སྟོན་པས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བའི་ཚུལ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-04 17:54:48     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།     ཀློག་ཐེངས།  

        

889494697498000142.jpg

        ཡང་དུས་གཞན་ཞིག་ན་བཅོམ་ལྡན་འདས་རྒྱལ་བོའི་ཁབ་ན་དབྱར་གནས་པར་མཛད་དོ། །དེའི་ཚེ་མུ་གེ་ཉམ་ང་བ་ཞིག་བྱུང་ངོ༌། །དགེ་སློང་རྫུ་འཕྲུལ་ཐོབ་པ་དག་ནི། ཤིང་འཛམ་བུའི་འབྲས་བུ་དང༌། སྒྲ་མི་སྙན་ནས་མ་རྨོས་པའི་འབྲས་ས་ལུ་དང༌། རྒྱལ་ཆེན་རིས་བཞི་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་སྟེ། ལྷའི་བདུད་རྩི་ལ་ལོངས་སྤྱོད་དོ། སོ་སོ་སྐྱེ་བོའི་དགེ་སློང་ལྔ་བརྒྱ་ལ་ལྷས་བྱིན་གྱིས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ། །དབྱར་ཟླ་གསུམ་འདས་པ་ན་དགེ་སློང་དེ་རྣམས་ལ། ལྷས་བྱིན་གྱིས་འདི་སྐད་ཅེས། དགེ་སྦྱོང་གཽ་ཏ་མ་ནི། ཉན་ཐོས་རྣམས་ལ་དགོན་པ་བ་དང༌། བསོད་སྙོམས་པ་དང༌། ཕྱག་དར་ཁྲོད་པ་དང༌། ཆོས་གོས་གསུམ་པ་དང༌། བླ་གབ་མེད་པ་ཉིད་རྣམས་གྲོལ་བ་ཐོབ་པར་འགྱུར་ཞེས་སྨྲ་ན། གང་སུ་དག་བརྟུལ་ཞུགས་ལྔ་བོ་དེ་དག་མི་འདོད་པ་དེ་དག་ནི། དགེ་སྦྱོང་གཽ་ཏ་མ་ལས་རིང་དུ་འགྱུར་གྱི། ད་ཚུལ་ཤིང་ལོངས་ཤིག་བྱས་པས། དགེ་སློང་ལྔ་བརྒྱས་ཚུལ་ཤིང་བླང་ངོ༌། །དེ་ནས་ལྷས་བྱིན་རང་གི་བློས་བཅོས་པའི་བརྟུལ་ཞུགས་ལྔ་བསྒྲགས་པས། དགེ་སློང་དེ་རྣམས་ཀྱིས་ཚུལ་ཤིང་བླངས་སོ། །གནས་ལྔ་ནི། འོ་མ་དང༌། ཤ་དང༌། ལན་ཚྭ་སྤོང་བ་སྟེ་གསུམ་དང༌། གོས་དྲས་ཤིང་དྲུབས་པ་མི་གྱོན་པ་དང༌། གྲོང་མཐའ་ན་གནས་པའོ། །དེ་ལྟར་གནས་ལྔ་བཟུང་བ་ནི་དགེ་འདུན་ཕྱེ་བའི་ཚད་དོ། །དེའི་ཚེ་ས་གཡོས་པ་དང༌། སྐར་མདའ་ལྟུང་བ་སོགས་བྱུང་བས། མཆོག་ཟུང་ལྷོ་ཕྱོགས་ཀྱི་རི་ལ་དབྱར་གནས་བར་མཛད་པས་མཁྱེན་ཏེ་སྟོན་པའི་སྤྱན་སྔར་འོངས་ནས། བདག་ཅག་དགེ་འདུན་བསྡུམ་པར་བགྱི་བའི་དོན་དུ་འོངས་སོ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་ལེགས་སོ་བསྩལ་ཏེ། གང་ཟག་བཞིས་ཚངས་པའི་བསོད་ནམས་བསྐྱེད་དེ། སྔོན་མེད་པའི་ས་ཕྱོགས་སུ་མཆོད་རྟེན་བྱེད་པ་དང༌། དེར་གཙུག་ལག་ཁང་བྱེད་པ་དང༌། དགེ་འདུན་ཕྱེ་བ་བསྡུམ་པ་དང༌། ཚད་མེད་པ་བཞི་བསྒོམ་པའོ། །ཞེས་གསུངས་སོ། །དེར་མོ་འགལ་གྱི་བུ་ནམ་མཁའ་ལ་འཕགས་ཏེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་མང་པོ་བསྟན་པས་དགེ་སློང་ལྔ་བརྒྱ་བོ་ལ་སོགས་པ་དད་ཅིང་འདུན་པར་བྱས། ཤཱ་རིའི་བུས་ཆོས་བསྟན་པས་དེ་རྣམས་སྐྱོ་བ་སྐྱེས་ནས། སྔར་ཟས་ངོ་དང་ནོར་ངོ་ལ་བརྟེན་ནས་དེ་བཞིན་གཤེགས་པ་སྤངས་ཏེ་ལྷས་བྱིན་གྱི་རྗེས་སུ་ཞུགས་པས་རང་གི་སྤྱོད་པ་ལ་ངོ་ཚ་ཞིངཡིད་འབྱུང༌། སངས་རྒྱས་ལ་མཆོག་ཏུ་དད་པ་སྐྱེས་སོ། །དེ་ལྟར་དགེ་སློང་ལྔ་བརྒྱ་པོ་རྣམས་ཀྱིས་ལྷས་བྱིན་སྤོང་ཞིང་སྟོན་པ་ལ་འདུན་པའི་སེམས་བསྐྱེད་པ་ན། །དགེ་འདུན་སྡུམས་པ་ཡིན་ནོ། དགེ་འདུན་ཕྱེ་བ་ནི་རིང་དུ་མི་གནས་ཏེ། ཉིན་ཞག་གཅིག་གི་ནང་དུ་སྡུམས་པ་ཡིན་ནོ། །དེ་ནས་དགེ་འདུན་དབྱེན་གྱི་ལྷག་མའི་བཅས་པ་མཛད་དོ། །ལྷས་བྱིན་གྱི་འཁོར་དགེ་སློང་ཀོ་ཀ་ལི་ཀ་དང༌། ཁན་ཏ་ཊ་བ་བྱ་བ་དང༌། ཀ་ཏི་མོ་ར་ཀ་ཏི་དང༌། རྒྱ་མཚོ་བྱིན་བཞི་ལ་རྟེན་ནས། དབྱེན་གྱི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའི་བཅས་པ་མཛད་དོ། །སྐབས་འདིར་སྟོན་པས། ཆུ་ཤིང་འབྲས་བུས་གསོད་པར་བྱེད། །འོ་མ་འདམ་བུ་འབྲས་བུས་གསོད། །དྲེའུ་མོ་རང་གི་མངལ་གྱིས་ལྟར། །མི་ངན་བཀུར་བསྟིས་གསོད་པར་བྱེད། །བྱིས་པ་ཇི་ཙམ་གྲགས་གྱུར་པ། །དོན་མེད་ཉིད་དུ་འགྱུར་བ་ཡིན། །བྱིས་པའི་དཀར་ཆ་གསོད་བྱེད་ཅིང༌། །རྩེ་མོ་ལས་ཀྱང་ལྟུང་བར་འགྱུར། །ཞེས་སོགས་བསླབ་བྱའང་གསུངས་སོ། །དེའི་རྗེས་སུ་མཆོད་རྟེན་གྱི་བང་རིམ་བཞིའི་ཟུར་བཞི་མཉམ་པར་བཅད་པ་ལྟ་བུའི་དགེ་འདུན་དབྱེན་བསྡུམས་པའི་མཆོད་རྟེན་ནི། མ་ག་དྷ་བ་རྣམས་ཀྱིས་བཞེངས་སོ། །གཞན་ཡང་ལྷ་བྱིན་སོགས་ཀྱིས། བཅོམ་ལྡན་འདས་བྱ་རྒོད་ཕུང་བོའི་རི་ལ་བཞུགས་པའི་ཚེ། དྲང་ཐད་ཀྱི་ཕར་ངོས་ཀྱི་རིའི་སྟེང་དུ་སྒྱོགས་རྡོ་ཆེན་པོ་མི་བཟད་པ་བཅོས་ཏེ་འཕངས་པས། གནོད་སྦྱིན་ལག་ན་རྡོ་རྗེས་སྒྱོགས་རྡོ་ལ་རྡོ་རྗེ་བསྣུན་པས་བྱེ་མར་བཤིག་གོ །འོན་ཀྱང་རྡོའི་དུམ་བུ་ཆེ་བ་ཞིག་སྟོན་པའི་སྐུ་ལ་ཕོག་ཏུ་ཉེ་བའི་ཚེ། རྒྱལ་བོའི་ཁབ་ཀྱི་གནོད་སྦྱིན་ཀུམ་བི་རས་འཛིན་པར་བརྩམས་པས། རྡོ་དེ་ནི་གནོད་སྦྱིན་ཀུམ་བིར་ལ་ཕོག་སྟེ་དུས་ལས་འདས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ། །རྡོའི་དུམ་བུ་ཕྲ་མོ་ཡར་བ་ཞིག་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོང་ལ་ཕོག་སྟེ་རྨ་ཕྱུང་ཞིང༌། འཚོ་བྱེད་གཞོན་ནུ་གསོས་ཀྱིས་སྨན་བཟང་བོ་ཡང་ཡང་ཕུལ་ཀྱང་མ་ཕན་པ་ན། འོད་སྲུངས་སྟོབས་བཅུ་བས་བདེན་པ་གསོལ་བར་ཞུས་པས་བཀས་གནང་ངོ༌། །འདི་སྐད་དུ། བཅོམ་ལྡན་ཁྱོད་ཀྱི་ཐུགས་ལ་ནི། །སྲས་ཀྱི་དགྲ་བོ་མཚུངས་ཤེ་ན། །བདེན་པའི་ཚིག་ནི་འདི་ཡི་མཐུས། །རྨ་ཡི་འཛག་པ་ཆད་པར་ཤོག །ཆེས་བདེན་པ་གསོལ་མ་ཐག་ཏུ་སྐུ་མཚལ་ཆོད་དོ། །ལན་གཅིག་རྒྱལ་བོའི་ཁབ་ཀྱི་ཁྱིམ་བདག་ཅིག་གིས། །སངས་རྒྱས་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཏེ། བཅོམ་ལྡན་འདས་འཁོར་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་རྒྱལ་བོའི་ཁབ་ཏུ་གཤེགས་པའི་དྲུང་དུ། ལྷས་བྱིན་གྱི་གླང་པོ་ཆེ་ནོར་སྐྱོང་རྦད་དོ། །གླང་བོ་ཆེ་དེ་འགྱིང་ཞིང་སྐད་བཏོན་ཏེ། ཤུགས་ཅི་ཡོད་པས་སངས་རྒྱས་ཀྱི་ཕྱོགས་སུ་རྒྱུགས་སོ། །ལྷས་བྱིན་དང་མ་སྐྱེས་དགྲ་གཉིས་ཁང་བཟང་གི་སྟེང་ན་བལྟ་ཞིངའདུག་པ་ལ། ལྷས་བྱིན་དགའ་སྟེ། གླང་ཆེན་ཙ་ཡ་ལ་བལྟས་ན། །ཁྱོད་ནི་གླང་ཆེན་མཐུས་བརྫིས་པས། །ཤཱཀྱའི་བུ་ཁྱོད་དེ་རིང་དུ། །ཉན་ཐོས་བཅས་ཏེ་རེ་སྙམ་མེད། །ཅེས་ཟེར་བ་ལ། བཅོམ་ལྡན་འདས་ཀྱིས། སྟོབས་བཅུའི་སྟོབས་ལྡན་རྨད་བྱུང་བའི། །སྟོབས་ཀྱི་མཐུ་ལ་ད་ལྟོས་ཤིག །ཅེས་གསུངས་ཏེ། ཕྱག་གཡས་ཀྱི་སོར་མོ་ལྔ་ལ་སེང་གེ་རལ་བ་ཅན་ལྔ་སྤྲུལ་བས། སེང་གེ་དེ་དག་གི་དྲི་ཚོར་བ་ཙམ་གྱིས་ནོར་སྐྱོང་སྐྲག་ནས་ཀར་བབ་བབ་ཏུ་བྲོས་ཤིང༌། །འགྲོ་ས་གཞན་མ་རྙེད་པར་དལ་བུས་སྟོན་པའི་དྲུང་དུ་འོང་ནས་འདུག་གོ །དགེ་སློང་གཞན་རྣམས་གླང་བོ་ཆེ་ཁྲོས་པ་མཐོང་བས་ཕྱོགས་བཞིར་བྲོས་ཤིང༌། འཕགས་པ་ཀུན་དགའ་བོ་གཅིག་བུ་སྟོན་པའི་དྲུང་ན་འདུག་གོ །མི་རིང་བར་གླང་བོ་ཆེ་དེ་ཤི་ནས་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་རྒྱལ་ཆེན་རིགས་བཞིའི་ལྷར་སྐྱེས་སོ། །སླར་ཡང་སྟོན་པའི་དྲུང་དུ་མཆོད་པར་འོངས་ཏེ་ཆོས་བསྟན་པས་བདེན་པ་མཐོང་ངོ༌། །དེ་ལྟར་རྒྱལ་བོ་མ་སྐྱེས་དགྲ་དང་ལྷས་བྱིན་གྱིས། སྟོན་པ་བྱོན་པའི་མདུན་དུ་ཁྱི་གཏུམ་པོ་རྦད་པ་སོགས་ཀྱལ་ཀ་དང་བཀུར་སྟི་མ་ཡིན་པ་ཁོ་ན་རྟག་པར་བྱས་ཀྱང༌། རྒྱལ་བོའི་ཁབ་ན་གདུལ་བྱ་མང་བོའི་དོན་ཡོད་པས་བཅོམ་ལྡན་འདས་རེ་ཞིག་དེར་བཞུགས་པ་ཡིན་ནོ་གསུངས། དེ་ནས་འཚོ་བྱེད་གཞོན་ནུས་གསོས་བདེན་པ་ལ་བཀོད་པ་ནི། འཚོ་བྱེད་གཞོན་ནུས་གསོས་ལ་སྔོན་རྒྱལ་པོ་གཟུགས་ཅན་སྙིང་བོས་ལན་གཉིས་དང༌། སྐབས་འདི་དག་ཏུ་མ་སྐྱེས་དགྲས་ལན་གཅིག་སྟེ། སྨན་པའི་རྒྱལ་བོར་ལན་གསུམ་དུ་དབང་བསྐུར་རོ། །དེར་དྲེགས་པ་སྐྱེས་ཏེ་བཅོམ་ལྡན་འདས་ནི་ཆོས་ཀྱི་རྒྱལ་བོ་ཐམས་ཅད་མཁྱེན་པ་ཡིན་མོད། སྨན་གྱི་ལས་ལ་ནི་བདག་ཀྱང་དེ་བཞིན་གཤེགས་པ་དང་འདྲའོ་སྙམ་སྟེ། དེའི་ཕྱིར་བདེན་པ་མ་མཐོང་ངོ༌། །དེ་ནས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། བཀའ་བསྩལ་པ། འཚོ་བྱེད། རིའི་རྒྱལ་བོ་གངས་ཅན་དང་སྤོས་ངད་ལྡན་དག་མཐོང་ངམ། གསོལ་བ། མ་མཐོང་སྟེ་བལྟ་བར་འཚལ་ལགས། སྟོན་པའི་ཆོས་གོས་ཀྱི་གྲྭ་ལ་འཚོ་བྱེད་གཞོན་ནུ་གསོས་ཀྱིས་འཇུས་ཏེ། སྟོན་པ་བར་སྣང་ལ་གཤེགས་པས་ཡུད་ཙམ་ཞིག་གིས་རི་དེ་དག་ཏུ་ཕེབས་ཏེ། དེ་ན་སྨན་རྣམ་པ་སྣ་ཚོགས་པ་སྒྲོན་མེ་བཞིན་དུ་འོད་འབར་བ་དག་གཟིགས་སོ། །དེར་འཚོ་བྱེད་ལ་སྨན་ལོངས་ཤིག་པར་བཀའ་སྩལ་པ་ན། དེ་མི་མ་ཡིན་གྱི་གནོད་པས་འཇིགས་པ་ལ། གནོད་སྦྱིན་ལག་ན་རྡོ་རྗེ་ལ་འཚོ་བྱེད་གནོད་པ་ལས་སྲུངས་ཤིག་པར་བཀའ་བསྒོས་སོ། །དེས་སྨན་རྣམ་པ་སྣ་ཚོགས་པ་དག་བླངས་ཏེ། སྔར་སྨན་གྱི་རྣམ་པ་མི་ཤེས་པ་གང་ཡང་མེད་སྙམ་པ་ལ། སྔར་མ་མཐོང་ཞིང་མི་ཤེས་པའི་སྨན་མང་བོ་ཞིག་མཐོང་སྟེ། དེ་ནས་སྟོན་པའི་སྤྱན་སྔར་སྨན་དེ་རྣམས་ཁུར་ཏེ་འོངས་པ་ལ། སྟོན་པས་དྲི་སྨེད་མཛད་པས། ངོ་ཤེས་པ་རྣམས་ཀྱི་བཀའ་མཆིད་རྒྱས་པར་གསོལ། དེ་ལས་གཞན་རྣམས་མ་ཤེས་པ་ལ། སྟོན་པས་སྨན་དེ་རེ་རེ་བཞིན་འདིའི་མིང་ལ་འདི་སྐད་ཅེས་བྱ། ནད་འདི་ལ་ཆོ་ག་འདི་ལྟ་བུའི་ཕན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པས། འཚོ་བྱེད་ང་རྒྱལ་ཆག་སྟེ། དེ་བཞིན་གཤེགས་པ་ནི་ཡན་ལག་བཞི་དང་ལྡན་པའི་སྨན་པའི་རྒྱལ་བོ་བླ་ན་མེད་པའོ་ཞེས་ཆེད་དུ་བརྗོད་ཅིང༌། སྟོན་པས་ཀྱང་ཆོས་བསྟན་པས་འཚོ་བྱེད་གཞོན་ནུས་གསོས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། དེ་ནས་སླར་རྒྱལ་བོའི་ཁབ་ཏུ་ཕེབས་པ་ན། རི་སྤོས་ངད་ལྡན་དང་རི་ཁ་བ་ཅན་གྱི་གནས་ཤིན་ཏུ་བསིལ་བ་དང༌། སྨན་གྱི་ངད་དེས། དེ་བཞིན་གཤེགས་པ་གྲང་ནད་ཀྱི་སེར་མས་བསྙུན་པར་གྱུར་པ་ན། འཚོ་བྱེད་ཀྱིས་ཨུཏྤ་ལ་སོ་གཉིས་ཞེས་བྱ་བའི་བཀྲུ་སྨན་དྲི་མནམས་པས་ཆོག་པ་དག་ཕུལ་ཞིང༌། བུ་རམ་དང་ཨ་རུ་རའི་ཁུ་བས་རིམ་པས་བསྙུན་དྭངས་སོ་གསུངས། དེ་ལྟར་མདོ་དག་ལས། བཅོམ་ལྡན་འདས་ཀྱི་སྐུ་བསྙུན་པར་གསུངས་པ་དང༌། སྐུ་ལ་རྡོའི་ཆ་ཤས་ཕོག་སྟེ་མཚལ་བ་བྱུང་བ་དང༌། སྐུ་རྒྱབ་མི་བདེ་བ་དང༌། ཞབས་ལ་སེང་ལྡེང་གི་ཚལ་བ་ཟུག་པར་གསུངས་པ་སོགས་ནི། དྲང་དོན་ཁོ་ན་ཡིན་ཏེ། ཚུལ་བསྟན་གྱི་མཛད་པ་དེ་དག་གིས་ཀྱང་འགྲོ་བ་མང་བོ་ཞིག་གི་རྒྱུད་སྨིན་པར་བྱས་པ་མདོ་དེ་དག་ལས་གསལ་བའི་ཕྱིར་རོ།། 

རྗེ་ཡེ་ཤེས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ་ལས་བཤུས།

                                                                      རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།