ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-01 21:33:26     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

       

198195508230411227.jpg

 

        དེ་ནས་ཆོ་འཕྲུལ་ཆེན་པོ་བསྟན་པ་ནི། བསྟོད་པ་ལས། ཕན་བདེ་ཀུན་འབྱུང་འཇིགས་པ་ཀུན་ལས་སྐྱོབ། །དམ་ཆོས་འདི་བ་ཉིད་ལས་གཞན་མེད་ཅེས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོ་འཕྲུལ་གྱི། །མཛད་ཆེན་ཡང་དག་བསྟན་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ། །དེ་ཡང་བཅོམ་ལྡན་འདས་རྒྱལ་བོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་སངས་རྒྱས་དང་དགེ་འདུན་ལ་མཆོད་པས། མུ་སྟེགས་བྱེད་རྣམས་ཀྱི་བསོད་སྙོམས་དང་རྙེད་པ་ངན་པར་གྱུར་ཏོ། །དེར་བདུད་སྡིག་ཅན་གྱིས་བསམས་པ། ངས་ཡུན་རིང་བོ་ནས་གཽ་ཏ་མ་ལ་གླགས་བལྟས་ཀྱང་མ་རྙེད་དེ། ད་ནི་མུ་སྟེགས་ཅན་རྣམས་ལ་མཐོ་བརྩམ་མོ་སྙམ་ནས། འོད་སྲུངས་རྫོགས་བྱེད་ཀྱི་དྲུང་དུ་ཀུན་ཏུ་རྒྱུ་རྣག་ལྷས་ཀྱི་བུའི་གཟུགས་སུ་སྤྲུལ་ཏེ་སོང་ནས། མེ་འབར་བ་དང༌། འོད་འབྱིན་པ་དང༌། ཆར་འབབ་པ་ལ་སོགས་པའི་ཆོ་འཕྲུལ་བསྟན་ཏེ། གདན་ལ་འཁོད་ནས་དགའ་བ་དང་མགུ་བའི་གཏམ་བྱས་སོ། །དེ་བཞིན་དུ་མུ་སྟེགས་སྟོན་པ་དྲུག་ལས་གཞན་རྣམས་ཀྱི་གཟུགས་ཀྱིས་ཀྱང་རིམ་པས་འོངས་ནས་ཆོ་འཕྲུལ་བསྟན་ཏོ། །དེའི་ཚེ་རྫོགས་བྱེད་ཀྱིས་བསམས་པ། ཀྱེ་མ་བདག་གཅིག་བུ་ཉམས་ཆུང་བར་ཟད་དེ། གཞན་འདི་རྣམས་ནི་མཐུ་ཆེ་བ། རྫུ་འཕྲུལ་ཆེ་བའོ་སྙམ། དེ་བཞིན་དུ་གཞན་ལྔ་བོའི་སར་ཡང་ཆོ་འཕྲུལ་དེ་ཁོ་ན་འདྲ་བར་བསྟན་པས། སྟོན་པ་དྲུག་པོ་སོ་སོ་ནས་བདག་གཅིག་བུ་ཉམས་ཆུང་གི གཞན་རྣམས་རྫུ་འཕྲུལ་ཆེའོ་སྙམ་མོ། །

        དེ་ནས་དུས་གཞན་ཞིག་ན་སྟོན་པ་དྲུག་ལྷན་ཅིག་ཏུ་འདུས་པའི་སྐབས་ཤིག འདི་སྐད་ཅེས་གྲོས་གླེང་ངོ༌། །ཤེས་ལྡན་དག་སྔོན་ནི་རྒྱལ་བོ་ལ་སོགས་པ་ཐམས་ཅད་བདག་ཅག་ལ་བཀུར་བསྟིར་བྱེད་པ་ཡིན་ན། ད་ནི་གཽ་ཏ་མ་ལ་བྱེད་ཀྱི་བདག་ཅག་ལ་མ་ཡིན་པས། དགེ་སྦྱོང་གཽ་ཏ་མ་འདི་བདག་ཅག་གིས་མིའི་ཆོས་བླ་མའི་ཆོ་འཕྲུལ་འགྲན་པའི་ཕྱིར་བཀུག་སྟེ། དེས་རྫུ་འཕྲུལ་གཅིག་སྟོན་ན་བདག་ཅག་གིས་གཉིས་སྟོན་པ་ལ་སོགས་པ་ཉིས་འགྱུར་གྱིས་ལྷག་པ་བསྟན་པར་བྱའོ། །ཞེས་སོ། །དེ་ནས་དེ་དག་རྒྱལ་བོ་གཟུགས་ཅན་སྙིང་བོའི་དྲུང་དུ་སོང་སྟེ། རྒྱལ་བོ་དང་ཚེ་སྤེལ་བ་བྱས་ནས། ལྷ་བདག་ཅག་ཀྱང་རྫུ་འཕྲུལ་དང་ཡེ་ཤེས་ཅན་དུ་སྨྲ། གཽ་ཏ་མ་ཡང་རྫུ་འཕྲུལ་དང་ཡེ་ཤེས་ཅན་དུ་སྨྲ་བ་ལགས་ན། བདག་ཅག་ལྷན་ཅིག་རྫུ་འཕྲུལ་སྟོན་དུ་ཆུག་ཅིག །བདག་ཅག་ལམ་ཕྱེད་དུ་འགྲོ་ལ། གཽ་ཏ་མ་ཡང་ལམ་ཕྱེད་དུ་ཁུག་ཅིག་ཟེར། རྒྱལ་བོས་འདི་སྐད་དུ། ཀྱེ་རོ་དང་འདྲ་བ་ཁྱེད་རྣམས་ཀྱིས་ཀྱང༌། སངས་རྒྱས་ལ་རྫུ་འཕྲུལ་འགྲན་ནམ། ཞེས་སྨྲས་སོ། །དེ་ནས་སྟོན་པ་དྲུག་ཕྱིར་སོང་ངོ༌། །

        ཡང་ལན་ཅིག་རྒྱལ་བོ་གཟུགས་ཅན་སྙིང་པོ་སངས་རྒྱས་ལ་ཕྱག་འཚལ་བར་འགྲོ་བའི་ལམ་དུ། སྟོན་པ་དྲུག་སོང་ནས་སྔར་ལྟར་སྨྲས་པས། རྒྱལ་བོས། དོན་འདི་ལ་ཁྱེད་རྣམས་ང་ལ་ལན་གསུམ་གྱི་བར་དུ་ཟེར་ན། ཁྱེད་རྣམས་སྤྱུགས་ཏེ་བཏང་ངོ་ཞེས་པས། དེ་དག་ཕྱོགས་དེ་ནས་སོང་སྟེ། རྒྱལ་བོ་འདི་ནི་གཽ་ཏ་མའི་ཕྱོགས་བྱེད་ཀྱི། མཉན་ཡོད་ཀྱི་རྒྱལ་བོ་གསལ་རྒྱལ་ནི་གཟུའོ་ཞེས་ཐོས་ན། དུས་ལན་ཅིག་དེར་འགྲོ་བར་བྱའོ་ཟེར། དེ་ནས་དུས་གཞན་ཞིག་ན། བཅོམ་ལྡན་འདས་རྒྱལ་བོའི་ཁབ་ནས་མཉན་ཡོད་དུ་ལྗོངས་རྒྱུ་ཞིང་གཤེགས་ཏེ་རྒྱལ་བྱེད་ཚལ་དུ་བྱོན་ནོ། །དེའི་རྗེས་ཉིད་ནས་སྟོན་པ་དྲུག་པོ་ཡང་སོང་སྟེ། རྒྱལ་བོ་གསལ་རྒྱལ་གྱི་ཐད་དུ་ཕྱིན་ནས་སྔར་བཞིན་བརྗོད་པས། རྒྱལ་བོས། དེ་ལྟར་ན་བདག་གིས་བཅོམ་ལྡན་འདས་ལ་ཞུས་ཏེ་བྱ་ཡི་རེ་ཞིག་སྡོད་ཅིག་ཅེས་སོ། །དེ་ནས་རྒྱལ་བོ་གསལ་རྒྱལ་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ནས། ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ལ། མུ་སྟེགས་ཅན་རྣམས་འདི་སྐད་ཅེས་མཆིད་ན། རྫུ་འཕྲུལ་བསྟན་དུ་གསོལ། ཅེས་སོགས་ཞུས་སོ། །བཀའ་བསྩལ་བ། རྒྱལ་བོ། ང་ནི་དགེ་སློང་རྣམས་ལ་ཡང༌། ཁྱིམ་པ་ལ་རྫུ་འཕྲུལ་སྟོན་ཅིག་ཅེས་མི་ཟེར་གྱི། དགེ་བ་ནི་མ་སྤྱོམས་ཤིག སྡིག་པ་ནི་གཤོགས་ཤིག ཅེས་སྟོན་ནོ། །ལན་གཉིས་སུ་ཞུས་ཀྱང་དེ་སྐད་གསུང་བ་ལ། ལན་གསུམ་པ་གསོལ་བ་བཏབ་པས། ཞག་བདུན་ནས་དུས་ལ་བབ་པར་མཁྱེན་ནས་དེ་བཞིན་དུ་བཀའ་བསྩལ་ཏོ། །རྒྱལ་བོས་མུ་སྟེགས་པ་དེ་དག་ལ། སྟོན་པས་ཞག་བདུན་ནས་ཆོ་འཕྲུལ་སྟོན་པར་འགྱུར་གྱི། ཁྱེད་ཅག་ལ་བཤམ་དགོས་པ་ཅི་ཡོད་པ་གྱིས་ཤིག་བྱས་པས་དེར་མུ་སྟེགས་རྣམས་ཀྱིས་བགྲོས་པ། གཽ་ཏ་མ་ད་ལྟ་ཆོ་འཕྲུལ་མི་སྟོན་པར་ཞག་བདུན་གྱི་དུས་འདེབས་པ་འདི་ནི། ཡང་ན་ནི་གཽ་ཏ་མ་འབྲོས། ཡང་ན་ནི་གྲོགས་འཚོལ་བ་ཡིན། གལ་ཏེ་བྲོས་ན་ནི་དེར་ཟད་ལ། རེ་ཞིག་བདག་ཅག་ཀྱང་གྲོགས་བཙལ་བར་བྱའོ་ཞེས་གླེང་ནས། ཕྱོགས་འཚོལ་བའི་ཕྱིར་ཐམས་ཅད་སོ་སོར་བཀྲམ་སྟེ་སོང་ངོ༌། །དེ་ནས་དེ་དག་གྲོང་ཁྱེར་རྩ་ཅན་ཀུ་ཤའི་གྲོང་དུ་ཀུན་ཏུ་རྒྱུ་རབ་བཟང་ཅན་དུ་སོང་བ་ན། བདག་ཅག་གིས་དགེ་སྦྱོང་གཽ་ཏ་མ་ཆོ་འཕྲུལ་འགྲན་པའི་ཕྱིར་བོས་ཀྱི། ཁྱེད་ཀྱིས་གྲོགས་གྱིས་ཤིག་ཅེས་པས། དེས་སྨྲས་པ། དེ་ནི་མ་ལེགས་ཏེ། དགེ་སྦྱོང་དེ་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བའོ། །ང་སྔོན་དལ་གྱིས་འབབ་པའི་མཆོ་འགྲམ་ན་ཉིན་མོ་གནས་ཤིང༌། བསོད་སྙོམས་བླངས་ཏེ་མཚོ་མ་དྲོས་པའི་འགྲམ་དུ་ཟ་བའི་ཚེ། དེར་གནས་པའི་ལྷས་ཆུ་བཅུས་ཏེ་སྟེར་རོ། །གཽ་ཏ་མའི་སློབ་མའི་ཡང་སློབ་མ་དགེ་ཚུལ་སྐུལ་བྱེད་ཀྱིས་ཕྱག་དར་ཁྲོད་ཀྱི་གོས་མ་དྲོས་པའི་འགྲམ་དུ་འཁྲུད་པ་ན། དེ་ན་གནས་པའི་ལྷ་རྣམས་ཀྱིས་ཁྲུས་ཁུ་བླངས་ནས་ལྷ་རང་རང་གི་མགོ་བོར་འདེབས་སོ། །དེའི་ཆོ་འཕྲུལ་གྱིས་ང་ཡང་ཕམ་པར་བྱས་ན། བདག་ཅག་གི་མཁན་པོ་རྣམས་དང་ཡང་མི་མཉམ་མོ། །ཞེས་སྨྲས་པས། འདི་ཡང་གཽ་ཏ་མའི་ཕྱོགས་སོ་སྙམ་སྟེ་དེ་ནས་ནགས་ཚལ་ཅིག་ན་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ལྔ་བརྒྱ་ཡོད་དེ། དེ་རྣམས་ལ་གྲོགས་གྱིས་ཤིག་བྱས་པས། དེ་དག་གིས་ཀྱང་གྲོགས་བྱ་བར་ཁས་བླངས་ཏེ། ནམ་རན་པའི་དུས་ན་བརྡ་ཐོངས་ཤིག་ཅེས་སྨྲས་སོ། །དེ་ནས་མུ་སྟེགས་རྣམས་རབ་ཏུ་མགུ་སྟེ་སོང་ངོ༌། །དེ་དག་གི་ཚེ་རྒྱལ་བོ་གསལ་རྒྱལ་གྱིས་མཉན་ཡོད་ནས་རྒྱལ་བྱེད་ཚལ་གྱི་བར་དུ་ཆོ་འཕྲུལ་གྱི་ཁང་བ་ཆེན་པོ་ལྷའི་ཁང་བཟང་དང་རྗེས་སུ་མཐུན་པར་བྱས་ཤིང༌། བཞུགས་ཁྲི་གསེར་ལས་གྲུབ་པ་རིན་པོ་ཆེ་དུ་མས་སྤྲས་པ་ཡང་བཤམས་སོ། །སྟོན་པ་དྲུག་པོའི་ཕྱོགས་འཛིན་པ་རྣམས་ཀྱིས་ཀྱང་རང་རང་གི་འབྱོར་བ་དང་བསྟུན་པའི་ཆོ་འཕྲུལ་གྱི་ཁང་བ་དྲུག་རྒྱན་གྱིས་བརྒྱན་ཅིང༌། གདན་ཁྲི་དྲུག་ཀྱང་བཤམས་སོ། །དེ་ནས་ཉིན་ཞག་བརྒྱད་པ་ལ་མུ་སྟེགས་ཅན་རྣམས་རང་རང་གི་འཁོར་གྱིས་བསྐོར་ནས། ཤིན་ཏུ་སྔ་བར་འོངས་ཏེ་རྒྱལ་བོ་ལ། བདག་ཅག་ནི་འདིར་མཆིས་ལགས་ན། དགེ་སྦྱོང་གཽ་ཏ་མ་དགུག་ཏུ་གསོལ། ཞེས་ཕོ་ཉ་བཏང་བས། རྒྱལ་བོ་འཁོར་དང་བཅས་པ་མདུན་ཁང་དུ་སོང་སྟེ་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་སྤྱན་འདྲེན་དུ་བཏང་ངོ༌། །དེ་ལ་སྟོན་པས་ཁྱོད་སོངས་ཤིག་ང་འོང་ངོ༌། །ཞེས་གསུངས་ནས། བྲམ་ཟེ་བླ་མ་ཚུར་འོངས་པའི་ཚེ། བཅོམ་ལྡན་འདས་བྱ་ངང་པའི་རྒྱལ་བོ་ལྟར་ནམ་མཁའི་དཀྱིལ་དུ་འཕགས་ནས། ཆོ་འཕྲུལ་གྱི་ཁང་བའི་མདུན་ཁང་དུ་གཤེགས་སོ། །སྐྱེ་བོ་ཐམས་ཅད་ཀྱིས་དེ་མཐོང་ནས་ངོ་མཚར་བའི་སྒྲ་འབྱིན་ཞིང༌། རྒྱལ་བོས། སྟོན་པ་དྲུག་ལ་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་བསྟན་ཟིན་གྱི། ཁྱེད་རྣམས་ཀྱིས་སྟོན་ཅིག་ཅེས་སོ། །དེའི་ཚེ་ཕྱིར་མི་འོང་གཞོན་ནུ་ནག་པོས། རི་སྤོས་ངད་ལྡན་ནས་ཨ་མྲ་སྡོང་བོ་ཡལ་ག་ལོ་འབྲས་རྒྱས་པ་བྱ་སྣ་ཚོགས་སྐད་འབྱིན་པས་བརྒྱན་པ་ཞིག་ཆོ་འཕྲུལ་གྱི་ཁང་བའི་བྱང་ཕྱོགས་སུ་བཞག་གོ །དེ་བཞིན་དུ་ཁྱིམ་བདག་ངན་ལེགས་སྦྱིན་ཞེས་བྱ་བ་ཕྱིར་མི་འོང་ཐོབ་པ་ཞིག་གིས་ཀྱང༌། སུམ་ཅུ་རྩ་གསུམ་ནས་ལྷའི་ཤིང་གི་ཡལ་ག་བླངས་ནས་ལྷོ་ཕྱོགས་སུ་བཞག་གོ །དེ་དག་ལ་ཡང་རྒྱལ་བོས་སྔར་བཞིན་བརྗོད་པས། མུ་སྟེགས་པ་དག་ན་རེ། ཆོ་འཕྲུལ་དེ་གཽ་ཏ་མའི་ཡིན་ནམ། བདག་ཅག་གི་ཡིན་སུས་ཤེས་ཞེས་ཅི་བརྟོལ་སྨྲ་བར་བྱེད་དོ། །

