར། མིན་ཏེ། འདི་ནི་དགེ་སློང་མ་འགག་པ་ཞེས་བྱ་བ་ཡིན། ཡང་བྱ་ཁྱུང་ལ་ཆིབས་ཏེ་གཤོག་རྩལ་དང་ལྡན་པས་སྤྲིན་རྣམས་འཐོར་ཞིང་མགྱོགས་པར་འབྱོན་པ་ཞིག་བྱུང༌། འདི་འམ་ཟེར། མིན་ཏེ་འདི་ནི་བྱམས་མའི་བུ་གང་བོ་ཞེས་བྱ་བ་ཡིན། ཡང་ཆུའི་རྫིང་བུའི་སྟེང་དུ་བཞུགས་ཏེ་ཤིན་ཏུ་ཞི་ཞིང་དུལ་བའི་དགེ་སློང་ཞིག་བྱོན། འདིའམ་ཟེར། མིན་ཏེ་འདི་ནི་དུལ་བའི་མཆོག་འཕགས་པ་རྟ་ཐུལ་ཞེས་བྱ་བ་ཡིན། ཡང་གསེར་གྱི་ཏཱ་ལའི་འཁྲི་ཤིང་ཆུ་སྐྱེས་གཡོ་བ་ལ་བཞུགས་པ་ཞིག་བྱོན། འདི་ནི་བསོད་ནམས་མངོན་པར་གསལ་ཞིང་རྫོགས་པ་འཕགས་པ་ཉེ་བར་འཁོར་ཞེས་བྱ་བ་ཡིན་ཟེར། ཡར་ཁྱུ་མཆོག་མ་ཧེ་ཆིབས་ཏེ་ཤིན་ཏུ་བརྟན་པས་ལྡིང་ཤིང་འབྱོན་པ་ཞིག་བྱོན། འདི་ནི་བློ་རབ་ཏུ་བརྟན་པ་དགེ་སློང་ཀཽ་ཤི་ལ་ཞེས་བྱ་བ་ཡིན་ཟེར། ཡང་བཻཌཱུརྱའི་ཁང་བཟང་གསེར་དང་ནོར་བུའི་པ་ཏྲ་རིས་ཀྱིས་བརྒྱན་ཅིང་འོད་ཀྱིས་བྱུགས་པའི་ནང་དུ་བཞུགས་པ་ཞིག་བྱོན། འདི་ནི་འཕགསཔ་ཀཱ་ཀྱབ་ཡ་ན་བྱ་བ་ཡིན་ཟེར། ཡང་ངང་བ་རླབས་ཀྱི་འཕུར་ཡང་འོད་ཟེར་འགྱེད་པ་ལ་ཆིབས་པ་ཞིག་བྱོན། འདི་དཀའ་ཐུབ་མཆོག་ཏུ་གྱུར་པ་དགེ་སློང་པི་ལོན་ད་བད་སཱ་ཞེས་བྱ་བ་ཡིན་ཟེར། ཡང་ལྗོན་ཤིང་དང་གསེར་གྱི་པད་ཚལ་རྒྱས་པ་ལ་བཞུགས་པ་ཞིག་བྱོན། འདི་ནི་འཇིག་རྟེན་གྱི་འདོད་ཡོན་ལ་ཆགས་པ་མེད་པ་རྣ་བ་བྱེ་བར་གྲགས་པ་ཡིན། ཡང་ཁོར་ཡུག་ཐམས་ཅད་གསེར་འོད་ཀྱིས་འགེངས་ཤིང་ཆོས་ཀྱི་འཁོར་ལོར་བསྒྱུར་ཞིང་འབྱོན་པ་ཞིག་བྱོན། འདི་ནི་སྟོན་པའི་སྲས་སྒྲ་གཅན་འཛིན་ཞེས་བྱ་བ་ཡིན་ཟེར།
