སྟོན་པ་མངོན་པར་འཚང་རྒྱ་བའི་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-05-26 09:48:56     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།     ཀློག་ཐེངས།  

                      

441496419334529933.jpg

                         

                                མངོན་པར་འཚང་རྒྱ་བའི་ཚུལ། 
        དེ་ནས་མངོན་པར་འཚང་རྒྱ་བའི་ཚུལ་བསྟན་པ་སོགས་ནི། བསྟོད་པ་ལས། རྡོ་རྗེ་གདན་གྱི་བྱང་ཆུབ་སྙིང་པོར་གཤེགས། །བདུད་སྡེ་དཔུང་ཚོགས་འཇོམས་པའི་ཆོ་འཕྲུལ་བཅས། །བླ་མེད་བྱང་ཆུབ་གོ་འཕང་བརྙེས་པའི་ཚུལ། །གླིང་འདིར་མངོན་སུམ་བསྟན་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ། །དེ་ནས་བྲག་རི་མེ་ཏོག་དང་འབྲས་བུས་བརྒྱན་པ་ཞིག་ཡོད་པ་དེར་ཕེབས་ཏེ་བཞུགས་པ་ན། དེ་མ་ཐག་བྲག་རི་དེ་སྙིལ་ལོ། །དེའི་ཚེ་ལྷ་རྣམས་ཀྱིས་གསོལ་བ། དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་མཐར་ཕྱིན་པ་ནི། ས་གཞན་གྱིས་བཟུང་བར་མི་ནུས་ཏེ། འདི་དང་ཉེ་བ་ཕྱོགས་འདི་ལྟ་བུ་ཞིག་ན་རྡོ་རྗེ་གདན་མཆི་སྟེ། ད་ནི་དེར་བཞུད་ཅིག དེ་ནས་ལུང་བསྟན་པ་བཞིན་ཕེབས་པ་ན། ཞབས་གང་དུ་བཞག་སར་མེ་ཏོག་པདྨ་དག་བྱུང་ངོ༌། །དེར་རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བབས་ཏེ། པདྨའི་རྫིང་བུ་དག་ཏུ་གྱུར་ཏོ། །དེ་ནས་ཡང་གཤེགས་ཏེ། ཞབས་ཀྱི་གོམ་པ་བོར་བ་ན། ས་ཆེན་པོ་འདི་ལ། མཁར་རྔ་སོགས་ལ་དབྱུག་གུས་བསྣུན་པ་བཞིན་དུ་སྒྲ་བྱུང་ངོ༌། །བྱ་ཙ་ར་ག་དང༌། རི་དྭགས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ལ་སྐོར་བ་བྱེད། ལྷ་རྣམས་ཀྱིས་ཀྱང་ཆར་ཟིམ་བུས་ཆག་ཆག་བཏབ་བོ། །ཆུ་བོ་ནཻ་རཉྫ་ནར་ཀླུའི་རྒྱལ་པོ་དུས་ཅན་ཞེས་བྱ་བ་མིག་ལོང་བ། སྔོན་སངས་རྒྱས་འཁོར་བ་འཇིག་ལ་སོགས་པའི་ཞལ་མཐོང་བ་ཞིག