སྟོན་པས་བར་དུ་ཚོགས་བསགས་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-05-20 11:21:14     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།     ཀློག་ཐེངས།  

                                    བར་དུ་ཚོགས་བསགས་ཚུལ། 
        གཉིས་པ་ཚོགས་བསགས་པའི་ཚུལ་ནི། བསྟོད་པ་ལས། འཁོར་དང་ལོངས་སྤྱོད་ལུས་སྲོག་གཏོང་བ་སོགས། །གྲངས་མེད་གསུམ་གྱི་བསོད་ནམས་ཡེ་ཤེས་ཚོགས། །རླབས་ཆེན་སྤྱོད་པའི་དཔུང་ཚོགས་ཡན་ལག་བཞིས། །བདུད་བཞིའི་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ། །དེ་ཡང་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི་ཞལ་ནས། ངས་སྔོན་ནད་པའི་ཆེད་དག་ཏུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བུ་དང་བུ་མོ་ཆུང་མ་དང༌། །ནོར་དང་གླང་ཆེན་ཤིང་རྟ་དང༌། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་དང༌། བརྩེ་བའི་རྒྱུ་ཡི་ཤ་ཁྲག་དང༌། །འཚོ་བ་ཡོངས་སུ་བཏང་གྱུར་ཀྱང༌། །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །ཅེས་གསུངས་པ་ལྟར་ལ། སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས། ཀུན་དགའ་བོ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཅི་ཙམ་དཀའ་བ་སྤྱད་པ་དེ་དག་ཐམས་ཅད་ཁྱོད་ཀྱི་དོན་དུ་སྤྱད་དོ། །ངས་རྒྱལ་སྲིད་དང༌། སྡུག་པ་དག་ཀྱང་ཡོངས་སུ་བཏང་ཞིང༌། བུ་ཕོ་དང༌། བུ་མོ་དང༌། ཆུང་མ་དང༌། བདག་གི་སྲོག་དང༌། ཤ་དང༌། ཁྲག་དང༌། རུས་པ་དང༌། རྐང་དང༌། རྣ་བ་དང༌། སྣ་དང༌། ལག་པ་དང༌། རྐང་པ་དང༌། མགོ་དག་ཀྱང་ཡོངས་སུ་བཏང་བ་དང༌། སྡུག་བསྔལ་དུ་མ་མྱོང་བ་དེ་དག་ཐམས་ཅད་ཀྱང་ཁྱོད་ཀྱི་ཕྱིར་རོ། །ཀུན་དགའ་བོ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ན། གང་བྱ་དཀའ་བ་དག་ཡོངས་སུ་བཏང་བར་བྱས་པ་དང༌། སེམས་ཅན་རྣམས་ཀྱི་དོན་དུ་ངས་སྡུག་བསྔལ་གང་དག་མྱོང་བ་དེ་དག་ཐམས་ཅད། ཀུན་དགའ་བོ། གལ་ཏེ་བརྗོད་ན་བདེན་པར་ཡིད་ཆེས་པར་མི་འགྱུར་ན་ཚིག་ཏུ་སྨྲ་བ་ལྟ་ཅི་སྨོས། ཀུན་དགའ་བོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཁྱོད་ཀྱི་དོན་དུ་སྡུག་བསྔལ་མི་བཟད་པ་རྩུབ་ཅིང་དྲག་པའི་ཚོར་བ་འདི་ལྟ་བུ་དག་མྱོང་ངོ་ཞེས་དེ་སྐད་བཤད་ན། དེ་བཞིན་གཤེགས་པ་དེས་བདག་ཅག་གི་དོན་དུ་དཀའ་བ་སྤྱད་དོ། །ཞེས་གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་དག་ཚིག་བཞི་པ་གཅིག་གིས་སྙིང་རྗེ་བསྐྱེད་ན། ཀུན་དགའ་བོ། སེམས་བསྐྱེད་པ་དེའི་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པའི་བར་དུ་འགྱུར་བར་ང་སྨྲ་ན། ཀུན་དགའ་བོ། ང་ལ་དགེ་བའི་རྩ་བ་བསྐྱེད་པ་ལྟ་ཅི་སྨོས། ཞེས་གསུངས་སོ། །དེ་ཡང་སྔོན་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་རྒྱས་པའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་བའི་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ། བསྐལ་བ་གྲངས་མེད་པ་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ་པར་གྱུར་ཏོ། །དེ་ནས་གྲོང་ཁྱེར་འཛམ་བུ་ཆུ་བོའི་གསེར་དུ་རྒྱལ་པོ་མཛེས་པར་སྣང་བའི་སྣ་ཆེན་པོ། ཚོང་དཔོན་ཤེས་རབ་བཟང་དུ་གྱུར་བའི་ཚེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་རྗེས་སུ་བསྟན་པ་མནོས་པ་ནས་བཟུང་སྟེ། གྲངས་མེད་པ་གཅིག་ཏུ་ཚོགས་བསགས་པས་ས་བདུན་པ་ནོན་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པ་ན། དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་པ་ལ། མེ་ཏོག་ཨུཏྤ་ལ་ལྔས་མཆོད་ཀྱང་ཀྲྀཥྞ་ས་རའི་པགས་པ་དང༌། རལ་བ་གསེར་གྱི་མདོག་ཅན་གདན་དུ་བཏང་ནས་བསྙེན་བཀུར་བ་ནས་བཟུང་སྟེ། གྲངས་མེད་གཅིག་ཏུ་ཚོགས་བསགས་པས། ས་བརྒྱད་པ་ནས་བཅུ་བའི་བར་ཐོབ་པས་ས་བཅུ་རྫོགས་སོ་ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་ཤིང༌། ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུཏྤ་ལ་ལྔས། །གཏོར་ཏེ་རལ་བ་གདན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཞེས་དང༌། ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང༌། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཞེས་གསུངས་སོ། །དེ་ལྟར་ན་མོས་སྤྱོད་ཀྱི་ས་ནས་ས་དང་པོའི་བར་དུ་གྲངས་མེད་པ་དང་པོའི་ཚོགས་དང༌། ས་དང་པོ་ནས་ས་བདུན་པའི་བར་དུ་གྲངས་མེད་པ་གཉིས་པའི་ཚོགས་དང༌། ས་བརྒྱད་པ་ནས་སབཅུ་པའི་བར་དུ་བསྐལ་ཆེན་གྲངས་མེད་པ་གསུམ་པོའི་ཚོགས་རྫོགས་སོ། །གཞན་ཡང༌། ཚོགས་ལམ་ལ་གྲངས་མེད་གཅིག་གི་ཚོགས་དང༌། སྦྱོར་བའི་ལམ་ལ་གྲངས་མེད་གཉིས་ཀྱི་ཚོགས་དང༌། ས་བཅུ་པོ་རེ་རེ་ལ་གྲངས་མེད་གསུམ་གསུམ་སྟེ། གྲངས་མེད་སུམ་ཅུ་རྩ་གསུམ་གསུངས་པའང་ཡོད་དེ། བརྒྱད་སྟོང་འགྲེལ་ཆེན་ལས། འདི་ལྟར་བསྐལ་བ་གྲངས་མེད་པ་དང་པོས་ནི། ཚོགས་ཀྱི་ས་ནས་བརྩམས་ཏེ་ས་དང་པོའི་བར་དུ་རྫོགས་པར་འགྱུར་རོ། །གཉིས་པས་ནི། དྲི་མ་མེད་པའི་ས་ནས་བཟུང་སྟེ་ས་བདུན་པའི་བར་དུའོ། །ཡང་བསྐལ་བ་གྲངས་མེད་པ་གསུམ་པས་ནི། ས་མི་གཡོ་བ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་དུའོ། །ཞེས་པ་ནས་འདི་ལྟར་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང་ཚོགས་ཀྱི་ས་ཀུན་ཏུ་རྫོགས་པར་བྱེད་པ་ན་བསྐལ་བ་གྲངས་མེད་པ་གཅིག་འདའ་བར་བྱེད་དོ། །དེའི་འོག་ཏུ་མོས་པ་སྤྱོད་པའི་ས་རྫོགས་པར་བྱེད་པ་ན་བསྐལ་བ་གྲངས་མེད་པ་གཉིས་འདའ་བར་བྱེད་དོ། །དེའི་འོག་ཏུ་རབ་ཏུ་དགའ་བ་ནས་བརྩམས་ཏེ་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་གྱི་བར་ལ་སོ་སོ་སོ་སོར་བསྐལ་བ་གྲངས་མེད་པ་གསུམ་གསུམ་གྱིས་བྱང་ཆུབ་སེམས་དཔའི་ས་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་བསྐལ་བ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་སངས་རྒྱས་ཉིད་འཐོབ་པ་ཡིན་ནོ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། འདུལ་བ་ལུང་སྨན་གྱི་གཞི་ལས། ཀུན་དགའ་བོས། འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཁྱོད་སྔོན་བྱང་ཆུབ་སྤྱོད་པ་ན། །སངས་རྒྱས་ཇི་སྙེད་དུས་གང་དུ། །ཇི་ལྟ་བུར་ནི་བསྙེན་བཀུར་མཛད། །ཅེས་ཞུས་པ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་དང་ནི་ལྔ་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །ཐུབ་པ་དབང་པོའི་རྒྱལ་མཚན་བར། །བདུན་ཁྲི་དང་ནི་དྲུག་སྟོང་གི །སངས་རྒྱས་རྣམས་ནི་ང་ཡིས་མཆོད། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །གྲངས་མེད་གསུམ་པོ་དེ་ལ་ནི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སྤྱོད་པ་ན། །དེ་ཚོ་ང་ལ་སྐྱོ་སེམས་མེད། །ཅེས་དང༌། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང༌། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་གསུངས་ལ། 
        སངས་རྒྱས་ཤཱཀྱ་ཐུབ་པ་ལ་བསྙེན་བཀུར་མཛད་ཅིང་སྨོན་ལམ་བཏབ་པའི་ཚུལ་ནི། ལུང་སྨན་གྱི་གཞི་ལས། སྔོན་གྲོང་ཁྱེར་ཡངས་པའི་རྫ་མཁན་ཡངས་པའི་འོད་ཅེས་བྱ་བར་གྱུར་པས། དེ་བཞིན་གཤེགས་པའི་ཤཱཀྱ་ཐུབ་པ་སེར་མའི་བསྙུན་གྱིས་ཟིན་པ་ལ་ཆུ་འཇམ་པོས་སྐུ་ཁྲུས་གསོལ་ཏེ། མར་དང་ཏིལ་མར་གྱིས་བྱུགས་ནས། བུ་རམ་ཆུའི་བཏུང་བ་དྲངས་པས་སྙུན་ལས་གྲོལ་ལོ། །དེ་ནས་དེ་དད་ནས། བདག་ཀྱང་རབ་ཏུ་སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་ལ། །ཡོན་ཏན་རིགས་དང་རུས་དག་མཉམ་པའི་སངས་རྒྱས་ཉིད་གྱུར་ཅིང༌། །བདག་གིས་ཚངས་པའི་འཇིག་རྟེན་བར་གྱི་ཉམ་ཐག་འཆི་བ་ཡི། །ཕ་རོལ་ཞི་བ་རྒྱ་ཆེན་འཇིགས་པ་མེད་པས་སྒྲོལ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །ཞེས་དང༌། ང་ནི་རྫ་མཁན་གྱུར་པ་ན། །སངས་རྒྱས་ཤཱཀྱ་ཐུབ་མཐོང་ནས། །བྱང་ཆུབ་ཕྱིར་ནི་ཐོག་མར་ངས། །མར་དང་ཏིལ་མར་གྱིས་མཆོད་དོ། །ཞེས་འབྱུང་ངོ༌། །དེ་ཡང་སེམས་བསྐྱེད་པ་དང་མཉམ་དུ་བསྐལ་བ་གྲངས་མེད་པའི་ཚོགས་ཀྱི་འགོ་བརྩམས་པ་མིན་ཏེ། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ། དེ་བཞེན་གཤེགས་པ་ནི་བསྐལ་བ་གྲངས་མེད་པ་དུ་མས་ཡང་དག་པར་འགྲུབ་པ་ཡིན་ཏེ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་དཔག་པ་དང༌། བསམ་པ་དང༌། བརྟགས་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་བ། བཅོམ་ལྡན་འདས། བསྐལ་བ་གྲངས་མ་མཆིས་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱང་ཡང་དག་པར་འགྲུབ་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡུལ་བསྒྲུབ་པར་བྱ་བ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ནི་བསྐལ་བ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་མི་ནུས་ཀྱི། ནམ་བྱང་ཆུབ་སེམས་དཔའ་ཆོས་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་ནས་བརྩམས་ཏེ། བསྐལ་བ་བགྲང་བར་བྱ་ཡིས། ཐོག་མའི་སེམས་ནས་བརྩམས་ཏེ་ནི་མ་ཡིན་ནོ། །ཞེས་གསུངས་ལ། དེས་ན་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང༌། །སེམས་བརྟན་ཁྱད་པར་འགྲོ་བ་ཡིས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །ཞེས་དང༌། དེའི་འགྲེལ་བར། བཟང་པོ་ནི་དགེ་བ་སྟེ། དེ་སྟོབས་དང་ལྡན་པར་གྱུར་པ་ནི་བཟང་པོའི་སྟོབས་ཅན་ཏེ། དེ་དེ་ལ་ཡོད་པའི་ཕྱིར་རོ། །སྨོན་པ་འདིར་སྨོན་ལམ་དུ་འདོད་དེ། དེ་ལ་ཡོད་པས་སྨོན་ལམ་གྱི་སྟོབས་ཅན་ནོ། །དེ་ལ་དགེ་བའི་རྩ་བའི་སྟོབས་ཅན་ནི། མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ཅན་ནི། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་པའི་ཕྱིར་རོ། །སེམས་བརྟན་པ་ཉིད་ནི། མི་དགེ་བའི་གྲོགས་པོས་བཟློག་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཁྱད་པར་དུ་འགྲོ་བ་ནི། མཐོང་བའི་ཆོས་དང་ཚེ་རབས་ཕྱི་མ་ལ་དགེ་བའི་ཆོས་འཕེལ་བ་དང་ཡོངས་སུ་མི་ཉམས་པའི་ཕྱིར་རོ། །དེ་ལྟར་གང་གི་ཚེ་དགེ་བའི་རྩ་བ་དང་སྨོན་ལམ་གྱི་སྟོབས་ཅན་དང༌། སེམས་བརྟན་ཏེ་བར་མ་དོར་མི་ལྡོག་པ་དང༌། ཁྱད་པར་དུ་འགྲོ་བ་སྟེ། ཡོན་ཏན་ཅུང་ཟད་ཀྱིས་ཆོག་པར་མི་འཛིན་པ་དེ་ནས་བརྩམས་ཏེ་གྲངས་མེད་པ་གསུམ་བརྩམས་སོ། །ཞེས་དགེ་བ་དང་སྨོན་ལམ་གྱི་སྟོབས་དང་བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པ་དང༌། རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་གོང་ནས་གོང་དུ་འཕེལ་བའི་སྐབས་ཤིག་ནས་བསྐལ་བ་གྲངས་མེད་པའི་ཚོགས་ཀྱི་འགོ་བརྩམས་པར་གསུངས་སོ། །ཚོགས་ཀྱི་སྐད་དོད་ནི། སཾ་བྷ་ར་ཞེས་པ་ཡིན་ལ། སམ་ནི་ཡང་དག་པར་འགྲུབ་པ་དང༌། བྷ་ནི་ངོ་བོ་དང༌། ར་ནི་འཛིན་པ་སྟེ། དེས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི། བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པའི་ངོ་བོའམ། བྱང་ཆུབ་ཆེན་པོ་ནི་ཚོགས་གཉིས་ཀྱི་འབྲས་བུར་འཛིན་པའི་དོན་གྱིས་ན་ཚོགས་སོ། །བསོད་ནམས་ཞེས་པ་ནི་གཞན་ལ་ཕན་ཞིང་བསོད་པས་གསོས་ཤིང་གནས་པའི་མིང་དུ་བམ་གཉིས་ལས་གསུངས་ལ། སྤྱིར་བསོད་ནམས་ཞེས་པ་སྐབས་འགར་དགེ་བ་སྤྱི་དང༌། སྐབས་འགར་འདོད་པའི་དགེ་བའི་ལས་ལ་འཇུག་པའི་སྐབས་ཀྱང་ཡོད་དོ། །འགྲེལ་བ་དོན་གསལ་ལས་སྙིང་རྗེ་ལ་སོགས་པ་འདི་དག་གིས་ཡང་དག་པར་འགྲུབ་པའི་ངོ་བོ་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པའི་ཕྱིར་ན། སྙིང་རྗེ་ལ་སོགས་པ་ཚོགས་ཡིན་པས་ཚོགས་ཀྱི་སྒྲུབ་པ་རྣམ་པ་བཅུ་བདུན་ནོ། །དེ་ལ་ཡེ་ཤེས་ཀྱི་ཚོགས་ནི། ནང་དང༌། ཕྱི་དང༌། དེ་གཉིས་ཀ་དང༌། སྟོང་བ་དང༌། ཆེན་པོ་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། མཐའ་ལས་འདུས་པ་དང༌། ཐོག་མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་དང༌། རང་བཞིན་དང༌། ཆོས་ཐམས་ཅད་དང༌། མཚན་ཉིད་དང༌། མི་དམིགས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། དངོས་པོ་དང༌། དངོས་པོ་མེད་པ་དང༌། རང་གི་ངོ་བོ་དང༌། གཞན་གྱི་ངོ་བོ་སྟོང་བ་ཉིད་ཀྱི་བྱེ་བྲག་གིས་རྣམ་པ་ཉི་ཤུའོ། །ཞེས་སྟོང་ཉིད་ཉི་ཤུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་གསུངས་སོ། །མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་ཕར་ཕྱིན་དྲུག་གི་དང་པོ་གཉིས་བསོད་ནམས་ཀྱི་ཚོགས་དང༌། ཐ་མ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། བཟོད་པ་བརྩོན་འགྲུས་བསམ་གཏན་གསུམ་ནི་ཚོགས་གཉིས་ཀ་དང༌། འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་ཚེ་ཕར་ཕྱིན་དང་པོ་ལྔ་ཆར་ཡང་ཡེ་ཤེས་ཀྱི་ཚོགས་ཡིན་པར་གསུངས་ཤིང༌། འཇུག་པ་ལས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཞེས་ཕར་ཕྱིན་དང་པོ་གསུམ་ནི་བསོད་ནམས་ཀྱི་ཚོགས་དང༌། གཟུགས་སྐུའི་རྒྱུའི་གཙོ་བོ་དང༌། ཐ་མ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་དང༌། ཆོས་སྐུའི་རྒྱུའི་གཙོ་བོ་དང༌། བརྩོན་འགྲུས་ཀྱི་ཕར་ཕྱིན་ཚོགས་གཉིས་ཀའི་རྒྱུར་གསུངས་ཤིང༌། རྒྱུད་བླ་མ་ལས། བསོད་ནམས་ཕ་རོལ་ཕྱིན་པ་སྟེ། །དེ་ལ་རྣམ་གསུམ་རྟོག་མེད་པས། །དེ་རྫོགས་ཡོངས་སུ་དག་པ་ནི། །དེ་ཡི་མི་མཐུན་ཕྱོགས་སྤང་ཕྱིར། །ཞེས་ཕར་ཕྱིན་དང་པོ་ལྔ་བསོད་ནམས་ཀྱི་ཚོགས་དང༌། དེ་ལྔ་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕར་ཕྱིན་ནི། ཡེ་ཤེས་ཀྱི་ཚོགས་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔའི་མི་མཐུན་པའི་ཕྱོགས་སྤོང་བྱེད་དུ་གསུངས་སོ། །དེ་ལྟར་ན་གཞུང་འདི་དག་གི་དོན་ནི། ཆོས་དབྱིངས་བསྟོད་འགྲེལ་ལས། དེ་ལ་རྒྱུད་བླ་མས་ནི། སྟོང་ཉིད་རྟོགས་པའི་ལྟ་བས་མ་ཟིན་པའི་ཕར་ཕྱིན་ལྔའི་དབང་དུ་བྱས་ལ། འཇུག་པས་ནི། དང་པོ་གསུམ་གཙོ་ཆེ་བ་དང༌། མདོ་སྡེ་རྒྱན་གྱིས་ནི། དང་པོ་གཉིས་དང་ཕྱི་མ་གཉིས་ཚོགས་ཀྱི་ངོ་བོའི་དབང་དུ་བྱས་ཤིང༌། བར་བ་གསུམ་ལ་ཚོགས་གཉིས་ཡོད་པའི་དབང་དུ་བྱས་སོ། །ཞེས་བཤད་དོ།། 
       དེ་ཡང་བསྐལ་བ་གྲངས་མེད་པ་གསུམ་ཞེས་པའི་གྲངས་མེད་ཀྱི་དོན་ནི། གལ་ཏེ་བསྐལ་བ་གྲངས་མེད་པར་ལམ་བསྒོམ་དགོས་ན་གསུམ་གྱི་རྣམ་བཞག་མི་འཐད་ལ། གསུམ་ཡིན་ན་གྲངས་མེད་པར་མི་འཐད་དོ་ཞེ་ན། ཡེ་གྲངས་མེད་པ་ནི་མ་ཡིན་ཏེ། འདི་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་བ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང༌། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང༌། །ཞེས་པ་ནས། གྲངས་མེད་པ་ནི་ཐ་མ་ཡིན། །ཞེས་གསུངས་པ་ལྟར་གྱི་གྲངས་ཀྱི་གནས་དྲུག་ཅུ་བ་ལ་གྲངས་མེད་ཅེས་མིང་གིས་བཏགས་པ་དེའི་དབང་དུ་བྱས་པར་གཞུང་འགའ་ཞིག་ལས་གསུངས་ལ། བཤད་པའི་རྣམ་གྲངས་གཞན་ནི། བྱང་ས་ལས། བསྐལ་བ་ཆེན་པོ་གྲངས་མེད་པ་དང་པོས་ནི་མོས་པས་སྤྱོད་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་རབ་ཏུ་དགའ་བ་ལ་གནས་པ་འཐོབ་སྟེ། དེ་ཡང་རྟག་ཏུ་འབད་པས་འཐོབ་ཀྱི་མི་འབད་པས་ནི་མ་ཡིན་ནོ། །བསྐལ་བ་ཆེན་པོ་གྲངས་མེད་པ་གཉིས་པས་ནི་རབ་ཏུ་དགའ་བ་ལ་གནས་པ་ནས། མཚན་མ་མེད་པ་ལ་གནས་པ་ལ་རྩོལ་བ་དང་བཅས་པའི་བར་ལས་འདས་ཏེ། མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་འཐོབ་པར་འགྱུར་རོ། །དེ་ནི་ངེས་པ་ཁོ་ན་སྟེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དེ་ནི་ངེས་པར་འབད་པའི་ཕྱིར་རོ། །བསྐལ་བ་ཆེན་པོ་གྲངས་མེད་པ་གསུམ་པས་ནི། མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་དང་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི་གནས་པ་མཆོག་ཐོབ་པར་འགྱུར་རོ། །དེ་ལ་བསྐལ་བ་གྲངས་མེད་པ་ནི་གཉིས་སུ་རིག་པར་བྱ་སྟེ། བསྐལ་བ་ཆེན་པོ་གང་ཡིན་པ་དེ་ཡང་ཉིན་མཚན་དང༌། ཟླ་བ་དང་ཟླ་བ་ཕྱེད་དུ་བགྲང་བའི་ཚུལ་གྱིས་དུས་དཔག་ཏུ་མེད་པའི་ཕྱིར། གྲངས་མེད་པ་ཞེས་བྱའོ། །བསྐལ་བ་ཆེན་པོ་དེ་དག་བགྲང་བའི་ཚུལ་གྱིས་བགྲང་བ་ཐམས་ཅད་ལས་འདས་པའི་གྲངས་གང་ཡིན་པ་དེ་ཡང་གྲངས་མེད་པ་ཞེས་བྱ་སྟེ། བསྐལ་བ་གྲངས་མེད་པ་སྔ་མ་ཤོས་ཀྱིས་ནི། བསྐལ་བ་གྲངས་མེད་པ་མི་ཉུང་བ་ཞིག་གིས་བྱང་ཆུབ་ཐོབ་པར་འགྱུར་རོ། །བསྐལ་བ་གྲངས་མེད་པ་ཕྱི་མ་ཤོས་ཀྱིས་ནི། གསུམ་ཁོ་ནས་འཐོབ་ཀྱི་ལྷག་པས་ནི་མ་ཡིན་ཏེ། སུ་བརྩོན་འགྲུས་རྩོམ་པ་ཆེན་པོའི་ཡང་ཆེན་པོས་སྦྱོར་བ་དེའི་ནང་ན་ལ་ལ་ནི་བར་གྱི་བསྐལ་བ་མང་པོ་ཞིག་འདུམས་པར་བྱེད་དོ། །ལ་ལ་ནི་བསྐལ་བ་ཆེན་པོ་དག་གི་བར་དུ་འདུམས་པར་བྱེད་ཀྱི། གྲངས་མེད་པ་འདུམས་པར་བྱེད་པ་ནི་འགའ་ཡང་མེད་པར་རིག་པར་བྱའོ། །ཞེས་གསུངས་ལ། དེ་ཡང་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་སྔོན་བྱང་ཆུབ་སེམས་དཔའ་བྲམ་ཟེ་ཁྱེའུ་ཞིག་ཏུ་གྱུར་པའི་ཚེ། སངས་རྒྱས་སྐར་རྒྱལ་རིའི་ཕུག་ཞིག་ན་མེ་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས་རྐང་བ་ཡ་གཅིག་གིས་འགྲེང་སྟེ་ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་ཡུལ་ཞིག་ག་ལ་ཡོད། །ཅེས་དེ་ལྟར་བསྐོར་བ་བྱས་ཏེ་བསྟོད་པས་བསྐལ་བ་དགུའི་ཚོགས་འདུམས་པར་ལུང་སྨན་གྱི་གཞི་ལས། །རིན་ཆེན་བཀྲ་བའི་ཕུག་ན་ཡང༌། །སངས་རྒྱས་སྐར་རྒྱལ་ལ་ནི་ངས། །དེ་ཚེ་ཚིགས་བཅད་གཅིག་བསྟོད་པས། །བསྐལ་བ་དགུ་ནི་ཕྱིར་བསྙིལ་ཏོ། །ཞེས་དང༌། མདོ་གཞན་ལས་ཀྱང༌། བྲམ་ཟེ་དམ་པ་དེ་རིང་དུ། །དེ་བཞིན་གཤེགས་པ་ལེགས་བསྟོད་པའི། །སྟོབས་དང་བརྩོན་འགྲུས་འདི་ཡིས་ནི། །བསྐལ་བ་དགུ་ཞིག་འདུམས་པར་འགྱུར། །ཞེས་འབྱུང་བ་ལྟར་རོ།། 
       བར་སྐབས་ཀྱི་ཚིགས་བཅད། 
