ལྷ་ལས་བབས་པའི་མཛད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-01 21:47:48     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།     ཀློག་ཐེངས།  

       

b8498ed9fdb9b26b5285e70781779b0d_.jpg

        ལྷ་ལས་བབས་པ་ནི། བསྟོད་པ་ལས། སུམ་ཅུ་རྩ་གསུམ་གནས་སུ་དབྱར་གནས་མཛད། །སྐལ་ལྡན་སྨིན་གྲོལ་ལམ་ལ་ལེགས་བཀོད་དེ། །སྨིན་དྲུག་ཅན་ལ་ཚངས་དབང་འཁོར་ཚོགས་བཅས། །སླར་ཡང་གླིང་འདིར་བྱོན་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་པ་དེའི་ཕྱིན་ཆད། ལྷ་དང་མི་རྣམས་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ལ་དད་དོ། །དེར་དགེ་སློང་རྣམས་ལ་རྙེད་བཀུར་མང་ཞིང་ཆེས་མང་བས། སོ་སོ་སྐྱེ་བོ་རྣམས་ཀྱི་སྤོང་པ་ལ་བར་དུ་གཅོད་པར་གྱུར་པ་གཟིགས་ནས། འབྱོར་བ་དང་རྙེད་བཀུར་མང་ཆེས་པ་དེ་ཉིད་རྒྱན་བཅད་པའི་ཕྱིར་དང༌། ཉིད་ཀྱི་ཡུམ་ལྷའི་གནས་སུ་སྐྱེ་བ་བཞེས་པ་དེ་ཉིད་བདེན་པ་ལ་འགོད་པ་སོགས་དགོས་པ་དུ་མའི་ཕྱིར་དུ། བཅོམ་ལྡན་འདས་འཁོར་དང་བཅས་པ་རི་རབ་ཀྱི་རྩེ་མོ་ལྷའི་གནས་སུམ་ཅུ་རྩ་གསུམ་དུ་གཤེགས་སོ། །དེར་ཤིང་ཡོངས་འདུ་ས་བརྟོལ་དང་ཉེ་བ་ལྭ་བ་དཀར་བོ་ལྟ་བུའི་རྡོ་ལེབ་ཏུ་བཞུགས་ཏེ། ཡུམ་གྱི་སྐྱེ་བ་ལ་སོགས་པའི་ལྷ་རྣམས་ལ་ཆོས་སྟོན་པར་མཛད་དོ། །དེ་རི་རབ་ཀྱི་རྩེ་མོའི་དབུས་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ཡོད་ལ་དེའི་ངོས་རེ་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་རེ་དང་མཐའ་སྐོར་དུ་དཔག་ཚད་ཁྲི་ཡོད་དོ། །གྲོང་ཁྱེར་དེའི་ཕྱི་རོལ་བྱང་ཤར་གྱི་མཚམས་ན་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་སུམ་ཅུ་རྩ་གསུམ་པའི་འདོད་པའི་ཡོན་ཏན་མཐའ་དག་འཇོ་བའི་དཔག་བསམ་གྱི་ཤིང་ཡོད་དོ། །ཤིང་དེའི་དྲུང་ན་ལྭ་བ་དཀར་བོ་ལྟ་བུའི་རྡོ་ལེབ་ཅེས་བྱ་བ་དབྱིབས་གྲུ་བཞི་བ་ངོས་རེ་ལ་དཔག་ཚད་ལྔ་བཅུ་རེ་དང་མཐའ་འཁོར་དུ་དཔག་ཚད་ཉིས་བརྒྱ་དང༌། འཕང་དུ་དཔག་ཚད་ཕྱེད་དང་དྲུག་ཡོད་པ་སྟེང་དུ་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་ཞིང་རེག་ན་འཇམ་པའི་མེ་ཏོག་མན་ད་ར་བས་པུས་ནུབ་ཙམ་དུ་ཁེབས་པར་གྱུར་པ་ཡོད་དོ། །དེའི་དབུས་སུ་བརྒྱ་བྱིན་ལ་སོགས་པའི་ཉི་མ་བཅུ་གཉིས། ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ། དབང་པོ་དང་ཉེ་དབང་སོ་གཉིས་ཀྱི་སེང་གེའི་ཁྲི་བཤམས་པ་ལ་ལྷའི་དབང་བོ་བརྒྱ་བྱིན་འཁོར་བཅས་དབྱར་ཟླ་བ་བཞིར་གནས་པར་གསུངས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་དུ་དབྱར་ཞལ་གཞེས་གནང་ངོ༌། །འཕགས་པ་མཽ་འགལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་རབ་ཏུ་མང་བོ་དག་མཉན་ཡོད་དུ་དབྱར་གནས་པར་མཛད་པ་ན། དེར་དགེ་སློང་རྣམས་ཀྱིས་མཽ་འགལ་གྱི་བུ་ཆེན་པོ་ལ། དེང་དེ་བཞིན་གཤེགས་པ་ཕྱོགས་གང་དུ་དབྱར་གནས་པར་མཛད་ཅེས་དྲིས་པ་ལ། བཅོམ་ལྡན་འདས་ནི་སུམ་ཅུ་རྩ་གསུམ་གྱི་གནས་སུ་དབྱར་གནས་པར་མཛད་དོ། །ཞེས་བཤད་དོ། །དེ་ནས་ཟླ་བ་གསུམ་འདས་པ་ན། འཁོར་རྣམ་པ་བཞིའི་ཚོགས་རྣམས་མཽ་འགལ་གྱི་བུ་ཆེན་པོའི་དྲུང་དུ་ལྷགས་ནས་སྨྲས་པ། བདག་ཅག་གིས་བཅོམ་ལྡན་འདས་མ་མཐོང་ནས་ཡུན་རིང་ལོན་ཏེ། ཤིན་ཏུ་གདུངས་པར་གྱུར་གྱི་འཕགས་པ་བཞུད་ལ། བཅོམ་ལྡན་འདས་ལ་བདག་ཅག་ནི་དེར་འོང་བའི་རྫུ་འཕྲུལ་མེད། ལྷ་རྣམས་ནི་ཛམྦུའི་གླིང་འདིར་འོང་བ་ལ་དཀའ་བ་མེད་པའི་ཕྱིར། ཛམྦུའི་གླིང་དུ་གཤེགས་སུ་གསོལ་ཅེས་ཞུས་ཤིག དེ་ནས་འཕགས་པ་རྫུ་འཕྲུལ་གྱིས་སུམ་ཅུ་རྩ་གསུམ་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་མཐའ་གཅིག་ཏུ་འདུག་ནས་འདི་སྐད་ཅེས། ལྷའི་འཁོར་འདི་དག་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་པས་འདིར་སྐྱེས་སོ་ཞེས་ཞུས། སྟོན་པས་ཀྱང་དེ་བཞིན་ནོ་ཞེས་བསྔགས་སོ། །ལྷ་རྣམས་སྟོན་པའི་དྲུང་ནས་སོང་བའི་འོག་ཏུ། འཕགས་པ་མཽ་འགལ་གྱི་བུས་འཁོར་རྣམ་པ་བཞིའི་འཕྲིན་གསོལ་བས། སྟོན་པས་ཁྱོད་སོང་ལ་ཞག་བདུན་ནས་གྲོང་ཁྱེར་ས་ཀཱ་ཤཱའི་ཨ་བ་ཛ་རའི་ནགས་ཨུ་དུམ་ཝ་རའི་ཤིང་དྲུང་དུ་གཤེགས་པར་འགྱུར་རོ་ཞེས་སྒོས་ཤིག་ཅེས་བཀའ་བསྩལ་ཏོ། །

        དེ་ནས་འཕགས་པ་སྐད་ཅིག་ལ་ཛམྦུའི་གླིང་དུ་འོངས་ནས་འཁོར་རྣམ་པ་བཞི་ལ་བཤད་པས། དེ་རྣམས་ཀྱིས་ས་ཕྱོགས་དེ་བྱི་དོར་བྱས་ཤིང་མཆོད་པ་སྣ་ཚོགས་པ་བཤམས་སོ། །དེ་ལྟ་བུའི་བར་སྐབས་ཞག་བདུན་གྱི་རིང་ལ་བཅོམ་ལྡན་འདས་འཐབ་བྲལ་ནས་འོག་མིན་གྱི་བར་དུ་གཤེགས་ཏེ། ལྷའི་འགྲོ་བ་གྲངས་མེད་ཚད་མེད་པ་སྨིན་ཅིང་གྲོལ་བ་ལ་བཀོད་ནས། སླར་ཡང་སུམ་ཅུ་རྩ་གསུམ་དུ་བྱོན་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཛམྦུའི་གླིང་དུ་གཤེགས་པར་བཞེད་དམ། ཞེས་ཞུས་པ་ལ། སྟོན་པས་དེ་ལྟར་རོ་ཞེས་བཀའ་བསྩལ་ཏོ། །དེ་ནས་ལྷའི་དབང་པོས་བཟོ་བོ་ལས་ཐམས་ཅད་པ་ལ་བཀའ་བསྒོས་ནས། སུམ་ཅུ་རྩ་གསུམ་ནས་ཛམ་བུ་གླིང་གི་བར་ལ། དབུས་སུ་བཻཌཱུ་རྱའི་ཐེམ་སྐས་དང༌། གཡས་སུ་གསེར་གྱི་ཐེམ་སྐས། གཡོན་དུ་དངུལ་གྱི་ཐེམ་སྐས་བཙུགས་སོ། །དེ་ནས་བཅོམ་ལྡན་འདས་ལྷའི་ཡུལ་ནས་ཛམྦུའི་གླིང་དུ་འབྱོན་པར་ཆས་པའི་ཚེ། ལྷ་ཚངས་པ་ཆེན་པོ་ནི་རྔ་ཡབ་དཀར་བོ་འཛིན་ཅིང་གསེར་གྱི་ཐེམ་སྐས་ལས་འབབ། གཟུགས་ཁམས་ཀྱི་ལྷ་དང་ལྷན་གཅིག་སྐུའི་གཡས་ཕྱོགས་ནས་འགྲོ། བརྒྱ་བྱིན་ནི་གདུགས་དཀར་བོ་རྩིབ་མ་སྟོང་དང་ལྡན་པ་འཛིན་ཅིང་དངུལ་གྱི་ཐེམ་སྐས་ལས་འབབ། འདོད་ཁམས་ཀྱི་ལྷ་དུ་མས་བསྐོར་ཏེ་སྐུའི་གཡོན་ཕྱོགས་ནས་འགྲོའོ། །བཅོམ་ལྡན་འདས་འཁོར་བཅས་ནི་དབུས་མ་བཻཌཱུ་རྱའི་ཐེམ་སྐས་ལ་གཤེགས་སོ། །གལ་ཏེ་ཞབས་ཁོ་ནས་བྱོན་ན་ནི། མུ་སྟེགས་པ་དག་ན་རེ། དགེ་སྦྱོང་གཽ་ཏ་མ་ནི་ལྷའི་འདོད་ཡོན་མཐོང་བས་རྫུ་འཕྲུལ་ལས་ཉམས་སོ་ཞེས་འཕྱ་བར་འགྱུར་ལ། རྫུ་འཕྲུལ་ཁོ་ནས་གཤེགས་ན་ནི། ལྷ་རྣམས་ཀྱིས་སྐས་བཙུགས་པ་དོན་མེད་དུ་འགྱུར་ཞིང་བསོད་ནམས་མི་འཕེལ་བར་གཟིགས་ནས། བར་འགའ་ནི་རྫུ་འཕྲུལ་གྱིས་བྱོན། བར་འགའ་ནི་ཞབས་ཀྱིས་བཻཌཱུ་རྱའི་ཐེམ་སྐས་ལས་གཤེགས་སོ། །མིའི་འགྲོ་བའི་དྲི་མི་ཞིམ་པ་ལྷ་རྣམས་ཀྱིས་མི་བཟོད་པས། སྟོན་པས་མིའི་དྲི་རྣམས་ཙན་དན་མཆོག་གི་དྲིར་བྱིན་གྱིས་བརླབས་སོ། །

        དེ་ནས་བཅོམ་ལྡན་འདས་ཛམྦུའི་གླིང་དུ་བྱོན་ཏེ་བཞུགས་ཁྲི་བཤམས་པ་ལ་བཞུགས་སོ། །དེའི་ཚེ་ས་ཕྱོགས་ཐམས་ཅད་འཁོར་རྣམ་བཞི་དང༌། རྒྱལ་བོ་དང༌། བློན་པོ་དང༌། ཁྱིམ་བདག་ལ་སོགས་པ་སྐྱེ་བོའི་ཚོགས་མཐའ་ཡས་པས་ཡོངས་སུ་གང་ཞིང༌། ལྷ་མིའི་ཁྲོམ་ཚོགས་ས་གཞིར་མི་ཤོང་བ་ལྟ་བུས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་བསྐོར་བ་ལ། དགེ་སློང་མ་ཨུཏྤ་ལ་ལའི་མདོག་གིས། ཁྲོམ་ཚོགས་ཆེན་པོའི་མཐའ་ནས་བཅོམ་ལྡན་འདས་ཀྱི་སྐུ་མ་མཐོང༌། དགེ་སློང་མའི་གཟུགས་ཀྱིས་ཕྱིན་ན་སྟོན་པའི་སྤྱན་སྔར་མི་གཏོང་ངོ་སྙམ་ནས། འཁོར་ལོས་སྒྱུར་བའི་རྒྱལ་