སྐབས་དེར་དེའི་མིག་གིས་མཐོང་པར་གྱུར་ཅིང༌། ས་ཆེན་པོ་སྒྲ་སྒྲོགས་པའང་ཐོས་ནས། སའི་སྟེང་དུ་འཐོན་ནས་རྒྱང་རིང་པོ་ནས་བྱང་ཆུབ་སེམས་དཔའ་མཐོང་བ་ན། ངེས་པར་སངས་རྒྱས་སུ་འགྱུར་བར་ཤེས་ནས་སྨྲས་པ། བདག་གིས་སྔོན་ནི་མཐོང་བ་ཡི། །སངས་རྒྱས་མཐུ་ཆེན་དེ་རྣམས་དང༌། །ཐུབ་པ་ཁྱོད་ནི་མཐོང་གྱུར་ན། །དེ་དག་ཐ་དད་དབྱེར་མ་མཆི། །ཞེས་སོགས་རྒྱ་ཆེར་བསྟོད་དོ། །དེ་ནས་གཤེགས་པའི་ལམ་གྱི་གཡས་ཕྱོགས་ན། རྩྭ་འཚོང་ཁྱེའུ་བཀྲ་ཤིས་རྩྭ་བརྔ་བ་ལ། བཀྲ་ཤིས་རྩྭ་ནི་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །ཞེས་གསུངས་པ་དང༌། དེས་ཀྱང་རྩྭ་སྔོ་འཇམ་ཡིད་དུ་འོང་བ་དག་ཕུལ་ལོ། །རྩྭ་དེ་བསྣམས་ནས་ཤིང་ཨ་ཤྭ་ཐ་བྱང་ཆུབ་ཀྱི་ཤིང་ལ་ལན་གསུམ་བསྐོར་ཏེ། རྩྭའི་རྩེ་མོ་ནང་དུ་བསྟན་རྩ་བ་ཕྱིར་བསྟན་པ་ལ། ཞལ་ཤར་ཕྱོགས་སུ་བལྟས་ཏེ་བཞུགས་ནས་ལུས་དྲང་པོར་བསྲིངས། དྲན་པ་མངོན་དུ་བཞག་ནས་གསུངས་པ། སྟན་འདིར་བདག་གི་ལུས་ནི་སྐེམས་ཀྱང་རུང༌། །ལྤགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང༌། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་བསྐྱོད་པར་མི་བྱའོ། །ཞེས་ཐུགས་དམ་བརྟན་པོ་མཛད་དོ། །དེ་ནས་བདུད་སྡིག་ཅན་ལ་རྒྱལ་མཚན་གཉིས་ཡོད་དེ། དགའ་བའི་གནས་དང༌། དོགས་པའི་གནས་སོ། །

        སྐབས་འདིར་དོགས་པའི་རྒྱལ་མཚན་གཡོས་པས། བདུད་ཀྱིས་བརྟགས་པ་ན། །བྱང་ཆུབ་སེམས་དཔའ་རྡོ་རྗེ་གདན་ལ་བཞུགས་པར་མཐོང་ནས། བར་ཆད་བྱ་བའི་ཕྱིར་སྐྲ་འཛིངས་ཤིང་ཤ་ནའི་གོས་ཀྱིས་སྨད་གཡོགས་པའི་འཕྲིན་པ་ཞིག་ཏུ་སྤྲུལ་ནས་རིང་རིང་སྐད་དུ་གསོལ་བ། གྲོང་ཁྱེར་སེར་སྐྱ་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ཁ་བཏགས་ན། ཁྱོད་ཅིའི་ཕྱིར་གནས་བཏབ་སྟེ་འདུག་ཅེས་སྨྲའོ། །དེར་ཐུགས་ལ། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བ་སྟེ་མི་དགེ་བའི་རྣམ་པར་རྟོག་པ་གསུམ་སྐྱེ་ན། དེ་དག་བདུད་ཀྱི་དཀྲུགས་མར་ཤེས་ནས། དེ་དག་ལྡོག་པའི་དགེ་བའི་རྟོག་པ་གསུམ་གྱི་ཟིལ་གྱིས་མནན་ཏོ། །དེ་ནས་བདུད་རང་ཉིད་འོངས་ཏེ། ཁྱོད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ག་ལ་ཐོབ་ཅེས་ཟེར་རོ། །བཀའ་སྩལ་པ། སྡིག་ཅན་ཁྱོད་ཀྱིས་མཆོད་སྦྱིན་གཅིག་བྱས་པས་ཀྱང་འདོད་པའི་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་ན། ངས་བསྐལ་བ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་བྱས། སེམས་ཅན་རྣམས་ཀྱི་དོན་དུ། མགོ་དང༌། ལག་པ་ནས། དབྱིག