       འདིར་སྨྲས་པ། བྱམས་དང་སྙིང་རྗེ་ཚངས་པའི་ཆུ་གཏེར་ལས། །བྱང་ཆུབ་སེམས་ཀྱི་ཟླ་བ་དཀར་བོའི་ཕྲེང༌། །ས་ཆེན་བཅུ་གཉིས་ཁྱིམ་དུ་ཤར་བའི་ཚེ། །གཞན་ཕན་ཀུན་ཏུ་བཟང་པོའི་འོད་ཟེར་འཕྲོ། །དེ་ཡང་བྱང་ཆུབ་ཆེན་པོར་འདུན་པའི་སེམས། །རྒྱུ་སྐར་ལམ་ནས་ཟླ་བ་ཚེས་པ་བཞིན། །དཀར་ཆོས་ཀུན་གྱི་གཞི་རྟེན་ས་དང་མཚུངས། །ཕན་འདེའི་བསམ་པ་འགྱུར་བ་མེད་པའི་སེམས། །དྲི་མེད་འཛམ་བུ་ཆུ་ཡི་གསེར་དང་འདྲ། །ལྷག་བསམ་ཆེན་པོ་གོང་དུ་འཕེལ་བའི་སེམས། །རིན་ཆེན་འབྱུང་གནས་དག་གི་རྗེས་སུ་འགྲོ། །རྣམ་པར་འཚེ་བས་གཡོ་མེད་བཟོད་པའི་སེམས། །ཤིན་ཏུ་ཟབ་པའི་རྒྱུ་མཚོ་ཆེན་པོ་འདྲ། །བརྩོན་འགྲུས་ཆེན་པོའི་འོད་སྣང་འཕྲོ་བའི་སེམས། །རྡོ་རྗེ་རིན་པོ་ཆེ་དང་ཡང་དག་མཚུངས། །གཡོ་མེད་བསམ་གཏན་ཕ་རོལ་ཕྱིན་པའི་སེམས། །ཤིན་ཏུ་བརྟན་པ་རི་ཡི་རྒྱལ་པོ་བཞིན། །ལྔ་རིག་ཤེས་རབ་ཕ་རོལ་ཕྱིན་པའི་སེམས། །འགྲོ་བའི་ནད་བརྒྱ་སེམས་བའི་སྨན་དང་མཚུངས། །ཐབས་ལ་མཁས་པ་རིང་དུ་སོང་བའི་སེམས། །འགྲོ་དོན་མཛད་པའི་བཤེས་གཉེན་དཔེ་རུ་བྱས། །དབང་བཅུ་ཐོབ་པ་སྨོན་ལམ་ཆེན་པོའི་སེམས། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་འདྲ། །ལེགས་པའི་བློ་གྲོས་སྟོབས་དང་ལྡན་པའི་སེམས། །སྣ་ཚོགས་འབྲས་བུ་སྨིན་བྱེད་ཉི་མ་བཞིན། །ཡེ་ཤེས་སྣང་བའི་གཏེར་དང་འགྲོགས་པའི་སེམས། །ཀུན་ཏུ་སྙན་པའི་དྲི་ཟའི་གླུ་དབྱངས་འདྲ། །མངོན་པར་ཤེས་པ་ལྔ་དང་ལྡན་པའི་སེམས། །ཐོགས་མེད་མཐུ་ལྡན་རྒྱལ་པོ་ཆེན་པོ་བཞིན། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ལྡན་པའི་སེམས། །མི་ཟད་རིན་ཆེན་མང་པོའི་མཛོད་དང་མཚུངས། །བྱང་ཆུབ་ཕྱོགས་ཀྱི་ཆོས་དང་མཐུན་པའི་སེམས། །ཀུན་ཏུ་རྒྱུ་བའི་ལམ་པོ་ཆེ་ལྟ་བུ། །སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་སེམས། །ཕྱོགས་སུ་འགྲོ་བའི་བཞོན་པ་བཟང་པོ་བཞིན། །གཟུངས་དང་སྤོབས་པ་ཆེན་པོ་ལྡན་པའི་སེམས། །ལེགས་བཤད་མི་ཟད་བཀོད་མའི་ཆུ་དང་མཚུངས། །ཆོས་ཀྱི་སྡོམ་བཞི་དག་དང་ལྡན་པའི་སེམས། །ཡིད་དུ་འོང་བའི་སྒྲ་སྙན་སྒྲོགས་པ་བཞིན། །བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་སེམས། །རིས་སུ་མ་ཆད་ཆུ་བོ་ཆེན་པོ་བཞིན། །ཆོས་ཀྱི་སྐུ་དང་ལྡན་པའི་བྱང་ཆུབ་སེམས། །ཕུན་ཚོགས་ཆར་བ་འབེབས་པའི་སྤྲིན་དང་མཚུངས། །ཟླ་ཚེ་ལྟ་བུའི་ཐུགས་མཆོག་བསྐྱེད་པ་ནས། །འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པའི་བར། །གྲངས་མེད་ཚོགས་རྫོགས་ས་ཡི་ཡོན་ཏན་ཆོས། །བརྒྱ་ཕྲག་བཅུ་གཉིས་གོང་ནས་གོང་དུ་ཐོབ། །དེ་ལྟར་རྒྱལ་སྲས་ངང་བའི་རྒྱལ་པོ་ནི། །ཟབ་དང་རྒྱ་ཆེའི་གཤོག་དཀར་རིང་དུ་གཡོ། །གྲངས་མེད་ཚོགས་ཀྱི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།