        དེ་ཡང་བཅོམ་ལྡན་འདས་ཀྱིས་ཞག་བདུན་གྱི་དུས་འདེབས་པ་ནི། ཆོ་འཕྲུལ་ཆེན་པོ་བསྟན་པའི་གདུལ་བྱ་རྣམས་འདུལ་བར་འགྱུར་བའི་དུས་ལ་དགོངས་པ་སྟེ། དེའི་ཆོ་འཕྲུལ་ཆེན་པོ་བལྟ་བར་འདོད་པ་མི་དཔག་ཏུ་མེད་པ་ཡང་འདུས། ལྷ་དང༌། ཀླུ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། དྲི་ཟ་དང༌། གྲུལ་བུམ་དང༌། མི་འམ་ཅི་དང༌། འབྱུང་བོ་གྲངས་མེད་པ་དག་ཀྱང་འདུས་པར་མཁྱེན་ནས། སྟོན་པའི་ཞབས་བཀྲུས་ཏེ་མདུན་ཁང་གི་ནང་དུ་གཤེགས་ནས། མེའི་ཁམས་ལ་སྙོམས་པར་ཞུགས་པས། སྒོ་འཕར་གྱི་གསེབ་ནས་མེ་འོད་བྱུང་ཞིང༌། དེ་ལས་མཆེད་པ་བཞིན་དུ་ཆོ་འཕྲུལ་གྱི་ཁང་བའི་ཕྱི་ནང་ཐམས་ཅད་མེ་དཔུང་དུ་འབར་བར་གྱུར་པ་ན། ཆོ་འཕྲུལ་གྱི་ཁང་བ་མེ་ཡིས་ཚིག་གོ་སྙམས་ནས་མུ་སྟེགས་ཅན་རྣམས་རབ་ཏུ་དགའ་ཞིང༌། གཽ་ཏ་མ་མཐུ་དང་ལྡན་ན། མེ་འདི་ཞི་བར་གྱིས་ཤིག་ཅེས་ཟེར་རོ། །དེ་མ་ཐག་མེ་ལྕེའི་ཆོ་འཕྲུལ་བསྡུས་པ་ན། མདུན་ཁང་སྔར་བས་ཀྱང་གསལ་ཞིང་མཛེས་ལ་དྲི་མ་མེད་པར་སྣང་ངོ༌། །དེ་ནས་རྒྱལ་བོ་གསལ་རྒྱལ་གྱིས། སྟོན་པ་དྲུག་ལ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་ཟིན་གྱི། ད་ཁྱེད་རྣམས་ཀྱི་རེས་ལ་བབ་པོ་བྱས་པས། དེ་དག་སྤོབས་པ་མེད་དེ་ཅང་མི་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཡས་པས་དྲི་གཙང་ཁང་གི་ས་ལ་བསྣུན་པས་རྣམ་པ་དྲུག་ཏུ་གཡོས་པ་ན། སྔར་སྟོན་པ་དྲུག་གིས་ཕྱོགས་བཙལ་བའི་དྲང་སྲོང་ལྔ་བརྒྱ་གངས་རི་དང་ཉེ་བའི་ནགས་ཁྲོད་ན་གནས་པ་དེ་རྣམས་ཀྱིས། ས་གཡོས་པ་དེ་སྟོན་པ་དྲུག་གིས་བརྡ་བཏང་བ་ཡིན་ནོ་སྙམ་སྟེ། ནམ་མཁའི་ལམ་ནས་འཕུར་ཞིང་འོངས་པ་ན། བཅོམ་ལྡན་འདས་ཀྱི་སྣང་བའི་འོད་ཟེར་ཆེན་པོ་བཀྱེ་བ་ལ་བསྟད་དེ་འོངས་པས། སངས་རྒྱས་ཀྱི་སྐུ་མཐོང་བ་ཙམ་གྱིས་ཤིན་ཏུ་དད་དེ། ས་ལ་བབས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་འདུག་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་བདེན་པ་མཐོང་ཞིང༌། དེ་ནས་རབ་ཏུ་བྱུང་བར་གསོལ་བ་བཏབ་པ་ལ་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ། ཐམས་ཅད་ཀྱང་དེ་ཉིད་དུ་དགྲ་བཅོམ་པ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་དགྲ་བཅོམ་པ་གསར་བ་ལྔ་བརྒྱ་བོས་ཀྱང་བསྐོར་ཏེ། ཆོ་འཕྲུལ་གྱི་མདུན་ཁང་གི་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་འཁོར་དཔག་ཏུ་མེད་པའི་དབུས་སུ་རྒྱལ་བོ་གསལ་རྒྱལ་ལ་བཀའ་སྩལ་བ། རྒྱལ་བོ་ཆེན་པོ། ང་ལ་མུ་སྟེགས་ཅན་དང་ལྷན་ཅིག་ཆོ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་དེ་སུ་ཡིན། རྒྱལ་བོ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་བདག་ལགས་ཏེ་བསྟན་དུ་གསོལ། སྐྱེ་དགུ་ཀུན་ལ་ཕན་པ་དང་བདེ་བའི་ཕྱིར་དུ་བསྟན་དུ་གསོལ་ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཁྲི་ལས་མི་སྣང་བར་གྱུར་ནས། ཕྱོགས་བཞིའི་ནམ་མཁའ་ལ་སྤྱོད་ལམ་བཞི་མཛད་པ་དང༌། མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་འོད་ཟེར་དྲུག་འབྱེད་པ་དང༌། མེ་འབར་ཞིང་ཆུ་འཁྲུག་པ་སོགས་ཡ་མ་ཟུང་གི་ཆོ་འཕྲུལ་དང༌། གཞན་ཡང་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་དུ་མ་བསྟན་ནས་སེང་གེའི་ཁྲི་ལ་བཞུགས་ནས། རྫུ་འཕྲུལ་འདི་ནི་ཉན་ཐོས་རྣམས་དང་ཐུན་མོང་བ་ཡིན་ནོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་བཞིན་གཤེགས་པ་ལ་བླ་ན་མེད་པའི་ཆོ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་དེ་སུ་ཡིན། རྒྱལ་བོས་སྔར་བཞིན་གསོལ་བས། བཅོམ་ལྡན་འདས་ཀྱི་ཕྱག་གཡས་པ་ས་ལ་རེག་པར་མཛད་པས། ས་འོག་ནས་ཀླུ་རྣམས་ཀྱིས་ཕུལ་བའི་གསེར་གྱི་པདྨ་ཤིང་རྟའི་འཕང་ལོ་ཙམ་འདབ་མ་སྟོང་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་པའི་ཆུ་བ་དང་རྡོ་རྗེའི་ཟེ་བ་ཅན་ཞིག་ས་བརྟོལ་ནས་བྱུང་སྟེ། པདྨ་དེའི་སྙིང་བོ་ལ་བཅོམ་ལྡན་འདས་ཉིད་བཞུགས་སོ། །པདྨའི་སྡོང་བོ་ཡང་ཤིན་ཏུ་ཆེ་བར་གྱུར་ཏེ། འོག་མིན་གྱི་བར་དུ་ཁྱབ་པ་ལས། གཡས་གཡོན་སོགས་ཕྱོགས་ཀུན་ཏུ་རབ་ཏུ་རྒྱས་ནས། པདྨ་ཆེན་པོ་ལྔ་བརྒྱར་གྱུར་པ་ལ། སྤྲུལ་བའི་སངས་རྒྱས་ལྔ་བརྒྱ་བཞུགས་སོ། །དེ་ལ་སངས་རྒྱས་འགའ་ཞིག་གིས་ནི་མེ་འབར་བར་མཛད། ལ་ལ་ནི་འོད་གསལ་བར་མཛད། གཞན་དག་ནི་ཆར་འབེབས། འགའ་ཞིག་ནི་གློག་འབྱིན། དེ་བཞིན་དུ་ཀུན་ཤེས་པར་ལུང་སྟོན་པ་དང༌། ཞུ་བ་ཞུས་པ་དང༌། ལན་འདེབས་པ་དང༌། འཆག་པ་དང༌། བཞུགས་པ་དང༌། བཞེངས་པ་དང༌། གཟིམ་ལ་སོགས་པ་མཛད་པ་ཐ་དད་པ་དང༌། ཆོ་འཕྲུལ་ཐ་དད་པ་དཔག་ཏུ་མེད་པ་ཞིག་བསྟན་ཏེ། བྱིས་པ་གཞོན་ནུ་ཚུན་ཆད་དང༌། སྲོག་ཆགས་ཕྲ་མོ་ཚུན་ཆད་ཀྱིས་མཐོང་བར་བྱིན་གྱིས་བརླབས་སོ། །དེར་རྒྱལ་བོ་ལ་སོགས་པ་སྐྱེ་བོ་འབུམ་ཕྲག་དུ་མ་དག་དང༌། ནམ་མཁའ་ལ་ལྷ་འབུམ་ཕྲག་དུ་མ་གནས་པ་རྣམས་མིག་མི་འཛུམ་པར་བལྟ་ཞིང་བསྟོད་དབྱངས་བྱེད། རྔ་བོ་ཆེ་བརྡུང་ཞིང་རོལ་མོ་སྣ་ཚོགས་འཁྲོལ། ལ་ལ་གླུ་ལེན་ཞིང༌། ལ་ལ་གར་བྱེད། ལྷ་རྣམས་ཀྱིས་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་འཐོར་བར་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས། བརྩམས་པར་བྱ་ཞིང་དབྱུང་བར་བྱ། ཞེས་སོགས་གསུངས་ཤིང༌། སྤྲུལ་བའི་སངས་རྒྱས་རྣམས་ཀྱིས་ཅིག་ཅར་དུ། ཇི་སྲིད་ཉི་མ་ཤར་བ། །དེ་སྲིད་སྲིན་བུ་མེ་ཁྱེར་གསལ། །མཁའ་ལ་ཉི་མ་མ་ཤར་བ་ན། །མོག་མོག་པོར་གྱུར་གསལ་མི་འགྱུར། །ཇི་སྲིད་དེ་བཞིན་གཤེགས་མ་བྱུང༌། །རྟོག་གེ་བ་རྣམས་སྔོན་གསལ་ཏེ། །རྫོགས་པའི་སངས་རྒྱས་འཇིག་རྟེན་སྣང༌། །རྟོག་གེ་མི་གསལ་དེའི་སློབ་མིན། །ཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ཆོ་འཕྲུལ་ཆེན་པོ་མི་སྣང་བར་འགྱུར་གྱི། མཚན་མ་ཟུངས་ཤིག ཅེས་བཀའ་བསྩལ། དགེ་སློང་རྣམས་ཀྱིས་ཆོ་འཕྲུལ་ཆེན་པོའི་མཚན་མ་ཐུགས་ལ་བཟུང་བས། དེ་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་བོས་མུ་སྟེགས་བྱེད་རྣམས་ལ། ད་ནི་ཁྱེད་རྣམས་ཀྱི་རེས་ལ་བབ་པས་རྫུ་འཕྲུལ་སྟོན་ཅིག་ཅེས་ལན་གསུམ་དུ་བསྐུལ་བས། དེ་དག་གིས་གཅིག་གིས་གཅིག་ལ་གྲུ་སུག་རེ་བྱེད་ཅིང༌། ཡུལ་ཡུལ་བོར་གྱུར་ལ། སེམས་ཞུམ་ཞིང་ཁོངས་སུ་ཆུད་ནས་གདོང་སྨད་དེ་འདུག་གོ །