་དང༌། གསེར་ལ་སོགས་པའི་བར་དུ་ཐམས་ཅད་ཡོངས་སུ་བཏང་ན། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་མི་འགྱུར་རེ་སྐན། བདུད་ཀྱིས་སྨྲས་པ། རེ་ཞིག་ངས་དེ་ལྟར་བྱས་པའི་དཔང་པོ་ནི་ཁྱོད་ཡིན་ན། ཁྱོད་ཀྱི་དེ་ལ་དཔང་པོ་སུ་ཞིག་ཡོད། དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་གཡས་པ་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་ས་ལ་རེག་པར་མཛད་དེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག །ཅེས་གསུངས་པས། ས་རྣམ་པ་དྲུག་ཏུ་གཡོས་པའི་གསེབ་ནས། སའི་ལྷ་མོ་བསྟན་མས་ལུས་ཕྱེད་བྱུང་ནས་ཐལ་མོ་སྦྱར་ཏེ། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། །ཞེས་སྨྲས་པ་དང༌། བདུད་སྡིག་ཅན་བག་ཁུམས་ཤིང་སེམས་ཁོང་དུ་ཆུད་ནས་སོང་ངོ༌། །དེ་ནས་སྡིག་ཅན་གྱིས་བསྐུལ་ཏེ། བདུད་ཀྱི་བུ་མོ་སྲེད་མ་དང༌། དགའ་བྱེད་མ་དང༌། དགའ་སྤྱོད་མ་ཞེས་བྱ་བ་གསུམ་མངགས་ཤིང༌། དེ་རྣམས་ནི་ལྷའི་བུ་མོའི་མཆོག་ཡིན་ལ། བུད་མེད་ཀྱི་གཡོ་སྒྱུ་རྣམས་སྟོན་པར་བརྩམས་པ་ན། དེ་དག་རྒན་མོ་བཞིན་མི་སྡུག་པར་བྱིན་གྱིས་བརླབས། ཕྱིས་སུ་སྟོན་པ་མོས་པ་བསྐྱེད་པས་གྲོལ་ལོ། །དེ་ནས་བདུད་སྡིག་ཅན་གྱི་བདུད་ཀྱི་རིགས་ཀྱི་འབྱུང་པོ་ཐམས་ཅད་སྦྲན་ཏེ། ཇི་སྐད་དུ། གནོད་སྦྱིན་གྲུལ་བུམ་ལྟོ་འཕྱེ་ཆེན་པོའི་གཟུགས། །སྲིན་པོ་ཡི་དྭགས་ཤ་ཟའི་གཟུགས་དང་བཅས། །འཇིགས་བྱེད་མི་སྡུག་དྲག་གཟུགས་ཇི་སྙེད་པ། །ཐམས་ཅད་སྒྱུ་མས་དེར་ནི་སྤྲུལ་བ་བྱས། །ཤཱཀྱའི་སྲས་པོས་ཆོས་རྣམས་རྟེན་འབྱུང་བ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས། །ནམ་མཁའ་ལྟ་བུའི་སེམས་དང་རབ་ཏུ་ལྡན། །དཔུང་བཅས་གཡོ་སྒྱུ་མཐོང་ཡང་མྱོས་པ་མེད། །ཅེས་པ་ལྟར་བདུད་ཀྱི་དཔུང་ཆེན་པོ་གདོང་དང་གཟུགས་སྣ་ཚོགས་པ་མཚོན་ཆ་སྣ་ཚོགས་པ་འཛིན་པ། དཔའ་ཞིང་གཏུམ་ལ་མི་བསྲུན་པ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་སྔོན་དུ་བདས་ཤིང༌། སྡིག་ཅན་རང་ཉིད་མདའ་གཞུ་རྣ་བའི་བར་དུ་བཀང་སྟེ་འོངས་ནས། བྱང་ཆུབ་སེམས་དཔའི་མཐའ་བསྐོར་ཏེ་འདུག་གོ །

         དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། འབྱུང་པོ་རྣམས་ཀྱིས་མཚོན་ཆ་འཕངས་པ་དག་ནི་མེ་ཏོག་ཨུཏྤལ་དང༌། པདྨ་ལ་སོགས་པར་གྱུར། རི་འཕངས་པ་ནི་མེ་ཏོག་གི་ཁང་བརྩེགས་སུ་གྱུར། རླུང་གདུག་པ་དང་རྡོའི་ཆར་ཕབ་པ་ནི། གནས་གཙང་མའི་ལྷ་རྣམས་ཀྱིས་བསྒྲིབས། མི་གཙང་བའི་ཆར་ཕབ་པ་ཡང་དྲི་ཞིམ་པའི་རྫས་རྣམས་སུ་གྱུར་ཏེ། བདུད་ཀྱི་གནོད་པ་ཐམས་ཅད་བརྡུགས་སོ། །དེ་ནས་བདུད་ཀྱི་དཔུང་རྣམས་ཕྱོགས་དེ་ནས་གྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་གྱི་ཐུན་དང་པོའི་སྐབས་དེ་ཉིད་དུ་མཉམ་པར་བཞག་སྟེ། རབ་ཀྱི་མཐའི་བསམ་གཏན་བཞི་བ་ལ་བརྟེན་ནས་རྫུ་འཕྲུལ་གྱི་མངོན་ཤེས་དང༌། ལྷའི་རྣ་བ་མངོན་དུ་བྱས། གུང་ཐུན་ལ་གཞན་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་སྤྱན་མངོན་དུ་བྱས་ཤིང༌། ཐུན་ཐ་མ་ལ་ཟག་པ་ཟད་པའི་མངོན་ཤེས་མངོན་དུ་བྱས་ཏེ། བླ་ན་མེད་པའི་ཡེ་ཤེས་བརྙེས་ཤིང༌། གསར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་མཛད་ནས་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པར་གྱུར་ཏོ། །དེའི་ཚེ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱིས། ད་ནི་ཤཱཀྱ་ཐུབ་པས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ་ཞེས་བསྒྲགས་སོ། །

        དེ་ལྟར་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས། གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་ཡང་བཙས་ཤིང༌། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཙས་སོ། །དེའི་ཚེ་ས་ཆེན་པོ་ནི་རབ་ཏུ་གཡོས། ཕྱོགས་ཐམས་ཅད་ནི་འོད་ཀྱི་སྣང་བས་ཁྱབ། འཇིག་རྟེན་གྱི་ཁམས་ཕན་ཚུན་གྱི་བར་དུ་མུན་པ་མུན་ནག་ཏུ་གྱུར་པ་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་གྱུར་ཏོ། །སྟོན་པས་ཀྱང༌། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་བསིལ་པའི་དངོས་པོའང་ཐོབ། །ཅེས་ཆེད་དུ་བརྗོད་དོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི། མཛོད་ལས། ཐུབ་པས་བྱང་ཆུབ་ཀྱིས་འཐོབ་བྱ། །དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞི་འཐོབ་ཕྱིར་རོ། །ཞེས་པ་ལྟར། ཐུབ་པས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྟན་གཅིག་ལ། རབ་མཐའི་བསམ་གཏན་བཞི་བ་ལ་བརྟེན་ནས་མཐོང་ལམ་བར་ཆད་མེད་ལམ་བརྒྱད་དང༌། རྣམ་གྲོལ་ལམ་བརྒྱད་དེ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་དང༌། སྲིད་རྩེའི་སྒོམ་སྤོང་སྐོར་དགུའི་གཉེན་པོ་བར་ཆད་མེད་ལམ་དགུ་དང༌། རྣམ་གྲོལ་ལམ་དགུ་སྟེ་སྐད་ཅིག་མ་སུམ་ཅུ་རྩ་བཞི་རྒྱུན་ཆགས་སུ་བསྐྱེད་ནས་བྱང་ཆུབ་འཐོབ་པར་འདོད་དོ། །

        དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་སངས་རྒྱས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་སྐྱིལ་ཀྲུང་གཅིག་གིས་ཞག་བདུན་འདས་པར་མཛད་དོ། །དེ་ནས་ཞག་བདུན་ཕྲག་གཉིས་པ་ལ་བབ་པ་ན། ཚངས་རིས་ཀྱི་ལྷ་གཉིས་འོངས་ནས། དེད་དཔོན་གཡུལ་ལས་རྣམ་པར་རྒྱལ་བ་པོ། །སྡིག་པ་མི་མངའ་བཞེངས་ཤིག་འཇིག་རྟེན་གཟིགས། །རིན་ཆེན་ཆོས་ནི་འཚལ་བར་འགྱུར་མཆིས་ཀྱི། །བདེ་གཤེགས་ཆོས་ཀྱི་མཆོག་ནི་བཤད་དུ་གསོལ། །ཞེས་བསྐུལ་ལོ། །དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཞི་བའི་བདེ་བ་ལ་ཆེད་དུ་བརྗོད་པའང་མཛད་ནས། ཞག་བདུན་ཕྲག་གཉིས་པ་ལ་ཡང་སྐྱིལ་ཀྲུང་མ་ཞིག་པར་བཞུགས་སོ། །བདུན་ཕྲག་གསུམ་པ་ལ། ཚོང་དཔོན་ག་གོན་དང༌། བཟང་པོ་ཞེས་བྱ་བ་གཉིས། བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ནས་སྦྲང་རྩི་དང་ལྡེ་གུ་དག་འབུལ་གྱིས་བཞེས་སུ་གསོལ། ཞེས་ཞུས་སོ། །དེ་ནས་སྟོན་པས། སྔོན་གྱི་སངས་རྒྱས་རྣམས་ཀྱང་ལྷུང་བཟེད་ཀྱི་སྣོད་དུ་བསོད་སྙོམས་བཞེས་ཀྱི། མུ་སྟེགས་བྱེད་བཞིན་དུ་སྙིམ་པ་དང་སློང་ཕོར་དུ་ནི་མ་ཡིན་ནོ་ཞེས་དགོངས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་བཞིས་དེ་ཤེས་ནས་རྡོ་ལས་བྱས་པའི་ལྷུང་བཟེད་རེ་རེ་མེ་ཏོག་གིས་བཀང་སྟེ་ཕུལ་བས། ཕྱག་བརྐྱངས་ཏེ། བདེ་བར་གཤེགས་ལ་ལྷུང་བཟེད་ཕུལ་ཅིག་དང༌། །ཁྱོད་ནི་ཐེག་པ་མཆོག་གི་སྣོད་དུ་འགྱུར། །ང་འདྲ་དག་ལ་ལྷུང་བཟེད་ཕུལ་བ་ནི། །དྲན་དང་བློ་གྲོས་ནམ་ཡང་ཉམས་མི་འགྱུར། །ཞེས་གསུངས་ནས་བཞི་ཀ་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ཏེ་བསྣམས་སོ། །དེ་ནས་ཚོང་དཔོན་གཉིས་ཀྱིས་བསོད་སྙོམས་ཕུལ་བ་དག་བཞེས་ཏེ། ལྷ་ཡི་བཀྲ་ཤིས་དོན་འགྲུབ་ཅིང༌། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱོད་ཀྱི་དོན་རྣམས་འགྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་སོགས་ཤིས་པ་བརྗོད་དོ། །བདུན་ཕྲག་བཞི་བ་ལ། གློ་བུར་དུ་སྤྲིན་ཆགས་ཏེ་ཡུལ་ངན་བྱུང་བ་ན། ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས་སོ། །བདུན་ཕྲག་ལྔ་པ་ལ། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། རྟེན་འབྲེལ་བཅུ་གཉིས་ཀྱི་དོན་དགོངས་བཞིན་དུ་ཞག་བདུན་སྐྱིལ་ཀྲུང་གཅིག་གིས་འདའ་བར་མཛད་དོ། །དེ་ནས་ཞག་བདུན་ཕྲག་དྲུག་པ་ལ་བབ་པ་ན། བདག་གིས་རྟོགས་པའི་ཆོས་ཟབ་མོ་འདི་ནི། གཞན་གྱི་ཁོང་དུ་ཆུད་པར་དཀའ་སྟེ། གལ་ཏེ་གཞན་ལ་བསྟན་པར་གྱུར་ཀྱང་དེས་མི་རྟོགས་པས། བདག་གཅིག་བུ་དགོན་པར་གནས་པར་བྱའོ་ཞེས་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་ཀྱང་གསུངས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་མཆོད་རྟེན། དབྱིབས་གྲུ་བཞི་བ། བང་རིམ་བཞི་བ་ཅན་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཀྱིས་བཞེངས་སོ།། 
        བར་སྐབས་ཀྱི་ཚིགས་བཅད། 
        སྨྲས་པ། ལེགས་བྱས་བསོད་ནམས་ཆེན་པོ་ལས་བྱུང་བའི། །མང་བོས་བཀུར་བ་ཤཱཀྱའི་རྒྱལ་པོའི་ཁབ། །མི་ཟད་འདོད་དགུའི་ནོར་གྱིས་བལྟམས་པ་སོགས། །བྱང་ཕྱོགས་གནོད་སྦྱིན་མཛོད་ཀྱི་རྗེས་སུ་འགྲོ། །གསེར་གྱི་བ་གམ་མངོན་མཐོ་ཁང་བཟང་མཆོག །འོད་སྟོང་འབར་བ་ནམ་མཁའི་དབྱིངས་སུ་འཕགས། །གྲོང་ཁྱེར་ཡུལ་ལྗོངས་ཁོར་ཡུག་སྐྱེད་ཚལ་སོགས། །འཆི་མེད་སུམ་རྩེན་གནས་ལ་འགྲན་པ་བཞིན། །དེ་ན་རྒྱལ་སྲས་དོན་རྣམས་ཐམས་ཅད་གྲུབ། །མ་ལུས་འགྲོ་བའི་མགོན་དུ་འཚོ་ཞིང་གཞེས། །རྒྱུ་སྐར་ཕྲེང་བས་ཡོངས་སུ་བསྐོར་བ་ཡི། །ཟླ་བ་གླིང་བཞིའི་དཔལ་དུ་ཤར་བ་ལྟར། །ཕྱོགས་རྣམས་ཀུན་ཏུ་བཀྲ་ཤིས་མཛད་པ་དེ། །ཇི་ལྟར་སོ་གའི་དུས་ཀྱི་པདྨོ་དང༌། །དཀར་བོའི་ཕྱོགས་ལ་ཆས་པའི་ཟླ་བ་ལྟར། །མཚན་དཔེའི་དཀྱིལ་འཁོར་རིམ་གྱིས་འཕེལ་བར་གྱུར། །ཤེས་བྱའི་དཀྱིལ་འཁོར་ཀུན་ལ་ཐོགས་མེད་ཀྱང༌། །རིག་པའི་གནས་ལ་སློབ་པའི་ཚུལ་ཡང་མཛད། །སྐུ་ལ་སྲེད་མེད་བུ་ཡི་སྟོབས་མངའ་ཡང༌། །གཞོན་ནུའི་ཚོགས་ལ་འགྲན་པ་ལྟར་ཡང་བྱས། །རིན་ཆེན་འཁོར་ལོས་བསྒྱུར་བའི་ནོར་བུའི་ཁྲིར། །བསོད་ནམས་བརྒྱས་གཙང་ཞབས་ཀྱི་པདྨོ་འཁོད། །ཡོན་ཏན་བརྒྱ་ཕྲག་ལྡན་པའི་བཙུན་མོའི་འཁོར། །ཁབ་ཏུ་བསུས་པས་མཛད་ཆེན་ལྔ་བ་བསྟན། །ན་རྒ་འཆི་བའི་རྐྱེན་དག་གཟིགས་པ་ཡིས། །སྲིད་པའི་རྒྱ་མཚོ་སྡུག་བསྔལ་མཛོད་དུ་མཐོང༌། །ཞི་དུལ་དགེ་སྦྱོང་ཆེན་པོ་གཟིགས་པ་ཡིས། །ཚངས་པར་སྤྱོད་པ་ཕན་བདེའི་རྩ་བར་དགོངས། །དེ་ཡང་ལང་ཚོ་དར་བ་པདྨའི་བཞིན། །མཛེས་སྡུག་འཛུམ་བརྒྱ་ཕྱོགས་སུ་གྲོལ་བ་ཡང༌། །རྒ་བའི་བ་མོས་བཅོམ་པ་འདི་བཞིན་ཞེས། །རྒས་འཁོགས་གཏུགས་པའི་རྒན་པོ་དཔེ་རུ་བསྟན། །ཟས་ནོར་ལོངས་སྤྱོད་གན་མཛོད་ལྟར་བསགས་ཀྱང༌། །ལོངས་སྤྱོད་མི་ནུས་མིག་གི་དགའ་སྟོན་ཙམ། །འཇིག་རྟེན་ཕ་རོལ་ཉེ་བའི་སྡུག་བསྔལ་བ། །སྐམས་ཤིང་རིད་པ་འཁོར་བའི་ཆོས་སུ་བསྟན། །རང་གི་ལུས་དང་ལོངས་སྤྱོད་གྲོགས་བཤེས་སོགས། །ཐམས་ཅད་བོར་ཏེ་འཇིག་རྟེན་ཕ་རོལ་ཏུ། །འགྲོ་བ་བདག་གཞན་ཀུན་ཀྱང་མཚུངས་སོ་ཞེས། །ཁྱོགས་ལ་བཏེགས་པའི་མི་རོ་དཔེ་རུ་བསྟན། །རྒྱལ་སྲིད་ཆེན་པོའི་དཔལ་འབྱོར་གཉེན་འཁོར་སོགས། །རྩྭ་ལྟར་སྤངས་ཏེ་ཁབ་ལས་ངེས་པར་འབྱུང༌། །ཆགས་བྲལ་ངུར་སྨྲིག་ཆོས་ཀྱི་རྒྱལ་མཚན་ནི། །ལྷར་བཅས་འགྲོ་བའི་མིག་གི་བདུད་རྩི་ཉིད། །རླབས་ཕྲེང་གཡོ་བའི་ཡན་ལག་བརྒྱད་ལྡན་ཆབ། །ཆུ་ཀླུང་ཆེན་པོ་ནཻ་ར་གྲདའི་འགྲམ། །རབ་མཛེས་ནེའུ་གསིང་སྔོན་མོའི་ས་གཞི་ལ། །མེ་ཏོག་རི་མོ་བྲིས་པའི་ཡོངས་བསྐོར་བ། །ལྗོན་ཤིང་ཕྲེང་བར་འཁྲིགས་པའི་ནགས་ཁྲོད་དུ། །མཁའ་ཁྱབ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ། །བསམ་གཏན་ཟས་སུ་ཟ་བའི་དཀའ་ཐུབ་ཀྱིས། །ལོ་དྲུག་བར་དུ་སྙོམས་པར་ཞུགས་པར་གྱུར། །དེ་ལྟར་རྨད་བྱུང་ཐོག་མའི་མཛད་བཟང་གི །ངོ་མཚར་རྣམ་པར་ཐར་བའི་རི་མོ་ཀུན། །མངོན་སུམ་མེ་ལོང་ཉིད་དུ་བྲིས་པ་ནི། །རྣམ་པར་གྲོལ་བའི་ལམ་གྱི་དཔེ་རུ་གསལ། །བ་མཆོག་སྟོང་གི་འོ་མའི་ཉིང་ཁུ་ལ། །བཀྲ་ཤིས་དགེ་མཚན་རི་མོ་དཔལ་དུ་ཤར། །གསོལ་བ་ཙམ་གྱིས་གཟི་བྱིན་འབར་བ་ནི། །ཤར་ཕྱོགས་མཁའ་ལ་འོད་ཀྱི་ཐིག་ལེ་བཞིན། །འཛམ་གླིང་དབུས་ཀྱི་གནས་མཆོག་རྡོ་རྗེ་གདན། །འདས་པའི་སངས་རྒྱས་རྣམས་ཀྱི་བྱིན་གྱིས་བརླབས། །དེར་ནི་ཨ་ཤྭ་ཐ་ཡི་ཤིང་དྲུང་དུ། །བདེ་གཤེགས་གོ་འཕང་བརྙེས་པའི་དམ་བཅའ་མཛད། །བདུད་ཀྱི་བུ་མོ་སྒེག་མོའི་མཛེས་སྡུག་གིས། །ཚངས་སྤྱོད་བདུད་རྩི་གཏེར་ལ་ཅོ་འདྲི་ཡང༌། །ཆགས་བྲལ་ནམ་མཁའ་ལྟ་བུའི་ཏིང་འཛིན་ལས། །ཚུལ་མིན་ཀུན་རྟོག་གཡོ་བའི་གོ་སྐབས་བྲལ། །བདུད་ཀྱི་དམག་དཔུང་བྱེ་བ་སུམ་ཅུ་དྲུག །སྤྲིན་ལྟར་ཐིབས་པའི་གཡུལ་གྱི་དཀྱིལ་འཁོར་ལས། །དྲག་པོའི་མཚོན་ཆ་ཆར་ལྟར་བབས་པ་ཀུན། །ཐུབ་པ་མཆོག་དེ་མཆོད་པའི་མེ་ཏོག་གྱུར། །བུ་ལྟར་བརྩེ་བའི་བྱམས་པའི་མེ་འོད་ཀྱིས། །རྣམ་འཚེ་ཕྲག་དོག་ཚེར་མའི་ཚང་ཚིང་བསྲེགས། །འདོད་པའི་དབང་ཕྱུག་འཁོར་བཅས་མྱ་ངན་གྱིས། །བསམ་གཏན་མུན་པའི་ཁུང་བུ་ཉིད་དུ་ཞུགས། །སྒྲིབ་གཉིས་མུན་པའི་དཀྱིལ་འཁོར་འཇིག་པའི་མཐར། །རྣམ་ཀུན་མཁྱེན་པའི་སྐྱ་རེངས་དང་པོ་ཤར། །དམ་ཆོས་ཉིན་མོར་བྱེད་པས་འཇིག་རྟེན་ཁམས། །མ་ལུས་གསལ་ལ་མངོན་དུ་ཕྱོགས་པར་གྱུར། །དེའི་ཚེ་ས་ཆེན་རྣམ་པ་དྲུག་ཏུ་གཡོས། །ངོ་མཚར་སྣང་བ་དམ་པས་ཕྱོགས་ཀུན་གསལ། །ཨུ་དུམ་ཝ་རའི་འདབ་བརྒྱ་ཁོང་ནས་གྲོལ། །ཞབས་ཀྱི་པདྨོ་ཚངས་དབང་གཙུག་གིས་མཆོད། །དགེ་སྡིག་ལས་ཀྱིས་རྣམ་སྨིན་བདེ་སྡུག་ནི། །འབྱུང་བ་གནས་དང་ལྡོག་པ་གནས་མིན་ཞེས། །གནས་དང་གནས་མིན་མཁྱེན་པའི་སྟོབས་ལ་སོགས། །སྟོབས་བཅུ་མངའ་བ་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཀུན་སྤངས་རྣམ་པ་ཀུན་མཁྱེན་ཞེས། །རླབས་ཆེན་ཁྱུ་མཆོག་གནས་སུ་དམ་བཅའ་མཛད། །འཁོར་གྱི་དབུས་སུ་སེངྒེའི་སྒྲ་ཡང་བསྒྲགས། །མི་འཇིགས་རྣམ་བཞི་བརྙེས་ལ་ཕྱག་འཚལ་ལོ། །སྒྲིབ་བྲལ་ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུ། །འཆི་མེད་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །གདུལ་བྱའི་ཁམས་བཞིན་སྟོན་པའི་སྤྲུལ་སྐུ་སྟེ། །བླ་མེད་སྐུ་གསུམ་བརྙེས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། 

      རྗེ་ཡེ་ཤེས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ་ལས་བཤུས།


       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
 


བརྒྱུད་འགོད།