བོ་རིན་པོ་ཆེའི་ཅོད་པན་དང་རྣ་རྒྱན་སོགས་ཀྱིས་མཛེས་ཤིང་གཟི་བརྗིད་དང་ལྡན་པར་སྤྲུལ་ནས་ནོར་དང་གྲགས་པས་འགྱིངས་ཚུལ་གྱིས་ཕྱིན་པས། སྐྱེ་བོ་ཐམས་ཅད་ཀྱིས་ཞེ་སར་བྱས་ཏེ་ལམ་ཕྱེ་ཞིང༌། བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱག་བྱས་སོ། །དེའི་ཚེ་འཁོར་འགའ་ཞིག་ནི་ལྷའི་སྲིད་པ་ལ་ཆགས། འགའ་ཞིག་ནི་མིའི་སྲིད་པ་ལ་ཆགས་པ་ལ་དེ་བཟློག་པའི་ཕྱིར་དུ་ཆོས་གསུངས་པས། འབྲས་བུ་བཞི་ཐོབ་པ་དང༌། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་དཔག་ཏུ་མེད་དོ། །བཀའ་བསྩལ་བ། ས་རྣམས་གཅིག་གིས་ཐོབ་པ་དང༌། །ལྷ་རྣམས་སུ་ཡང་འགྲོ་བ་དང༌། །ཡང་ན་ཏིང་འཛིན་ཐོབ་པ་བས། །རྒྱུན་དུ་ཞུགས་པའི་འབྲས་བུ་མཆོག །ཞེས་སོགས་གསུངས་སོ། །

        བཅོམ་ལྡན་འདས་ལྷ་ལས་བབས་པ་དེའི་ཚེ། བྲམ་ཟེ་འབྱོར་བའི་བུ་རབ་འབྱོར་ཤིང་དྲུང་ན་འདུག་པས་མཐོང་སྟེ། ཀྱེ་མའོ་ལྷ་འདི་རྣམས་ཀྱང་དེང་ཉིད་རང་གི་གནས་སུ་འགྲོ། མི་འདི་དག་ཐམས་ཅད་ཀྱང་ལོ་བརྒྱ་ཚུན་ཆད་ལ་འཆི། དེ་བཞིན་གཤེགས་པ་ཡང་མྱུར་དུ་མྱ་ངན་ལས་འདའོ་སྙམ་སྟེ་ཡིད་འབྱུང་བས་རྐྱེན་བྱས་ཏེ་བདེན་པ་མཐོང་ཞིང༌། མི་རིང་བར་དགྲ་བཅོམ་ཐོབ་པར་ལུང་ལས་གསུངས་སོ། །ཀུན་གཟིགས་ལྔ་བ་ཡབ་སྲས་ཀྱི་གསུངས་ལས། འགའ་ཞིག་ཏུ་ཤེར་ཕྱིན་གྱི་རྗེས་སུ་ལྷ་བབས་བཤད་ནའང་ཤེར་ཕྱིན་གསུངས་སྐབས་འཕགས་པ་རབ་འབྱོར་དགྲ་བཅོམ་པར་གྱུར་ཟིན་ཏེ། ཀུན་དགའ་བོ་མ་གཏོགས་པ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ་ཞེས་སོགས་ཤེར་མདོའི་གླེང་གཞིར་བྱུང་ལ། རབ་འབྱོར་ནི་ལྷ་བབས་ཀྱི་ཉིན་དེར་བདེན་པ་མཐོང༌། དེ་ནས་མི་རིང་བར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འདུལ་བ་ལུང་ལས་གསལ་བར་གསུངས་པས། ཤེར་ཕྱིན་གསུངས་པའི་སྔོན་དུ་ལྷ་བབས་འདི་བཞིན་འཐད་དོ། །ཞེས་གསུངས་སོ། །དེ་ལྟར་ལྷ་ལས་བབས་པའི་མཛད་ཆེན་དེ་ལ་བརྟེན་ནས། ལྷ་བབས་མཆོད་རྟེན་བང་རིམ་བཞིའི་ངོས་རེར་གློ་བུར་ཐེམ་སྐས་ཡོད་པ་ཅན་ནི། རྒྱལ་བོ་གསལ་རྒྱལ་སོགས་ཀྱིས་བཞེངས་སོ། །མཛད་པ་དེ་ཐམས་ཅད་ཀྱང༌། ཇི་སྐད་དུ། བསོད་ནམས་བརྒྱ་ཡི་མཚན་དང་ལྡན་པས་ན། །ལྷར་བཅས་འཇིག་རྟེན་ནང་ན་བསོད་ནམས་གཏེར། །མཐོང་དང་ཐོས་དང་གཞེས་པ་མཛད་པས་ཀྱང༌། །འཇིག་རྟེན་ཀུན་ལ་ཕན་པར་མཛད་པ་ལགས། །ཞེས་གསུངས་པ་ལྟར་རོ།། 
        བར་སྐབས་ཀྱི་ཚིགས་བཅད། 
        འདིར་སྨྲས་པ། ནམ་ཞིག་འདྲེན་པ་སྟོབས་བཅུ་མངའ་བ་སྲིད་པ་གསུམ་གྱི་ཉིན་མོར་བྱེད། །གྲོང་ཁྱེར་སེར་སྐྱའི་དཔག་མེད་སྐལ་བཟང་པུཎྜ་རི་ཀའི་ཚལ་དུ་ཤར། །ནྱ་གྲོ་དྷ་ཡི་གཙུག་ལག་ཁང་དུ་ཞབས་ཀྱི་པདྨོ་རྣམ་པར་བཀོད། །ཟས་གཙང་རྒྱལ་བོས་ལེགས་པར་མཆོད་དེ་སྙན་པའི་ཚིག་གིས་འདི་སྐད་ཅེས། །འགྲོ་བ་ཐམས་ཅད་དགེ་བའི་ལམ་ལ་བཀོད་ཅིང་དགའ་བར་མཛད་པ་ལ། །བདག་ཅག་རྣམས་ལ་བརྩེ་བ་མེད་པར་གདུངས་བ་བསྐྱེད་པ་ཅིའི་ཕྱིར་མཛད། །རིང་ནས་མཛའ་བའི་སེམས་དང་ཁྱོད་ཀྱི་ངོ་མཚར་ཡོན་ཏན་ལ་གུས་པས། །བདག་གི་བློ་ནི་ཁྱོད་དྲུང་རྟག་རྒྱུག་ད་ལྟ་མཇལ་བས་རབ་ཏུ་དགའ། །རབ་མཛེས་ཕྱི་ནང་ར་བ་དག་གིས་ཡོངས་སུ་བསྐོར་བའི་ཕོ་བྲང་དང༌། །ཉི་ཟླ་ལྟར་གསལ་གསེར་གྱི་ཁང་བཟང་བཞག་ནས་ནགས་ཁྲོད་སྟོང་བར་ཞུགས། །གཞོན་ནུའི་ལག་པར་གསེར་གྱི་བུམ་པ་དྲི་བཟང་ཆུ་ཡིན་གང་བྱས་པས། །སྐུ་ལ་ཁྲུས་ཆབ་གསོལ་བ་སྤངས་ཏེ་ཆུ་ཀླུང་དག་ལ་ཇི་ལྟར་འཁྲུ། །རིན་ཆེན་འོད་འབར་དཔུང་རྒྱན་ལ་སོགས་རྣམས་འདོར་ཅི་ཞིག་རིགས། །གཟིམས་ཆས་ཁྱད་པར་ཅན་དག་སྤངས་ནས་ཤིང་དྲུང་དག་ཏུ་ཇི་ལྟར་གཟིམས། །རེག་ན་བདེ་བའི་གདན་ཁྲི་བཞག་ནས་ས་ལ་བཞུགས་པ་ཇི་ལྟར་བཟོད། །ཀ་ཤིའི་གོས་གྱི་ན་བཟའ་ཕུད་ནས་ངུར་སྨྲིག་གྱོན་པ་ཇི་ལྟར་འོས། །མང་བོས་བཀུར་བའི་རྒྱལ་སྲིད་སྤངས་ཏེ་བསོད་སྙོམས་སྤྱོད་པ་ཇི་ལྟར་འཐད། །ཁྱོད་ཕྱག་པདྨའི་འདབ་མ་འདྲ་འདིར་ལྷུང་བའི་སྣོད་ཐོགས་ཇི་ལྟར་དགའ། །རྒྱལ་ཁབ་དཔལ་འབྱོར་ཐམས་ཅད་སྤངས་ཏེ་མངོན་པར་འབྱུང་བ་འདི་ཅི་ཞེས། །རྒྱལ་བོའི་ཐུགས་ཀྱི་གདུང་བའི་རྒྱུད་མང་ཐུབ་པའི་སྙན་དུ་དལ་གྱིས་བསྒྲོགས། །དེ་ནས་སྟོན་པའི་ཞལ་གྱི་ཟླ་བ་སྙིང་རྗེའི་འཛུམ་གྱིས་བཀའ་བསྩལ་བ། །དཔལ་འབྱོར་ལོངས་སྤྱོད་འཛད་པའི་རང་བཞིན་སྲོག་གི་རྒྱུན་ནི་ཆུ་ལྟར་གཡོ། །གལ་ཏེ་ན་རྒ་འཆི་བ་མེད་ན་རྒྱལ་སྲིད་མི་འདོད་མི་བགྱི་ཡང༌། །ན་རྒ་འཆི་བའི་འཇིགས་པ་འདི་ཀོ་སྐྱེ་བོ་ཀུན་ལ་གནས་པས་སོ། །ཡང་ཐོག་དབྱིངས་ཀྱི་ཁང་བར་བསྡད་ཀྱང་ནམ་ཞིག་འོག་ཏུ་ལྟུང་བར་འགྱུར། །དྲི་བཟང་ཆུ་ཡིས་ཕྱི་རོལ་བཀྲུ་ཡང་ནང་གི་དྲི་མ་ཕྱིར་ཞིང་འཕེལ། །དར་གོས་རིན་ཆེན་ཁྲི་ལ་ཉལ་ཡང་ཆགས་སྡང་ཚེར་མས་ཟུག་རྔུ་འབྱིན། །ཡན་ལག་བཞི་ལྡན་དཔུང་གིས་བསྐོར་ཡང་འཆི་བདག་བདུད་ནི་འགོག་ཏུ་མེད། །དར་ཐོད་གསེར་གྱི་དཔུང་རྒྱན་ལ་སོགས་དམ་པ་རྣམས་ལ་འོས་པ་མིན། །ཆགས་བྲལ་ངུར་སྨྲིག་ཆོས་ཀྱི་རྒྱལ་མཚན་ལྷར་བཅས་འགྲོ་བའི་བསོད་ནམས་ཞིང༌། །མདོར་ན་དཔལ་འབྱོར་རིན་ཆེན་ཁང་བཟང་རྒྱལ་སྲིད་འཁོར་སོགས་ཇི་ལྟར་ཡང༌། །ཐམས་ཅད་མི་རྟག་སྡུག་བསྔལ་རང་བཞིན་ཞེས་སོགས་དམ་པའི་ཆོས་གསུངས་པས། །སྐལ་ལྡན་སྐྱེ་བོ་འབུམ་ཕྲག་མང་བོས་བདེན་པ་མཐོང་ཞིང་ཟག་པ་ཟད། །ཤཱཀྱའི་གྲོང་དང་གྲོང་ཁྱེར་དག་ཏུ་འཕགས་པའི་ཆོགས་ཀྱིས་གང་བར་གྱུར། །གང་གི་སྲས་མཆོག་སྒྲ་ཅན་འཛིན་ཡང་ཁབ་ནས་མངོན་པར་བྱུང་གྱུར་པས། །མང་བཀུར་རྒྱལ་བོའི་གདུང་རབས་རྫོགས་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང༌། །གང་ཚེ་མུ་སྟེགས་རྫོགས་བྱེད་སོགས་ཀྱིས་ཡང་ཡང་ནན་གྱིས་ཞུས་པ་ལྟར། །རྒྱལ་བོ་གསལ་རྒྱལ་འཁོར་དང་བཅས་པས་མཉན་ཡོན་གནས་སུ་སྟ་གོན་གྱིས། །ཆོ་འཕྲུལ་འགྲན་པའི་ས་གཞི་ཡངས་པར་ཕྱག་དར་མཛད་ཅིང་མེ་ཏོག་བཀྲམ། །སེང་ཁྲི་བཤམས་ཏེ་ཁོར་ཡུག་གདུགས་དང་རྒྱལ་མཚན་བ་དན་དཀར་བོ་བཙུགས། །དེ་ནས་འགྲོ་བའི་ཕན་བདེའི་ཕྱིར་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚེ། །གསེར་གྱི་པདྨ་འདབ་མ་སྟོང་ལྡན་རིན་ཆེན་རྡོ་རྗེའི་ཟེ་བ་ཅན། །གློ་བུར་སྐྱེས་ལ་པདྨའི་སྙིང་བོར་བཅོམ་ལྡན་ཤཱཀྱ་ཐུབ་པ་བཞུགས། །དེ་ཡང་སངས་རྒྱས་ལྔ་བརྒྱར་གྱུར་པས་རེ་རེས་ཆོ་འཕྲུལ་སྣ་ཚོགས་སྟོན། །རེས་འགའ་སྐུ་ནི་ཆེ་བར་སྤྲུལ་བས་ཚངས་པའི་འཇིག་རྟེན་བར་དུ་མཐོ། །རེས་འགའ་གཟུགས་སྐུ་སྣང་བ་མེད་པར་གསུང་གིས་ཆོས་ཀྱི་འཁོར་ལོ་བསྐོར། །རེས་འགའ་སྐུ་ལས་འོད་ཟེར་འཕྲོས་པའི་གནམ་ས་བར་སྣང་ཐམས་ཅད་གང༌། །རེས་འགའ་མེ་དཔུང་ཆེན་པོ་སྤྲུལ་བས་སྲིད་པ་གསུམ་ཡང་ཚིག་སྙམ་བྱེད། །རེས་འགའ་ཡན་ལག་བརྒྱད་ལྡན་རྫིང་བུར་སྣ་ཚོགས་པདྨས་གང་བ་སྤྲུལ། །རེས་འགའ་ལྗོན་ཤིང་གསར་སྐྱེས་དག་ལ་མེ་ཏོག་འབྲས་བུས་གང་བ་སྤྲུལ། །རེས་འགའ་རི་བོ་ཆེན་པོ་དག་ལ་རིན་ཆེན་འོད་ཟེར་འབར་བ་སྤྲུལ། །གཞན་ཡང་ངོ་མཚར་ཆོ་འཕྲུལ་དུ་མས་ཐུབ་བསྟན་ལྷུན་པོ་ཕྱོགས་ལས་རྒྱལ། །མཐའ་གཉིས་སྤང་བའི་བསོད་སྙོམས་བསྟེན་ཅིང་འདོད་པ་ཆུང་ཞིང་ཆོག་ཤེས་པ། །དེ་ཉིད་འཕགས་པའི་རིགས་ལ་གནས་པས་མྱུར་དུ་སྲིད་ལས་གྲོལ་གྱུར་ཞིང༌། །རྙེད་དང་བཀུར་སྟི་ཆེ་ཆེར་མང་བ་དགེ་སྦྱོང་ཚུལ་ལ་བར་གཅོད་ཅེས། །སུམ་ཅུ་རྩ་གསུམ་ལྷ་ཡི་གནས་སུ་བཅོམ་ལྡན་འཁོར་བཅས་འབྱོན་པར་ཆས། །དེ་ཡང་རི་རབ་ལྷུན་པོའི་སྟེང་དུ་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག །གསེར་གྱི་ར་བས་ཡོངས་སུ་བསྐོར་ཞིང་རིན་ཆེན་སྣ་བཞིའི་མདའ་ཡབ་མཛེས། །ནང་གི་ས་གཞིར་ཚོན་བརྒྱའི་རི་མོ་དབང་བོའི་གཞུ་ལྟར་རྣམ་པར་བཀྲ། །སྟེང་དུ་མནན་ན་ནེམ་ཞེས་པ་དང་བཏེགས་ན་སྦར་ཞེས་ཤིན་ཏུ་མཉེན། །གྲོང་ཁྱེར་དེ་ཡི་ཕྱི་རོལ་ཕྱོགས་བཞིའི་དཔག་ཚད་ཉི་ཤུའི་ཕ་རོལ་ན། །ཤར་ན་ཤིང་རྟ་སྣ་ཚོགས་ཚལ་དང་ལྷོ་ན་ཤེས་པ་རྩུབས་འགྱུར་ཚལ། །ནུབ་ན་ལྷ་རྣམས་འདྲེས་པའི་ཚལ་དང་བྱང་ན་རབ་ཏུ་དགའ་བའི་ཚལ། །སྟེང་དུ་རང་བྱུང་ཆོས་ཀྱི་རྔ་ལས་བག་ཡོད་ཕྱག་རྒྱ་བཞི་སོགས་སྟོན། །གྲོང་ཁྱེར་བལྟ་ན་སྡུག་གི་ཕྱི་རོལ་ལྷོ་ནུབ་དཔག་ཚད་བཅུ་གཉིས་ན། །ཆོས་བཟང་ལྷ་ཡི་མདུན་ས་ཞེས་བྱ་ཆུ་ཞེང་དཔག་ཚད་སུམ་བརྒྱ་བ། །རིན་ཆེན་སྣ་བཞིས་ལན་ཀན་གྱིས་བསྐོར་ས་གཞི་རིན་ཆེན་ཤེལ་ལས་གྲུབ། །དབུས་སུ་བཻཌཱུརྱ་ཡི་ཀ་བ་ཟུར་བརྒྱད་ཤིན་ཏུ་གསལ་བའི་དྲུང༌། །དབང་པོ་དང་ནི་ཉེ་དབང་སོ་གཉིས་གསེར་ཁྲི་བཤམས་པར་དེ་རྣམས་ཀྱིས། །འཇིག་རྟེན་ལྷ་དང་མི་ཡི་བྱ་བ་ལེགས་ཉེས་གང་ཞེས་རྣམ་པར་དཔྱོད། །ཚེས་བརྒྱད་བཅུ་བཞི་བཅོ་ལྔ་དག་ལ་རྒྱལ་བོ་སྡེ་བཞིས་འཇིག་རྟེན་ཉུལ། །ལེགས་ཉེས་བྱེད་པ་དག་ལ་རིམ་བཞིན་བསྔགས་ཤིང་མི་མཐུན་བསྒྲོགས་པར་བྱེད། །བྱང་ཤར་མཚམས་ན་ཡོངས་འདུས་ཞེས་བྱའི་དཔག་བསམ་ལྗོན་པ་ཆེན་པོ་ནི། །ཡལ་ཀ་ལོ་འདབ་ཕྱོགས་སུ་རྒྱས་པས་ཁོར་ཡུག་དཔག་ཚད་ལྔ་བཅུར་ཁྱབ། །མེ་ཏོག་འབྲས་བུའི་དྲི་ངད་ལྡང་བས་རྒྱལ་བ་འཁོར་བཅས་མཆོད་པ་བཞིན། །དེ་ལས་མི་ཟད་འདོད་དགུ་འབྱུང་བ་ལྷ་ཡི་བསོད་ནམས་སྟོབས་ལས་བྱུང༌། །ཡོངས་འདུའི་དྲུང་ན་ལྭ་བ་དཀར་བོ་ལྟ་བུའི་རྡོ་ལེབ་ཅེས་བྱ་བ། །གྲུ་བཞི་ཆུ་ཞེང་དཔག་ཚད་ལྔ་བཅུ་ཁོར་ཡུག་དཔག་ཚད་ཉིས་བརྒྱ་བ། །འཕང་དུ་དཔག་ཚད་ཕྱེད་དང་དྲུག་ལྷག་བཻཌཱུརྱ་ཡི་ས་གཞི་ལ། །གསེར་གྱི་མིག་མང་རིས་སུ་བྲིས་ཤིང་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ། །ངོ་མཚར་འཆི་མེད་དབྱར་གྱི་ར་བ་མེ་ཏོག་ཕྲེང་བར་འཁྲིགས་པ་དེར། །ལེགས་བྱས་བསོད་ནམས་བརྒྱ་ལས་གྲུབ་པའི་རིན་ཆེན་གདན་ཁྲི་བཤམས་པ་སོགས། །ལྷ་དབང་བརྒྱ་བྱིན་འཁོར་དང་བཅས་པས་ཕེབས་བསུའི་སྟ་གོན་ཆེན་པོ་མཛད། །དེའི་ཚེ་འོད་ཀྱིས་ནམ་མཁའ་གང་བཞིན་སྟོབས་བཅུ་མངའ་བ་འཁོར་བཅས་བྱོན། །འཆི་མེད་བདུད་རྩི་ཟས་ལ་སོགས་པ་ངོ་མཚར་མཆོད་པས་མཉེས་པར་བྱས། །ཟླ་བ་གསུམ་དུ་དབྱར་གནས་ཞལ་གཞེས་ཐ་སྐར་ཉ་ལ་དགག་དབྱེ་མཛད། །ལྷའི་བུ་ནོར་བུ་དྲི་མ་མེད་སོགས་ལྷ་རྣམས་རང་རང་སྐལ་བ་བཞིན། །མདོ་རྒྱུད་ཆོས་ཀྱི་འཁོར་ལོ་བསྐོར་བས་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད། །དེ་ནས་ཉིན་ཞག་བདུན་གྱི་བར་དུ་འཐབ་བྲལ་ནས་བཟུང་འོག་མིན་བར། །འགྲོ་བའི་མགོན་པོ་དངོས་སུ་བྱོན་ཏེ་ཆོ་འཕྲུལ་གསུམ་གྱིས་འགྲོ་དོན་མཛད། །དེའི་ཚེ་ལྷ་ཡི་བཟོ་བོ་རྣམས་ཀྱིས་ལྷུན་པོའི་རྩེ་ནས་འཛམ་གླིང་དུ་གསེར་དངུལ་བཻཌཱུརྱ་ལས་གྲུབ་པའི་རིན་ཆེན་ཐེམ་སྐས་རྣམ་གསུམ་གཙུགས། ཚངས་པས་རྔ་ཡབ་དཀར་བོ་འཛིན་ཅིང་གཡས་པ་གསེར་གྱི་སྐས་ལས་འབེབས། སྤྱན་སྟོང་མངའ་བས་གདུགས་དཀར་འཛིན་ཅིང་གཡོན་པ་དངུལ་གྱི་སྐས་ལས་འབེབས། །དབུས་མ་བཻ་ཌཱུརྱ་ཡི་སྐས་ལ་ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །འདོད་གཟུགས་དཔག་མེད་ལྷ་ཡིས་བསྐོར་བཞིན་ཨུ་དུམ་ཝ་རའི་ཚལ་དུ་བྱོན། །དེའི་ཚེ་མཁའ་ལ་འཇའ་དང་འོད་ཀྱི་བཀྲ་ཤིས་རི་མོ་དཔལ་དུ་ཤར། །འཆི་མེད་བུ་དང་བུ་མོའི་ཚོགས་ཀྱིས་ཤིས་བརྗོད་མེ་ཏོག་གྲུ་ཆར་འབེབས། །དུང་དཀར་པི་ཝང་རྫ་རྔ་ལ་སོགས་རོལ་མོའི་དབྱངས་ཀྱིས་ཕྱོགས་ཆ་ཁྱབ། །སྒེག་སོགས་བཀྲ་ཤིས་ལྷ་མོ་རྣམས་ཀྱིས་བཅོམ་ལྡན་མཆོད་པའི་ལས་ལ་བརྩོན། །ཇི་ལྟར་སྐབས་གསུམ་དབང་བོ་དེ་ནི་ཉེ་དབང་ཚོགས་ཀྱིས་བསྐོར་བའམ། །གསེར་གྱི་རི་བོ་ཕྲེང་བ་བདུན་གྱིས་ལྷུན་པོ་ཡོངས་སུ་བསྐོར་བ་བཞིན། །དགྲ་བཅོམ་འཁོར་གྱིས་ཡོངས་སུ་བསྐོར་བའི་དྲང་སྲོང་དོན་ཀུན་གྲུབ་པ་དེས། །དཔག་མེད་འགྲོ་དོན་མཛད་པའི་ཚུལ་འདི་བསམ་གྱིན་སྙིང་ནས་ཕྱག་བགྱིའོ།། 
             རྗེ་ཡེ་ཤེས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ་ལས་བཤུས།

                                                                 རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།