        དེའི་ཚེ་གནོད་སྦྱིན་ལག་ན་རྡོ་རྗེས། བླུན་པོ་འདི་རྣམས་ཡུན་རིང་བོ་ནས་བཅོམ་ལྡན་འདས་ལ་མཐོ་མཚམས་པས། འདི་རྣམས་འབྲོས་པར་འགྱུར་བའི་ཐབས་བྱའོ་ཞེས་ཏེ། ཉེ་འཁོར་གཞན་གང་ལའང་མེད་པར་མུ་སྟེགས་པ་དེ་རྣམས་གང་དུ་འདུག་པ་དང༌། གང་དུ་སོང་སར་ཆར་རླུང་དྲག་པོ་མི་བཟད་པ་བཏང་བ་དང༌། རྡོ་རྗེ་མེ་འབར་བ་ཐོགས་པའི་གནོད་སྦྱིན་མི་བཟད་པས་ཕྱི་བསྙེགས་བྱེད་པར་མཐོང་ནས། ཤིན་ཏུ་བྲེད་དེ་ཕྱོགས་སུ་བྲོས་སོ། །རྣག་ལྷས་ཀྱི་བུ་ལ་སོགས་པ་ནི་རི་ཕུག་ཏུའོ། །རྒྱལ་བ་ཅན་ལ་སོགས་པ་ནི་རྩ་ཚང་ཚིང་དུའོ། །མི་ཕམ་ལ་སོགས་པ་ནི་ནགས་ཐིབས་པོར་རོ། །ནོག་ཅན་ནི་མདུན་ཁང་དུའོ། །གཉེན་གྱི་བུ་ནི་མགྲོན་ཁང་དུ་བཞུགས་སོ། །རྫོགས་བྱེད་ནི། རྫིང་འགྲམ་ཞིག་ཏུ་སོང་ནས་རྫིང་བུ་ཟབ་མོ་དེར་མཆོངས་ཏེ་དུས་ལས་འདས་སོ། །དེའི་སློབ་མ་དག་ཕྱི་བཞིན་བཙལ་དུ་སོང་ནས་རྫིང་བུ་དེ་དང་ཉེ་བར་སླེབ་པ་ན། བུ་མོ་ཞིག་དང་ཕྲད་དེ་དེ་ལ་དྲིས་པས། བུ་མོ་ན་རེ། ངན་སོང་སེམས་ཅན་དམྱལ་བ་པ། །ལག་པ་བརྐྱངས་ནས་འགྲོ་བ་ཡི། །རྫོགས་བྱེད་དེ་ནི་ཆུས་གཡེངས་ཏེ། །རྐང་ལག་སྐྱ་བོར་གྱུར་ཅིང་འདུག །ཅེས་ཟེར། དེ་དག་ཅང་མི་སྨྲ་བར་རྫིང་འགྲམ་དུ་ཕྱིན་པས། རྫོགས་བྱེད་དེ་ལྟར་ཤི་བ་མཐོང་སྟེ། དེ་ལ་ཡིད་བརྟོན་པའི་སློབ་མ་འགའ་ཞིག་ཀྱང་རྫིང་དེར་མཆོངས་ནས་ཤིའོ། །སྟོན་པས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ཀུན་དགའ་ར་བ་ལྗོན་ཤིང་དང༌། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །ཞེས་སོགས་གསུངས། དེར་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ལ་དམ་པའི་ཆོས་རྒྱ་ཆེར་གསུངས་པས། མུ་སྟེགས་བྱེད་ཁྲི་ཕྲག་དགུས་བདེན་པ་མཐོང་ཞིང༌། གཞན་སྐྱེ་བོ་དཔག་ཏུ་མེད་པ་ཞིག་འབྲས་བུ་བཞི་ཐོབ་པ་དང༌། སེམས་བསྐྱེད་པ་དང༌། དཀོན་མཆོག་གསུམ་ལ་དད་པ་ལ་བཀོད་དོ། །འདི་ནི་འདུལ་བ་ལུང་ལས་གསུངས་པ་ལྟར། ཚེས་བརྒྱད་ཀྱི་ཉིན་གཅིག་བུའི་ཆོ་འཕྲུལ་ཆེན་པོའི་མཛད་བའོ། །ཐེག་ཆེན་གྱི་མདོ་ལས་དཔྱིད་ཟླ་ར་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ཉིན་བཅོ་ལྔ་ལ་ཆོ་འཕྲུལ་ཆེན་པོ་བསྟན་པར་གསུངས་ལ། ཚེས་བརྒྱད་ནས་བཟུང་སྟེ་འགྲན་ཟླ་བྲལ་བའི་ཆོ་འཕྲུལ་ཞེས་གྲགས་སོ། །

        དེ་ཡང་འདི་ལྟར། བཅོམ་ལྡན་འདས་དགུང་གྲངས་ང་དྲུག་པ་ཤིང་ཡོས་ལ་འཁོར་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་འདུན་དང་བཅས་པ་རྒྱལ་བོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ། མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང༌། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ། སྨྲ་འདོད་ཀྱི་བུ་ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་ལྭ་བ་ཅན། ཀ་ཏའི་བུ་ནོག་ཅན། གཅེར་བུ་པ་གཉེན་གྱི་བུ་སྟེ་དྲུག་པོ་དེ་དག་ཀྱང་དེར་གནས་པ་ལས། རྒྱལ་བོ་དང་བློན་པོ་དང་ཁྱིམ་བདག་དང་ཡུལ་མི་རྣམས་རིམ་གྱིས་སངས་རྒྱས་འཁོར་བཅས་ལ་དད་དེ་བསྙེན་བཀུར་ཞུ་བ་ཇེ་མང་དང༌། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་བསྙེན་བཀུར་བྱེད་པ་ཇེ་ཉུང་དུ་སོང་བས། སྟོན་པ་དྲུག་རྒྱལ་བོ་གཟུགས་ཅན་སྙིང་བོའི་དྲུང་དུ་སོང་སྟེ། བདག་ཅག་སངས་རྒྱས་དང་ཆོ་འཕྲུལ་འགྲན་དུ་ཆུག་ཅིག ཅེས་ཞུས་པར་རྒྱལ་བོས་བཟློག་ཀྱང་མ་ཉན་པས་སངས་རྒྱས་ལ་ཞུས་པ་ན། ང་ཉིད་དུས་མཁྱེན་ནོ་ཞེས་གསུངས། སྟོན་པ་འཁོར་བཅས་ཡུལ་ཡངས་པ་ཅན་དང༌། ཀོའུ་ཤམྦི། ཝ་ར་གྱི། ཐིག་ཆ་ཤི་རི། ཝ་ར་ཎ་སི། སེར་སྐྱའི་གྲོང་ཁྱེར་རྣམས་སུ་རིམ་པ་བཞིན་བྱོན་པའི་མཐར་མཉན་ཡོད་དུ་ཕེབས། སྟོན་པ་དྲུག་འཁོར་བཅས་དང༌། རྒྱལ་བོ་གཟུགས་ཅན་སྙིང་པོ་འཁོར་བཅས། ལི་ཙ་བྱི་འཁོར་བཅས། རྒྱལ་པོ་ཨུ་ཏྲ་ཡན་འཁོར་བཅས། རྒྱལ་པོ་ཤུན་རྩི་ད་ལ་འཁོར་བཅས། རྒྱལ་ཨིནྡྲ་ཝརྨི་འཁོར་བཅས། རྒྱལ་བོ་ཚངས་བྱིན་འཁོར་བཅས། ཤཱཀྱའི་འཁོར་མང་པོ་དང་བཅས་པ་རྣམས་ཀྱང་སངས་རྒྱས་ཀྱི་རྗེས་སུ་འབྲངས་ཏེ་དགུན་ཟླ་ཐ་ཆུང་ལ་མཉན་ཡོད་དུ་འཚོགས། མུ་སྟེགས་ཀྱི་སྟོན་པ་དྲུག་རྒྱལ་བོ་གསལ་རྒྱལ་གྱི་དྲུང་དུ་སོང་སྟེ། དགེ་སྦྱོང་གོའུ་ཏ་མ་དང་བདག་ཅག་ཆོ་འཕྲུལ་འགྲན་པར་དུས་བྱས་པ་ལས། དུས་ལ་བབ་པ་ན་བྱོལ་ཞིང་བྲོས་སོ། །ད་ནི་འཁོར་མང་བོ་ཡང་རྒྱལ་བོའི་ཡུལ་དུ་འཚོགས་ཀྱི་རྒྱལ་བོ་ཆེན་པོས་བདག་ཅག་ཆོ་འཕྲུལ་འགྲན་དུ་ཆུག་ཅིག ཅེས་ཞུས་པ་ན། རྒྱལ་བོས་བཟློག་ཀྱང་མ་ཉན་པས། རྒྱལ་བོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ། སྟོན་པ་དྲུག་གིས་ཆོ་འཕྲུལ་འགྲན་པར་ཡང་ཡང་བསྐུལ་བར་འདུག་པས། བཅོམ་ལྡན་འདས་ཀྱིས་འདི་དག་ཆོ་འཕྲུལ་གྱིས་ཚར་གཅད་དུ་གསོལ། ཅེས་ཞུས་པས་བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ནོ་ཞེས་བཀའ་བསྩལ་པ་དང༌། རྒྱལ་བོ་གསལ་རྒྱལ་འཁོར་བཅས་ཀྱིས། ཆོ་འཕྲུལ་འགྲན་པའི་གནས་ཡངས་ཤིང་མཉམ་པར་ཕྱག་བདར་དང༌། མེ་ཏོག་དང༌། སྤོས་ལ་སོགས་མཆོད་རྫས་ཀྱི་བཀོད་པ་མང་དུ་བཤམས་ཏེ། སེང་གེའི་ཁྲི་བཙུག་ནས་རྒྱལ་མཚན་དང༌། བ་དན་ལ་སོགས་པའི་རྒྱན་དུ་མས་བརྒྱན་ཅིང་ལྷ་མིའི་འཁོར་ཚོགས་མང་པོ་བསྡུས་སོ། །

        དགུང་གྲངས་ང་བདུན་པ་དཔྱིད་ཟླ་ར་བ་མེ་འབྲུག་ཧོར་ཟླ་དང་བོའི་ཚེས་གཅིག་གི་ཉིན་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་པའི་བསྟི་གནས་སུ་སྤྱན་དྲངས་ཏེ་སེང་གེའི་ཁྲི་ལ་བཞུགས་སུ་གསོལ་བ་དང༌། རྒྱལ་བོ་གསལ་རྒྱལ་གྱིས་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཟང་བོ་བཤམས་ནས་བཅོམ་ལྡན་འདས་ལ་རང་གི་ཕྱག་བདར་ཏེ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཚེམས་ཤིང་གསོལ་ནས་ས་ལ་བཙུགས་སོ། །བཙུགས་མ་ཐག་སྐྱེས་ནས་ཡལ་ག་དང་ལོ་མ་རྒྱས་པ་མཐོ་ཚད་དཔག་ཚད་ལྔ་བརྒྱ་བར་གྱུར་ཏེ། ཡལ་ག་དང་ལོ་མས་ཁོ་ར་ཁོ་ར་ཡུག་ཏུ་དཔག་ཚད་ལྔ་བརྒྱར་ཁེབས་སོ། །དེ་མ་ཐག་ཏུ་མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་སྐྱེས་ནས་འབྲས་བུ་བྲེ་ལྔ་ཤོང་བའི་བུམ་པ་ཙམ་དུ་གྱུར་ཏེ། རྩ་བ་དང༌། ཡལ་ག་དང༌། འདབ་མ་ལ་སོགས་པ་ཐམས་ཅད་རིན་པོ་ཆེ་སྣ་བདུན་དུ་གྱུར་ནས་ཁ་དོག་རྣམ་པ་སྣ་ཚོགས་སུ་འཚེར་ཞིང་འབར་ཏེ། ཉི་ཟླའི་འོད་ཀྱང་ཟིལ་གྱིས་གནོན་ཏེ་འབྲས་བུ་དེ་ཟོས་ན་བདུད་རྩིའི་རོ་བས་ཀྱང་ལྷག དྲི་བསུང་ཕོག་པ་ཐམས་ཅད་ཀྱང་དུག་གསུམ་ཞི་ནས་བདེ་ཞིང་ཚིམ་པར་གྱུར་ཏོ། །ཡལ་ག་དང་ལོ་མ་ལ་རེག་ན་ཤིན་ཏུ་ཡིད་དུ་འོང་བའི་ཆོས་ཀྱི་སྒྲ་འབྱུང་ངོ༌། །མི་ཐམས་ཅད་ཤིང་དེ་ལ་ཤིན་ཏུ་དད་པའི་སེམས་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། འབྲས་བུ་བཞི་ཐོབ་པ་དང༌། ལྷར་སྐྱེ་བ་ཡང་མང་ངོ༌། །ཚེས་གཉིས་ལ་རྒྱལ་བོ་ཤར་བ་སྟེ་ཨུཏྲ་ཡ་ནས་སྤྱན་དྲངས། དེའི་ཚེ་སྐུའི་གཡས་གཡོན་གཉིས་སུ་རིན་པོ་ཆེའི་རི་གཉིས་སྤྲུལ་ཏེ། ཤིན་ཏུ་མཐོ་ཞིང་མཛེས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་དོག་ལྟར་འཚེར་བ། ཤིང་སྣ་ཚོགས་སྐྱེས་པ་ལས་མེ་ཏོག་དང་འབྲས་བུ་རབ་ཏུ་རྒྱས་པ། གཡས་ཀྱི་རི་བོ་ལ་མི་རྣམས་འབྲས་བུ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་ཅིང༌། གཡོན་རི་ལ་རྩྭ་སྔོ་ལྗང་སོགས་སྐྱེས་ཏེ་དུད་འགྲོའི་སྐྱེ་གནས་རྣམས་དེ་ལ་ཡིད་བཞིན་དུ་ཟ་བ་སྤྲུལ། ཆོས་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལྷར་སྐྱེས་པ་ཡང་རབ་ཏུ་མང་ངོ༌། །ཚེས་གསུམ་ལ་རྒྱལ་བོ་ཤུན་རྩི་ད་ལས་སྤྱན་དྲངས་ཏེ་མཆོད་དོ། །བཅོམ་འདས་ཀྱི་ཞལ་བསིལ་བའི་ཆུ་ས་ལ་དོར་བ་རྫིང་བུ་ཞིག་ཏུ་གྱུར་ཏེ། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཉིས་བརྒྱ་ཡོད་པའི་ཆུ་དེ་ཡོན་ཏན་བརྒྱད་དང་ལྡན་པ། རྫིང་གི་ཞབས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་བྱེ་མ་བརྡལ་བ། པདྨ་ཤིང་རྟའི་འཕང་ལོ་ཙམ་རྣམ་པ་སྣ་ཚོགས་ཀྱིས་གང་བ། ཁ་དོག་སྣ་ཚོགས་པའི་པདྨ་རྣམས་ལས་འོད་ཟེར་འཕྲོས་པས་གནམ་ས་ཀུན་སྣང་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། ལ་ལ་ནི་སེམས་བསྐྱེད། ལ་ལ་ནི་འབྲས་བུ་ཐོབ། ལ་ལ་ནི་ལྷར་སྐྱེས་ཤིང་བསོད་ནམས་ཀྱི་ལས་བྱེད་པའང་མང་ངོ༌། །ཚེས་བཞི་ལ་རྒྱལ་བོ་ཝ་ར་མིས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་ཀྱིས་སྔར་ལྟར་རྫིང་བུ་ཞིག་སྤྲུལ་ཏེ། དེའི་ཕྱོགས་བཞིར་ཡུར་བ་ཆེན་བརྒྱད་བརྒྱད་ཡོད་པ་ཕྱིར་ཡང་རྫིང་བུ་ཉིད་འཁོར་ཞིང་འབབ་པའི་སྒྲ་ལས་དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་དང༌། རྣམ་པར་ཐར་བ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྙིང་རྗེ་ཆེན་པོ་དང༌། བྱམས་པ་ཆེན་པོ་དང༌། ཚད་མེད་པ་བཞི་ལ་སོགས་པའི་ཆོས་ཀྱི་སྒྲ་བྱུང་བ་དེའི་དོན་རྟོགས་ནས་བསོད་ནམས་ཀྱི་ལས་བསྐྱེད་པ་ཡང་རབ་ཏུ་མང་ངོ༌། །ཚེས་ལྔ་ལ་རྒྱལ་བོ་ཚངས་བྱིན་གྱིས་སྤྱན་དྲངས་ནས་མཆོད་དོ། །

        བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེ་ནས། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱས་ཏེ། འོད་ཟེར་དེས་རེག་པའི་སེམས་ཅན་ཐམས་ཅད་དུག་གསུམ་དང་སྒྲིབ་པ་ལྔ་དང་བྲལ་ཏེ། ལུས་དང་སེམས་རབ་ཏུ་བདེ་བ་ནི་ཇི་ལྟར་བསམ་གཏན་གསུམ་པ་ཐོབ་པ་དང་འདྲའོ། །འཁོར་མང་བོ་སངས་རྒྱས་ཀྱི་ཡོན་ཏན་ལ་མོས་པས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལྷར་སྐྱེས་པ་དང༌། བསོད་ནམས་ཀྱི་ལས་བསྐྱེད་པ་ཡང་མང་ངོ༌། །ཚེས་དྲུག་ལ་ལི་ཙ་བྱི་རྣམས་ཀྱིས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དེ་རྣམས་ཀྱི་གཅིག་གི་བསམ་གཅིག་གིས་ཤེས་པར་བྱིན་གྱིས་བརླབས་ཏེ། སོ་སོའི་དགེ་བ་དང་མི་དགེ་བའི་ལས་ཀྱང་རྟོགས་པར་བྱས་ནས། ཐམས་ཅད་དགའ་སྟེ་སངས་རྒྱས་ཀྱི་ཡོན་ཏན་ལ་བསྔགས་སོ། །དེ་ནས་དམ་པའི་ཆོས་བསྟན་པས། སངས་རྒྱས་སུ་སྨོན་ལམ་འདེབས་པ་དང༌། འབྲས་བུ་ཐོབ་པ་དང༌། ལྷར་སྐྱེས་བར་སྨོན་པ་ཡང་གྲངས་མེད་དོ། །ཚེས་བདུན་ལ་ཤཱཀྱ་བ་རྣམས་ཀྱིས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ཐམས་ཅད་སོ་སོ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་བོར་བསྒྱུར་ཏེ། རིན་པོ་ཆེ་སྣ་བདུན་དང༌། བུ་སྟོང་དང་ལྡན་པར་སྤྲུལ་ནས་རྒྱལ་ཕྲན་དང་བློན་པོ་རྣམས་ཀྱིས་བསྟི་སྟང་བྱས་པར་མཐོང་སྟེ། སོ་སོ་ནས་ངོ་མཚར་རྨད་དུ་བྱུང་བའི་སྤྲོ་བ་སྐྱེས་སོ། །དེ་རྣམས་ལ་དམ་པའི་ཆོས་བསྟན་པས། སེམས་བསྐྱེད་པ་དང༌། འབྲས་བུ་ཐོབ་པ་དང༌། ལྷ་དང་མིར་སྐྱེས་པ་ཡང་གྲངས་མེད་དོ། །ཚེས་བརྒྱད་ལ་ལྷའི་དབང་བོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་སྤྱན་དྲངས་ཏེ། ལྷའི་སེང་གེའི་ཁྲི་བཤམས་པ་ལ་བཞུགས་སོ། །བརྒྱ་བྱིན་གྱིས་གཡོན་ནས་མཆོད། ཚངས་པའི་རྒྱལ་བོས་གཡས་ནས་མཆོད་དོ། །མུ་སྟེགས་ཀྱི་སྟོན་པ་དྲུག་སོགས་སོ་སའི་ཁྲི་དང་གྲལ་ལ་འཁོད། ལྷ་དང་མིའི་ཁྲོམ་ཚོགས་བསམ་གྱིས་མི་ཁྱབ་པ་འདུས། ལྷ་རྣམས་ཀྱིས་ནམ་མཁའ་ནས་རིན་པོ་ཆེ་དང་མེ་ཏོག་གི་ཆར་ཕབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་འགྲམ་ལས་བྱུང་བའི་མེ་དཔུང་ཆེན་པོ་རབ་ཏུ་འབར་བས་མུ་སྟེགས་པ་རྣམས་རབ་ཏུ་དགའ་སྟེ། ཆོ་འཕྲུལ་ག་རེ། འདུ་ཁང་དང་བཅས་པ་མེས་ཚིག་གོ་ཞེས་མགོ་བོ་བཏེགས་ནས་དགའ་བའི་ཅ་ཅོ་སྒྲོག་པ་ན། འདུན་ཁང་ནི་ཡེ་ཤེས་ཀྱིས་མེ་སྦྱངས། སྲིད་པ་གསུམ་ཡང་འཇིག་ཏུ་འཆའ་བའི་འཇིགས་སུ་རུང་བའི་མེ་ལྕེ་རྣམས་པདྨ་ལྟར་འཇམ་པར་མཛད་ཅིང༌། སྐུ་གསེར་གྱི་རི་བོ་ལ་ཉི་ཟླའི་འོད་ཀྱིསབརྒྱན་པ་ལྟར་གཟི་བརྗིད་ལྟ་བས་མི་ངོམས་པ་འཇིག་རྟེན་བདེ་བར་མཛད་པ་ལ། ལྷ་མོ་རྣམས་ཀྱིས་ནམ་མཁའ་ནས་ལྷ་རྫས་ཀྱིས་མཆོད་ཅིང༌། ལྷ་དང་དྲི་ཟ་སོགས་ཀྱིས་ལྷའི་རྔ་སྒྲ་དུང་དང་བཅས་བཅོམ་ལྡན་འདས་ལ་བསྟོད་དབྱངས་སྒྲོག །དེའི་ཚེ་བཅོམ་ལྡན་འདས་ཀྱི་སེང་ཁྲིའི་ནང་ནས་གླང་བོ་ཆེའི་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་བྱུང་བ་དང༌། དེ་མ་ཐག་སྲིན་པོ་ལྔ་བྱུང་ནས་སྟོན་པ་དྲུག་གི་ཁྲི་བཤིག གནོད་སྦྱིན་ལག་ན་རྡོ་རྗེས་ནི་རྡོ་རྗེའི་རྩེ་མོ་ལ་མེ་འབར་བ་ཐོགས་ཏེ། མུ་སྟེགས་པ་རྣམས་ནི་རྟག་ཏུ་བཅོམ་ལྡན་འདས་ཀྱི་མི་མཐུན་ཕྱོགས་ཡིན་ནོ་ཞེས་སྟོན་པ་དྲུག་གི་མགོར་གདགས་སོ། །སྟོན་པ་དྲུག་ཤིན་ཏུ་འཇིགས་ཤིང་སྐྲག་ནས་བྱེར་ཞིང་བྲོས་པར། དེ་མ་ཐག་དྲག་པོའི་རླུང་འཚུབ་ཀྱིས་དཀྲིས་པའི་ཆར་གྱིས་མུ་སྟེགས་པ་རྣམས་འཁྱེར། ལ་ལ་ནི་ཆུར་མཆོངས། ལ་ལ་ནི་ལྗོན་ཤིང་གི་དྲུང་དུ་རྒྱུག ལ་ལ་ཁུང་དུ་ཡིབ་པ་སོགས་ཅི་བྱ་གཏོལ་མེད་དུ་འགྱུར་བའི་ཚེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་སྙིང་རྗེས་བཀའ་བསྩལ་བ། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང༌། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་མི་གྲོལ་གྱི། །གང་ཚེ་གང་ཞིག་སངས་རྒྱས་དང༌། །ཆོས་དང་དགེ་འདུན་སྐྱབས་སོང་ལ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང༌། །སྡུག་བསྔལ་ཡང་དག་འདས་པ་དང༌། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་ཞིང༌། །འཕགས་པའི་བདེན་པ་བཞི་བོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་སོགས་གསུངས་པས། མུ་སྟེགས་པའི་འཁོར་ལྷག་མ་སྟོང་ཕྲག་དགུ་བཅུ་ནི་བཅོམ་ལྡན་འདས་ལ་སྐྱབས་སུ་འདས་ལ་སྐྱབས་སུ་སོང་ཞིང་ལྷ་མི་ཐམས་ཅད་རབ་ཏུ་མགུ་ཞིང་ཚིམ་པར་མཛད་དོ། །ཚེས་དགུ་ལ་ཚངས་པའི་རྒྱལ་བོས་ལྷའི་མཆོད་པའི་བཀོད་པ་དུ་མས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་ཀྱི་སྐུ་ཚངས་ཆེན་ལ་ཐིག་གི་བར་དུ་ཤིན་ཏུ་མཐོ་བ་ལྷང་ངེར་ལྷམ་མེར་བཞུགས་པ་སྤྲུལ་ནས་འོད་ཟེར་ཆེན་པོས་གནམ་ས་ཀུན་སྣང་ཞིང་གསལ་བར་མཛད་དོ། །འཁོར་ཐམས་ཅད་ཀྱིས་སྐུ་དེ་མཐོང་བ་དང་གསུང་ཐོས་པར་གྱུར་ནས། ཆོས་བསྟན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། འབྲས་བུ་ཐོབ་པ་དང༌། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །ཚེས་བཅུ་ལ་རྒྱལ་ཆེན་རིགས་བཞིའི་རྒྱལ་བོས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་ཀྱི་སྐུ་རྒྱལ་ཆེན་རིས་བཞི་ནས་སྲིད་པའི་རྩེ་མོ་ལ་ཐུག་གི་བར་དུ་སྐུས་ཡོངས་སུ་གང་བར་མཛད་ནས། སྐུ་དེ་ལས་འོད་ཟེར་ཆེན་པོ་འབྱུང་ཞིང་འཁོར་རྣམས་ལ་ཅི་རིགས་སུ་དམ་པའི་ཆོས་བསྟན་པ་ཡང་གསལ་བར་ཐོས་ཤིང་མཐོང་བར་མཛད་དོ། །འཁོར་རྣམས་ལྷག་པར་དགའ་བ་སྐྱེས་ཏེ། སེམས་བསྐྱེད་པ་དང༌། འབྲས་བུ་ཐོབ་པ་དང༌། ལྷ་དང་མིའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །བཅུ་གཅིག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་སེང་གེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས་འོད་ཟེར་བཀྱེ་སྟེ། ཤིན་ཏུ་འཇམ་པའི་གསུང་གིས་དམ་པའི་ཆོས་རྣམ་པར་ཕྱེ་ཞིག་བསྟན་པ་འཁོར་མང་བོས་ཐོས་པར་བྱས་པས། སེམས་བསྐྱེད་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང༌། འབྲས་བུ་ཐོབ་པ་དང༌། བསོད་ནམས་བསྐྱེད་པ་ཡང་མང་ངོ༌། །བཅུ་གཉིས་ལ་ཁྱིམ་བདག་ཙི་ཏས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེ་སྟེ། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་ནས་འོད་ཀྱིས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་དུག་གསུམ་གྱི་སེམས་ཀུན་ཞི་ནས་སྙིང་རྗེའི་སེམས་བསྐྱེད་དེ། དེ་དག་ཕན་ཚུན་ཕ་མ་ལྟ་བུའམ་ཕུ་ནུ་ལྟ་བུར་མཛའ་ཞིང་སྡུག་པར་གྱུར་ཏོ། །དེ་ནས་ཆོས་བསྟན་པས་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང༌། འབྲས་བུ་ཐོབ་པ་དང༌། དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །བཅུ་གསུམ་ལ་རྒྱལ་བོ་ཤུན་རྩི་ད་ལས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་ཀྱི་སྐུའི་ལྟེ་བ་ནས་འོད་ཟེར་གཉིས་བྱུང་སྟེ། སྐུ་ལས་འདོམ་བདུན་ཙམ་འཕགས་ནས་དེའི་སྟེང་ན་པདྨ་རེ་རེ། པདྨ་ལས་སངས་རྒྱས་རེ་རེ་སྤྲུལ་ཏེ། སྤྲུལ་བའི་སངས་རྒྱས་དེ་དག་གི་ལྟེ་བ་ནས་ཀྱང་འོད་ཟེར་གཉིས་བྱུང་སྟེ། སྔར་བཞིན་འོད་ཟེར་ལས་པདྨ་དང༌། པདྨ་ལས་སངས་རྒྱས་བཞུགས་པ་སྟོང་ཆེན་པོའི་འཇིག་རྟེན་གྱི་བར་དུ་སྤྲུལ་བས། འཁོར་མང་བོས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་ཅི་རིགས་པར་ཆོས་བསྟན་པས་སེམས་བསྐྱེད་པ་སོགས་མང་ངོ༌། །བཅུ་བཞི་ལ་རྒྱལ་བོ་ཨུ་ཏྲ་ཡ་ནས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་ལ་རྒྱལ་བོ་ཨུ་ཏྲ་ཡ་ནས་མེ་ཏོག་གཏོར་བ་དང༌། མེ་ཏོག་རྣམས་རིན་པོ་ཆེའི་ཤིང་རྟ་ནོར་བུས་སྤྲས་པ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕགས་པ་སྟོང་ཉིས་བརྒྱ་ལྔ་བཅུར་གྱུར་ནས་ཤིང་རྟ་རེ་རེ་སྟེང་དུ་སངས་རྒྱས་རེ་རེ་བཞུགས་པའི་འོད་ཀྱིས་སྟོང་གསུམ་ཁྱབ་པ་ཀུན་གྱིས་མཐོང་བར་བྱས་སོ། །

        དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་སེམས་བསྐྱེད་པ་སོགས་མང་ངོ༌། །ཚེས་བཅོ་ལྔ་ལ་རྒྱལ་བོ་གཟུགས་ཅན་སྙིང་བོས་མཆོད་རྫས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་སངས་རྒྱས་སྤྱན་དྲངས་ནས་མཆོད་དོ། །བཅོམ་ལྡན་འདས་ཀྱིས་རྒྱལ་བོ་ལ། ཞལ་ཟས་ཀྱི་སྣོད་སྦྱོར་ཅིག་ཅེས་བཀའ་སྩལ་ཏོ། །གདུགས་ཆོད་ཀྱི་དུས་ལ་བབ་པ་ན་སྣོད་ཐམས་ཅད་ཞལ་ཟས་རོ་བརྒྱ་དང་ལྡན་པ་སྣ་ཚོགས་ཀྱིས་རང་གང་བར་གྱུར་པ་ལ། འཁོར་མང་བོས་དེ་དག་ཟོས་པས་ལུས་དང་སེམས་རབ་ཏུ་བདེ་ཞིང་ཚིམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ས་ལ་བརྟེན་པ་དང༌། སེམས་ཅན་དམྱལ་བ་ཚད་མེད་པ་དེ་དག་སོ་སོ་ནས་འདི་སྐད་ཅེས་སྨྲས་ཏེ། བདག་ཅག་གིས་སྔོན་སྡིག་པ་དེ་ལྟ་བུ་ཞིག་བྱས་པས་ད་ལྟ་སྡུག་བསྔལ་འདི་ལྟ་བུ་མྱོང་དགོས་སོ་ཞེས་སྨྲས་པ་འཁོར་མང་བོས་ཐོས་ཤིང་མཐོང་བར་བྱས་སོ། །འཁོར་རྣམས་དངངས་ནས་འཇིགས་ཤིང་སྐྲག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང༌། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །སེམས་ཅན་དམྱལ་བ་པ་དག་གིས་སངས་རྒྱས་ཀྱི་སྐུ་མཐོང་ཞིང་གསུང་ཐོས་པའི་རྐྱེན་གྱིས་ཤིན་ཏུ་དད་པའི་སེམས་བསྐྱེད་པས། སྐད་ཅིག་ལ་སྡུག་བསྔལ་ལས་ཐར་ཏེ་ཚེའི་དུས་བྱས་ནས་ཐམས་ཅད་ལྷ་དང་མིར་སྐྱེས་སོ། །ཆོ་འཕྲུལ་ཆེན་པོ་བསྟན་པའི་རྗེས་དེར་མཉན་ཡོད་ཛི་ཏའི་ཚལ་དུ་དབྱིབས་གྲུ་བཞི་བ་བང་རིམ་བཞི་བ་ཅན་ཕྱོགས་བཞིར་གློ་འབུར་དང་བཅས་པ་ཡོད་པའི་ཆོ་འཕྲུལ་གྱི་མཆོད་རྟེན་ཆེན་མོ་ནི། རྒྱལ་བོ་ཤར་བ་དང་ལི་ཙ་བྱི་སོགས་ཀྱིས་བཞེངས་སོ། །དེ་ལྟར་ན་འདུལ་བ་ལུང་ལས་སྔར་བྲིས་པ་ལྟར་ཚེ་བརྒྱད་ཀྱི་ཉིན་བསྟན་པའི་ཆོ་འཕྲུལ་གྱི་མཛད་པ་ཙམ་ལས་མ་གསུངས་ཀྱང༌། འདི་ནི་མདོ་མཛངས་བླུན་ལས། དེའི་ཚེ་དཔྱིད་ཟླ་ར་བའི་ཚེས་གཅིག་གི་ཉིན་པར་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་པའི་གནས་སུ་གཤེགས་པ་དང༌། ཞེས་སོགས་གསུངས་པ་ལྟར་ཡིན་ལ། ཀུན་གཟིགས་ལྔ་བ་ཆེན་མོའི་གསུངས་ལས་ཀྱང༌། མཉན་ཡོད་མཆོད་པ་ནི་སངས་རྒྱས་དགུང་ལོ་གང་གི་དུས་བྱུང་བའི་གསལ་ཆ་ཡིད་བརྟན་གྱི་ངེས་རྙེད་མ་བྱུང་རུང༌། རྟ་ཆེན་གྱི་ཟླ་ཡིན་པར་ཡོངས་སུ་གྲགས་ཤིང༌། ལ་ལ་དབོ་ཟླར་ཡང་ངོས་འཛིན་མོད་བཤད་མ་ཐག་པའི་དུས་དེ་དག་དང༌། ཁྱད་པར་ཆོ་འཕྲུལ། བྱང་ཆུབ་བརྙེས་པ། ཆོས་འཁོར་བསྐོར་བ། ལྷ་བབས་རྣམས་དུས་ཆེན་བཞི་ཞེས་དགེ་བ་གང་བྱས་བྱེ་བ་ཕྲག་བརྒྱར་འགྱུར་བར་ལུང་སིལ་བུ་དང་མྱང་འདས་སོགས་ལས་གསུངས་པས་ཕན་ཡོན་ལྷག་པར་ཆེའོ། །ཞེས་གསུངས་སོ། །

        དེས་ན་ཆོ་འཕྲུལ་གྱི་མཛད་ཆེན་དེའི་ཕྱི་ལོ་ནས་མཉན་ཡོད་དུ་དུས་ཆེན་དེ་ལ་མཆོད་པ་དང་དུས་སྟོན་པ་བྱེད་པ་དར་བར་གསུངས། གངས་ཅན་བོད་ཀྱི་ལྗོངས་འདིར་ཡང་ཆོས་རྒྱལ་གོང་མ་རྣམས་ནས་བཟུང་སྟེ་བླ་དཔོན་ཁྱིམ་བདག་སོགས་དད་སྟོབས་དང་ལྡན་པ་རྣམས་ཀྱིས་ཆོ་འཕྲུལ་གྱི་དུས་ཆེན་ལ་མཆོད་པ་རྒྱ་ཆེན་པོ་འབུལ་བ་མང་དུ་བྱུང་ཞིང༌། དེའི་རྗེས་སུ་རྒྱལ་བོའི་བཀའ་ཆེམས་ལས། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པ། །དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་བོའི་མཐའ་བརྟེན་སྐྱེས་ཆེན་དམ་པ་ནི། །ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི། །འཕགས་པའི་གང་ཟག་དགེ་སྦྱོང་ཤ་སྟག་གོ །ཞེས་ལུང་བསྟན་པ་ལྟར། རྗེ་ཐམས་ཅད་མཁྱེན་པས་ཆོ་འཕྲུལ་གྱི་མཆོད་པ་དང་སྨོན་ལམ་རྒྱ་ཆེན་པོ་མཛད་པའི་ཚུལ་ནི། རྣམ་ཐར་ལས། གླང་གི་ལོ་ཟླ་བ་དང་བོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་མཆོད་པ་དངོས་གཞི་མཛད་པ་ལ། ཇོ་བོ་རིན་པོ་ཆེའི་དྲུང་དུ་དེ་བཞིན་གཤེགས་པ་རིགས་རྣམ་པ་ལྔ་འཕྲུལ་ལས་བཏོན་པ་དར་དབྱངས་དང་བཅས་པའི་དབུ་རྒྱན་རྒྱུ་གསེར་བཟང་བོ་འབའ་ཞིག་ལས་བསྒྲུབས་པ། རིན་པོ་ཆེ་ནལ་དང༌། མུ་ཏིག་དང་གཡུ་ལ་སོགས་པའི་ཕྲ་བཟང་བོ་བཀོད་པས་མཛེས་པར་བྱས་པ་དང༌། ཇོ་བོ་མི་བསྐྱོད་པ་དང་བཅུ་གཅིག་ཞལ་ལ་དངུལ་བཟང་བོ་ལས་བྱས་པའི་དབུ་རྒྱན་ཕུན་སུམ་ཚོགས་པ་དང་བཅས་པ་ཕུལ་ཞིང༌། ཇོ་བོ་རིན་པོ་ཆེའི་དྲུང་དུ་དངུལ་གྱི་ལྷུང་བཟེད་ཆེ་ཚད་དུ་ལོངས་པ། དེའི་ཁ་ལ་འཚམ་པའི་དངུལ་གྱི་མཎྜལ་དང་བཅས་པ་དང༌། ཇོ་ཤཱཀ་ཞལ་གཉིས་བཅུ་གཅིག་ཞལ་དང་བཅས་པ་ལ་ཆོ་འཕྲུལ་གྱི་ཉིན་རེ་ཞིང་ཞལ་གསེར། ཚེས་བརྒྱད་དང་བཅོ་ལྔ་ལ་སྐུ་ཡོངས་རྫོགས་ལ་གསེར་ཆབ་དང་བཅས་པ་ཕུལ་ཞིང༌། ཞེས་དང་གཞན་ཡང༌། མཆོད་པའི་བྱེ་བྲག་མཐའ་ཡས་པ་དང༌། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་བཀོད་པ་ཡིད་འཕྲོག་པ་དཔག་ཏུ་མེད་པ་དང་བཅས་པས་མངོན་པར་མཆོད་དེ། རྗེ་བླ་མ་ཉིད་ཀྱི་ཞལ་སྔ་ནས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས། མདོ་སྡེ་དང་རྒྱུད་སྡེ་ནས་བྱུང་བའི་ཆོ་ག་རྣམ་པར་དག་པས་མངོན་པར་མཆོད་ཅིང༌། བསྟན་པ་དང་སེམས་ཅན་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱི་ཤུགས་དྲག་པོས་བསྟན་པ་རྒྱས་པ་དང་སེམས་ཅན་ལ་ཕན་བདེ་འབྱུང་བའི་སྨོན་ལམ་རྣམ་པར་དག་པ་ཉིན་རེ་ཞིང་མཛད་ལ། དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་ལ་ཉིན་རེ་ཞིང་སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་ཀྱི་ཆོས་ཐུན་རེ་གསུངས་སོ། །ཞེས་དང༌། དེ་ལྟ་བུའི་སྨོན་ལམ་བསམ་ལས་འདས་པའི་སྒོ་ནས་བསྟན་པ་དང་སེམས་ཅན་ཀུན་གྱི་གསོས་སུ་འགྱུར་བར་མཛད་ཅིང༌། དེའི་ཚེ་ཐུགས་དམ་པ་ཉམས་སྣང་ཤིན་ཏུ་བཟང་བོ་ཞིག་གི་མནལ་ལམ་དུ། ལྷ་སའི་ཉེ་སྐོར་གྱི་ས་གཞི་ལས་སྐྱེ་བོའི་ཚོགས་གྲངས་ལས་འདས་པ་ཐོན་ནས། ཐམས་ཅད་ནམ་མཁའ་ལ་ཡར་ཐལ་བྱུང་ཏུ་འགྲོ་ཡི་འདུག །འདི་ཅི་ཡིན་བྱས་པས། ངེད་རྣམས་ཇོ་བོ་རིན་པོ་ཆེ་ལ་འདི་ལྟར་མཆོད་པས་ཚངས་པའི་འཇིག་རྟེན་དུ་འགྲོ་བ་ཡིན་ཟེར་བ་དེ་འདྲ་བའི་རྨི་ལམ་ཡང་བྱུང༌། ཞེས་འབྱུང་བ་ལྟར་རོ། །རྗེ་བཙུན་བླ་མ་ཙོང་ཁ་བ་ཆེན་པོའི་མཛད་ཆེན་དེའི་རྗེས་སུ་འབྲངས་ཏེ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དབུས་གཙང༌། མངའ་རིས། བར་ཁམས། མདོ་སྨད། ཧོར་ཡུལ། རྒྱ་ནག་སོགས་སུ་དར་བས། ཡུལ་ཕྱོགས་དེ་རྣམས་སུ་བཀྲ་ཤིས་བདེ་ལེགས་བྱུང་ངོ་ཞེས་གྲགས་སོ།། 

རྗེ་ཡེ་ཤེས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ་ལས་བཤུས།

                                                                                                        རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།