དེ་ནས་ས་གཞི་རི་བྲག་ནམ་མཁའ་སོགས་འོད་དང་འོད་ཟེར་གྱི་གང་ཞིང་དགེ་འདུན་མང་བོའི་ཚོགས་བཅས་བྱོན་པའི་མཐར། སངས་རྒྱས་ནི་ཉི་མ་བརྒྱ་སྟོང་གི་གཟི་འོད་ལྟར་འབར་ཞིང༌། ཟླ་བ་བརྒྱ་ཕྲག་ཚོགས་པ་ལྟར་གྱི་དཀར་བའི་བསིལ་འོད་ཅན། འཁོར་དུ་རྒྱལ་ཆེན་བཞི་སོགས་ནོར་ལྷའི་ཚོགས་དང༌། ཚངས་པ་དང་བརྒྱ་བྱིན་དང་དྲི་ཟ་ཟུར་ཕུད་ལྔ་བ་སོགས་ཀྱིས་བསྐོར་ནས་མཆོད་རྫས་དུ་མ་དང་བཅས་ལྷ་མོ་ནམ་མཁའ་གང་བས་མེ་ཏོག་གཏོར་ཞིང་མཆོད་པ། དེ་ལྟ་བུའི་བཅོམ་ལྡན་འདས་འཁོར་དང་བཅས་པ་ནམ་མཁའ་ནས་མར་བྱོན། གྲོང་ཁྱེར་དེ་ལ་སྒོ་ལམ་བཅོ་བརྒྱད་དུ་སྤྲུལ་བ་བཀྱེ་ནས་སྒོ་རེ་རེ་ནས་བཅོམ་ལྡན་འདས་རེ་རེ་བྱོན་ཏེ་གཅིག་ཏུ་གྱུར་ནས་ཁང་བཟང་དུ་རིན་པོ་ཆེའི་སེངྒེའི་ཁྲི་ལ་བཞུགས་སོ། །མ་ག་དྷ་བཟང་མོ་གཉེན་རྩ་ལག་དང་བཅས་པས་དཔག་ཏུ་མེད་པའི་འདོད་ཡོན་ཆེན་པོས་རབ་ཏུ་མཆོད་ཅིང་ཞབས་ལ་ཕྱག་འཚལ་ཏེ་མགོས་གཏུགས། གྲོང་ཁྱེར་གྱི་སྐྱེ་བོ་ནང་དུ་མ་ཆུད་པ་རྣམས་ཀྱིས་ཕྱི་ནས་ཕྱག་འཚལ་ཞིང་མཆོད་པའི་ཚེ། ཁང་བཟང་དེ་ཉིད་རིན་པོ་ཆེ་ཟླ་ཤེལ་ལས་གྲུབ་པའི་ཁང་བཟང་དུ་སྤྲུལ་ནས། ཕོ་བྲང་ཕྱི་གསལ་ནང་གསལ་རྩིག་པར་རི་མོ་བྲིས་པ་བཞིན་དུ་མཐོང་ངོ༌། །དེ་དག་གི་མཆོད་པ་རྣམས་ཀྱང་བཅོམ་ལྡན་འཁོར་བཅས་ཀྱིས་བཞེས་ནས། མ་ག་དྷ་བཟང་མོ་གཉེན་བཤེས་འཁོར་དང་བཅས་པ་རྣམས་དང༌། གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཆོས་རྒྱ་ཆེར་བསྟན་པས། ལུས་ཅན་བགྲང་བར་དཀའ་བ་ཞིག་གིས་བདེན་པ་མཐོང་བར་གྱུར་ནས། ཡུལ་ཁམས་དེ་དག་ཐམས་ཅད་སངས་རྒྱས་ཀྱིས་བསྟན་པའི་གདུལ་བྱའི་ཞིང་དུ་གྱུར་ཏོ། །
རྗེ་ཡེ་ཤེས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ་ལས་བཤུས།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn