སྟོན་པས་ དང་པོ་ཐུགས་བསྐྱེད་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-05-20 11:03:30     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

                               

200672514102152.jpg

        ༄༅། །ངོ་མཚར་བཀྲ་ཤིས་བསྐལ་བ་བཟང་པོ་དྲི་མེད་ལྷ་ཡི་ལམ་ཡངས་པོར། །རྣམ་འདྲེན་ཉི་མ་སྟོང་གི་དཀྱིལ་འཁོར་རིམ་གྱིས་ཡང་དག་ཤར་བ་ལས། །བདེ་གཤེགས་བཞི་པ་ཟས་གཙང་སྲས་ཞེས་རྨད་བྱུང་གྲགས་པའི་འོད་སྟོང་ཅན། །སྟོང་གསུམ་མི་མཇེད་ཞིང་གི་ཉི་མ་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །སྲས་མཆོག་གནས་བརྟན་ཤཱ་རིའི་བུ་དང་རྫུ་འཕྲུལ་དབང་ཕྱུག་མོ་འགལ་བུ། །རྒྱལ་བའི་རྒྱལ་ཚབ་འོད་སྲུང་ཆེན་པོ་མང་ཐོས་རྒྱ་མཚོ་ཀུན་དགའ་བོ། །ཤཱ་ནའི་གོས་ཅན་འཕགས་པ་ཉེ་སྦས་དྷི་ཏི་ཀ་དང་ནག་པོ་བ། །ལེགས་མཐོང་ཆེན་མོ་ཆུ་དབུས་པ་སོགས་དགྲ་བཅོམ་ཆེན་པོ་རྣམས་ལ་འདུད། །གང་གི་རྨད་བྱུང་མཛད་པ་མཐའ་དག་སར་གནས་འཕགས་པ་རྣམས་ཀྱིས་ཀྱང༌། །ཇི་ལྟ་བ་བཞིན་བརྗོད་མི་ནུས་ན་ཚུར་མཐོང་བྱིས་པས་སྨོས་ཅི་འཚལ། །འོན་ཀྱང་སྡེ་སྣོད་གསུམ་ལས་བྱུང་བའི་མཛད་ཆེན་རྣམ་ཐར་ཆ་ཙམ་ཞིག །སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་བཞིན་རང་གི་དད་པའི་རྟེན་དུ་འགོད།། 
        དེ་ཡང་བདག་ཅག་རྣམས་ཀྱི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིམ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ ཤཱཀྱའི་རྒྱལ་པོ། སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞི་བརྙེས་པ། ཉིན་ལན་གསུམ། མཚན་ལན་གསུམ། འཇིག་རྟེན་ཐམས་ཅད་ལ་ཐུགས་རྗེ་སྤྱན་གྱི་གཟིགས་ནས། གང་ནི་ཉམས། གང་ནི་འཕེལ། གང་ནི་གནོད་པ་དང་ཉམ་ང་བ་དང་མི་བདེ་བར་གྱུར། གང་ནི་ངན་སོང་ལ་གཞོལ་ཞིང་འབབ། གང་ནི་ངན་སོང་གི་ལམ་ནས་བསླང་སྟེ། མཐོ་རིས་དང༌། ཐར་བ་ལ་བཞག གང་འདོད་པའི་འདམ་དུ་བྱིང་བའི་ལག་པ་ནས་དྲང༌། གང་སངས་རྒྱས་འབྱུང་བ་དོན་དང་བཅས་པར་བྱ། གང་གི་དགེ་རྩ་མ་བསྐྱེད་པ་ནི་བསྐྱེད། བསྐྱེད་པ་ནི་སྨིན། སྨིན་པ་ནི་གྲོལ་བར་བྱ། ཞེས་སེམས་ཅན་ཀུན་ལ་བུ་གཅིག་ལྟར་བརྩེ་བ། མཁྱེན་པ་ལ་ཐོགས་པ་མི་མངའ་ཞིང༌། ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་ཉིད་ཀྱིས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་ཆེན་པོ་གྲངས་མེད་པ་གསུམ་དུ་ཚོགས་བསགས། །མཐར་འོག་མིན་དག་པའི་ཞིང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང༌། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་དམ་པའི་ཆོས་ཀྱི་སྣང་བ་སྤྲོ་བའི་ཕྱིར་དང༌། འཁོར་རྣམ་བཞི་རྗེས་སུ་འཛིན་པའི་ཕྱིར་དང༌། སྔོན་གྱི་ཐུགས་བསྐྱེད་པའི་དམ་བཅའ་རྣམས་ཡང་དག་པར་རྗེས་སུ་བསྒྲུབ་པའི་ཕྱིར་དུ། འཛམ་བུའི་གླིང་འདིར་མང་པོས་བཀུར་བའི་རྒྱལ་རྒྱུད་རྒྱལ་པོ་ཟས་གཙང་གི་སྲས་སུ་སྐུ་བལྟམས་ཏེ། རབ་ཏུ་བྱུང་ཞིང༌། དཀའ་བ་སྤྱད་དེ། གསར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཏེ། ལྔ་སྡེ་བཟང་པོ་ནས་ཀུན་ཏུ་རྒྱུ་རབ་བཟང་གི་བར་གྱི་སྐུ་དངོས་ཀྱི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང༌། ཕྱི་རབས་ཀྱི་བསྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱང༌། དམ་པའི་ཆོས་ཀྱི་བདུད་རྩི་ལ་ལོངས་སྤྱོད་པའི་ཕྱིར་དུ། ཐུགས་རྗེ་ཅན་ཉིད་ཀྱི་རྒྱལ་ཚབ་ཏུ་སངས་རྒྱས་དང་འདྲ་བའི་ཉན་ཐོས་དང༌། རྒྱ་བོད་ཀྱི་སློབ་དཔོན་ཆེན་པོ་དག་ལུང་བསྟན་ཏེ། འཇིག་རྟེན་གྱི་ཁམས་འདིར་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱིན་གྱིས་བརླབས་ཤིང༌། ཕྱོགས་ཐམས་ཅད་དུ་ཤིན་ཏུ་བཀྲ་ཤིས་པར་མཛད་དོ། །ཞེས་ཐོས་སོ། །དེས་ན་འདིར་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་མཛད་ཆེན་གྱི་སྒོ་ནས་བསྟོད་པ་པདྨ་དཀར་པོ་ཞེས་བྱ་བའི་དོན་འགྲེལ་བ་ལ་གསུམ། དང་པོར་ཐུགས་བསྐྱེད་པའི་ཚུལ། བར་དུ་ཚོགས་བསགས་པའི་ཚུལ། མཐར་མཛད་ཆེན་བཅུ་གཉིས་སོགས་ཀྱི་སྒོ་ནས་འགྲོ་བའི་མཛད་པའི་ཚུལ་ལོ།། 
       དང་པོ་ཐུགས་བསྐྱེད་ཚུལ། 
       དང་པོ་ནི། བསྟོད་པ་ལས། རྨད་བྱུང་ཚོགས་གཉིས་རྒྱ་མཚོའི་དབུས་ན་གནས། །དགྲ་བཅོམ་གསེར་རིའི་ཕྲེང་པས་ཡོངས་སུ་བསྐོར། །བླ་མེད་སྐུ་བཞིའི་བང་རིམ་མངོན་པར་མཐོ། །སྟོབས་བཅུའི་མཁར་འཕགས་ཐུབ་དབང་ལྷུན་པོར་འདུད། །ལས་ཉོན་རླབས་ཕྲེང་གཡོ་བའི་ཡིད་མཚོ་ལས། །ངོ་མཚར་ཡོན་ཏན་དྲན་པའི་པདྨ་དཀར། །ཁྱོད་སྐུའི་ཉིན་བྱེད་དབང་པོར་མངོན་ཕྱོགས་ཏེ། །བསྟོད་ཚིག་གེ་སར་བཞད་ལ་བརྩེ་བས་དགོངས། །ལྷར་བཅས་འགྲོ་བའི་སྐྱོབ་པ་བླ་ན་མེད། །འཇིག་རྟེན་གསུམ་གྱི་ཡོན་གནས་ཞིང་གི་མཆོག །སྟོང་ཕྲག་ཉི་མ་འབར་བའི་གཟི་བརྗིད་ཅན། །བསོད་ནམས་བརྒྱ་ཡི་མཚན་དང་ལྡན་པ་ཁྱོད། །སྔོན་ཚེ་བདེ་གཤེགས་རིན་ཆེན་སྙིང་པོའི་དྲུང༌། །བྱང་ཆུབ་ཐུགས་བསྐྱེད་སྨོན་ལམ་བརྒྱ་ཕྲག་ལྔས། །ཞིང་འདི་བཟུང་བས་རྒྱལ་ཀུན་མགྲིན་གཅིག་ཏུ། །པད་དཀར་ལྟ་བུར་བསྔགས་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ། །དེ་ཡང་སྔོན་བསྐལ་བ་གྲངས་མེད་པ་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་ན། བསྐལ་བ་ཆེན་པོ་འཛིན་མ་ཞེས་བྱ་བ་ལ་འཁོར་ལོས་བསྒྱུར་པའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་ངོ༌། །དེ་ལ་རྒྱལ་བུ་མིག་མི་འཛུམ་པ་ལ་སོགས་པ་སྲས་སྟོང་དང༌། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་མངའ་འོ། །དེའི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་ལ་སྲས་བརྒྱད་ཅུ་དང༌། སློབ་མ་བྲམ་ཟེ་སྟོང་དང་བཅས་པ་ཡོད་དོ། །རྒྱ་མཚོའི་རྡུལ་གྱི་སྲས་བྲམ་ཟེ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་མངོནཔར་རྫོགས་པར་སངས་རྒྱས་པའི་མཚན་ལ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཞེས་བྱ་བར་གྲགས་སོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་སངས་རྒྱས་རིན་ཆེན་སྙིང་པོ་ལ་ཟླ་བ་གསུམ་དུ་བསྙེན་བཀུར་བྱས་སོ། །དེ་ནས་དེའི་སྲས་སྟོང་གིས་ཀྱང་ཟླ་བ་གསུམ་དུ་བསྙེན་བཀུར་བྱས་ཏེ། ལོ་ཉིས་བརྒྱ་ལྔ་བཅུ་དང་ཟླ་བ་གསུམ་འདས་པ་ན། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ཀྱང་ལོ་བདུན་གྱི་བར་དུ་བསྙེན་བཀུར་བྱས་ཤིང་ཆོས་མཉན་ཏེ་རྨི་ལམ་བརྟགས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་པདྨ་ཉི་མའི་འོད་ཟེར་འཕྲོ་བ་ཞིག་ཉིད་ལ་བསྐུར་བ་སོགས་དང༌། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་སྲོག་ཆགས་མང་པོ་ཟ་བ་དང༌། བློན་པོ་འགའ་ཞིག་ཤིང་རྟ་བདེ་བ་ལས་ལམ་བདེ་བར་སོང་བ་སོགས་རྨིས་ཏེ། སངས་རྒྱས་རིན་ཆེན་སྙིང་པོ་ལ་ཞུས་པས། རྒྱལ་པོ་རྒྱལ་སྲིད་ལ་ཆགས་ཤིང་མི་དགེ་བ་སྤྱད་པས་ངན་སོང་དང་འཁོར་བར་ལུང་བསྟན། བློན་པོ་དེ་དག་ཉན་རང་དུ་ལུང་བསྟན། གཞན་མང་པོ་བྱང་ཆུབ་ཆེན་པོར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་མིར་གྱུར་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དམ་པའི་ཆོས་མཉན་པའང་རྙེད་པར་དཀའ་ཡིས། བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛོད་ཅིག ཅེས་བསྐུལ་བ་དང༌། རྒྱལ་པོས་སྨྲས་པ། སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་བཟང་པོ་འབྱུང་ན་སེམས་བསྐྱེད་དོ། །ཞེས་ཁས་བླངས་སོ། །དེ་ནས་སངས་རྒྱས་རིན་ཆེན་སྙིང་པོ་མེ་ལོང་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པ་དག་བསྟན་ཏེ། ཞིང་གང་བཟང་བ་དག་འདམ་དུ་བཅུག་པས། རྒྱལ་པོའང་དད་དེ་རང་གི་སངས་རྒྱས་ཀྱི་ཞིང་བཟུང་བའི་ཕྱིར་ཁབ་ཏུ་ཞུགས་ནས་སེམས་པར་བྱེད་ཅིང༌། རྒྱལ་བུ་སྟོང་དང༌། བྲམ་ཟེ་རིག་བྱེད་ཀློག་པ་སྟོང་ལ་སོགས་པས་ཀྱང་རང་རང་གི་སངས་རྒྱས་ཀྱི་ཞིང་བཟུང་བའི་ཕྱིར་སེམས་པར་བྱེད་དོ། །དེ་ནས་རྒྱལ་པོ་འཁོར་བཅས་ལྷས་བསྐུལ་ཏེ། སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་སོང་ནས་སྤྱན་སྔར་འཁོད་དེ་སེམས་བསྐྱེད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ནི་མ་འོངས་པ་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འོད་དཔག་མེད་དུ་འགྱུར་རོ། །ཞེས་ལུང་བསྟན་ཏོ། །བུ་ཐུ་བོ་མིག་མི་འཛུམ་ནི། འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ་ཞེས་བྱ་བར་འགྱུར་བར་ལུང་བསྟན་པ་ནས། རྒྱལ་བུ་སྟོང་ཚང་བའི་བར་དུ་ལུང་བསྟན་ཏོ། །དེ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང༌། སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང༌། རྒྱ་མཚོའི་རྡུལ་གྱི་སྲས་བརྒྱད་ཅུ་དང༌། བྲམ་ཟེ་རིག་བྱེད་ཀློག་པ་སྟོང་གཅིག་དང༌། བྲམ་ཟེ་བྱེ་བ་ཕྲག་གསུམ་ཡང་ལུང་བསྟན་ཏོ། །དེ་ནས་བྲམ་ཟེ་རིག་བྱེད་ཀློག་པ་སྟོང་གི་ཐ་མས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ། བསྐལ་བ་བཟང་པོ་དེ་ལ་ཐུབ་པ་ཉི་མ་དུ་མཆི་བར་འགྱུར་ཞེས་གསོལ་བ་ལ། བཀའ་སྩལ་བ། ཐུབ་པ་ཉི་མ་སྟོང་དང་བཞི་འབྱུང་བར་འགྱུར་རོ། །གསོལ་བ། བདག་ནི་ཐུབ་པ་ཉི་མ་དེ་དག་གི་སྐུ་ཚེའི་ཚད་དང་གདུལ་བྱ་ལ་སོགས་པ་ཅི་ཙམ་པ་དེ་ཙམ་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། སངས་རྒྱས་རིན་ཆེན་སྙིང་པོས་ལགས་སོ་གནང་སྟེ། སངས་རྒྱས་སྣང་མཛད་ཅེས་བྱ་བར་འགྱུར་བར་ལུང་བསྟན་ཏོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་པུས་མོ་གཡསཔའི་སླ་ང་ས་ལ་བཙུགས་པ་དང་མཉམ་དུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ཤིང༌། འོག་མིན་གྱི་བར་གྱི་ལྷ་ཐམས་ཅད་ནམ་མཁའ་ལ་འཁོད་དེ་མེ་ཏོག་ལ་སོགས་པའི་ཆར་བབ་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་སྲོག་ཆགས་བྱེ་བ་མང་པོ་ལ་བྱང་ཆུབ་འཛིན་དུ་བཅུག་པ་དེ་དག་གིས། སྙིགས་མ་ལྔ་བདོ་བའི་དུས་ཀྱི་སེམས་ཅན་སྐྱབས་མེད་པ་དཔུང་གཉེན་མེད་པ། དེ་དག་སྤང་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་བཟང་པོ་དང༌། སེམས་ཅན་འདུལ་སླ་བ་དག་ཡོངས་སུ་བཟུང་ན། སེམས་ཅན་དེ་དག་ལ་སྙིང་རྗེ་བས་བདག་གི་སྙིང་ཤིང་ཀང་བུ་ཤའི་འདབ་མ་བཞིན་དུ་འདར་ཞིང་ལུས་ཤ་ཐང་བར་གྱུར་ན། བདག་མ་འོངས་པའི་དུས་སུ་བསྐལ་བ་གྲངས་མེད་པར་དེ་དག་གི་དོན་དུ་བྱང་ཆུབ་ཀྱི་སྤྱོད་པས་མི་སྐྱོ་བར་གྱུར་ཅིག དེ་བཞིན་དུ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྔོན་སུས་ཀྱང་བསླབ་མ་མྱོང་བ་དེལྟ་བུ་སློབ་པར་གྱུར་ཅིག སེམས་ཅན་རེ་རེའི་དོན་དུའང་བསྐལ་བ་ཆེན་པོ་བཅུར་མནར་མེད་པའི་དམྱལ་བར་གནས་ཀྱང་མི་སྐྱོ་བར་གྱུར་ཅིག སྐྱེ་རྒུ་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པ་དྲུག་གསུམ་ཤིན་ཏུ་བདོ་བ་ཕ་ལ་ཕར་མི་འཛིན་མ་ལ་མར་མི་འཛིན་སྡིག་པའི་ལས་ལ་དགའ་བ་ལ་སོགས་པས་ངན་འགྲོར་འགྲོ་དགོས་པའི་སེམས་ཅན་དག་འབྱུང་བར་འགྱུར་ལ། དེའི་དབང་གིས་མུ་གེ་དང༌། འཁྲུགས་པ་དང༌། ནད་ཡམས་ལ་སོགས་པ་མི་བཟང་བ་མང་པོ་འབྱུང་བའི་དུས་དེར། བདག་དགའ་ལྡན་ནས་བབས་ཏེ་མའི་མངལ་དུ་འཇུག་པར་གྱུར་ཅིག ཅེས་སོགས་མཛད་པ་བཅུ་གཉིས་པོ་རེ་རེ་ལའང་སྨོན་ལམ་ཚད་མེད་པ་བཏབ་ཅིང་ཁྱད་པར་དུ་སེམས་ཅན་སེམས་འཁྲུལ་བ་ཉོན་མོངས་པས་དཀྲུགས་པ་རྣམས་དང༌། བུད་མེད་རྣམས་ཀྱང་བདག་གི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཅིག བདག་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་དུ་གནས་པར་གྱུར་ཅིག ལོ་ལྔ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག བདག་གི་སྐུ་གདུང་རྣམས་ལ་མཆོད་པ་དང༌། ཐ་ན་སངས་རྒྱས་ཀྱི་མཚན་གཅིག་དང༌། བསྐོར་བ་གཅིག་བྱེད་པ་དང༌། བསླབ་པའི་གཞི་གཅིག་ཙམ་འཛིན་པ་དང༌། ཚིགས་བཅད་གཅིག་ཙམ་ཀློག་པ་ཡན་ཆད་ཐེག་པ་གསུམ་པོ་དག་ལས་སླར་མི་ལྡོག་པར་གྱུར་ཅིག བདག་གིས་བསྐལ་བ་དུ་མར་ཚོགས་བསགས་པ་དེའི་མཐུས་སེམས་ཅན་གང་དག་དམྱལ་བ་ཆེན་པོར་སྡུག་བསྔལ་མི་བཟད་པ་མྱོང་བ་དེ་དག་གི་དོན་དུ་བདག་དམྱལ་བ་ཆེན་པོར་སྐྱེས་ནས་བདག་གི་ལུས་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་དུ་གྱུར་ཅིག ལུས་རེ་རེ་ཡང་རི་རབ་ཙམ་དུ་གྱུར་ཅིག དེ་རེ་རེས་ཀྱང་སྡུག་བསྔལ་དྲག་ཅིང་རྩུབ་པ་མི་བཟད་པ་བསྐལ་བ་ཞིང་གི་རྡུལ་སྙེད་དུ་གྱུར་ཅིག དེ་བཞིན་དུ་དུད་འགྲོ་དང༌། ཡི་དྭགས་དང༌། ལྷ་མ་ཡིན་དང༌། མིའི་ནང་ནའང་འོན་པ་དང༌། ལོང་བ་དང༌། ལྕེ་མེད་པ་ལ་སོགས་པ་རྣམས་ཀྱི་དོན་དུ་བདག་དམྱལ་བར་སྐྱེས་པར་གྱུར་ཅིག ཅེས་བྱ་བ་ལ་སོགས་པ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པས། འཁོར་དེར་ཡོད་པའི་ལྷ་དང་མི་ལ་སོགས་པ་རྣམས་ཀྱི་མིག་ནས་མཆི་མ་འཛག་ཅིང་ཡན་ལག་ལྔས་ཕྱག་འཚལ་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ནི། ལེགས་སོ། །ལེགས་སོ། །ཞེས་པ་བསྔགས་པ་བརྗོད་དོ། །ཕྱོགས་བཅུའི་ཞིང་ཁམས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མེ་ཏོག་གི་སྐྱེས་བསྐུར་ཞིང༌། ཞིང་རེ་རེ་ནས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བྱོན་ནས་ཕྱག་བྱས་ཤིང་བསྔགས་པ་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པར་རིན་ཆེན་སྙིང་པོས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གཞན་ནི་མེ་ཏོག་ལྟ་བུའོ། །ཁྱོད་ནི་པདྨ་དཀར་པོ་ལྟ་བུའོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ནི། །སྐྱེས་རྒུ་ཚེ་ལོ་བརྒྱ་ཐུབ་པའི་དུས་སུ་སེམས་ཅན་མ་རུང་བ་མི་དགེ་བཅུ་ཚང་བར་སྤྱོད་པ། མཚམས་མེད་པ་ལྔ་བྱེད་པ། ཤིན་ཏུ་འདུལ་དཀའ་བའི་སེམས་ཅན་མ་རུང་བས་གང་བ། ཞིང་མ་དག་པ་མི་མཇེད་འཇིག་རྟེན་གྱི་ཁམས་སུ་བསྐལ་བ་བཟང་པོའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ལོ་བཞི་བཅུ་རྩ་ལྔར་སངས་རྒྱས་ཀྱི་མཛད་པ་བྱེད་དོ། །ཞེས་ལུང་བསྟན་ཏོ། །དེ་ནས་སླར་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་འདི་སྐད་ཅེས་གསོལ་ཏོ། །བདག་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། སེམས་ཅན་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་དང༌། ཐ་ན་དགེ་བའི་རྩ་བ་སྐྲའི་རྩེ་མོ་ཙམ་ལ་བཀོད་པའི་སེམས་ཅན་གཅིག་ཙམ་ཞིག་ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པ་ལ་མ་བཀོད་ན་བདག་གིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསླུས་པར་གྱུར་ཅིག བདག་འཚང་རྒྱ་བར་མ་གྱུར་ཅིག བདག་གི་བསྟན་པ་ལ་གོས་ངུར་སྨྲིག་བགོས་ནས་རྩ་བའི་ལྟུང་བ་བྱུང་བ། སྤྱོད་པ་ངན་པ་ལ་ཞུགས་པ་དང༌། བདག་ལ་སྟོན་པའི་འདུ་ཤེས་གཅིག་ཙམ་བསྐྱེད་པ་དེ་དག་ཀྱང་ཐེག་པ་གསུམ་ལ་མ་བཀོད་ན་བདག་འཚང་རྒྱ་བར་མ་གྱུར་ཅིག ཆོས་གོས་ངུར་སྨྲིག་ལྷ་དང་བཅས་པས་མཆོད་པར་འོས་པ་སོར་བཞི་བ་ཙམ་འཆང་བ་དེ་དག་ཀྱང་དབུལ་འཕོང་དང་ནད་ཡམས་དང་དམག་འཁྲུག་ལ་སོགས་པས་གནོད་པ་མེད་པར་གྱུར་ཅིག ཅེས་སོགས་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་གསུངས་སོ། །གཞན་ཡང་མདོ་སྡེ་བསྐལ་བཟང་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ། །འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས་ལ། འདུལ་བ་ལུང་སྨན་གྱི་གཞི་ལས། ཀུན་དགའ་བོས། འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་ཁྱོད་ཀྱིས་བྱང་ཆུབ་ཐུགས། །ཐོག་མར་གང་དུ་བསྐྱེད་པ་དག །སྐལ་ལྡན་ཆེན་པོས་བདག་ལ་གསུངས། །ཞེས་ཞུས་པ་ན། སངས་རྒྱས་འདོད་ཆགས་བྲལ་ཐོས་ཤིང༌། །གླང་པོ་དྲགས་པའི་ཤེས་ཆེན་དང༌། །འཇིག་རྟེན་སྡུག་བསྔལ་གྱུར་མཐོང་ནས། །ངས་ནི་བྱང་ཆུབ་སེམས་བསྐྱེད་དོ། །མི་དབང་འོད་ལྡན་གྱུར་པ་ན། །ངས་ནི་བྱང་ཆུབ་འདོད་པའི་ཕྱིར། །ངས་ནི་བརྟན་པོར་དམ་བཅས་ཏེ། །སྐྱོན་མེད་པ་ཡི་སྦྱིན་པ་བཏང༌། །ཞེས་རྒྱལ་པོ་འོད་ལྡན་གྱི་རྟེན་ལ་སེམས་བསྐྱེད་པར་གསུངས་ཤིང༌། དཔག་བསམ་འཁྲི་ཤིང་ལས། སྐྱེ་བ་སྔར་སྐྱེས་གོམས་པ་ལས། །ཡང་དག་རྫོགས་པའི་བྱང་ཆུབ་སེམས། །རྒྱལ་པོ་ཡིས་ནི་སྨོན་སེམས་སྐྱེས། །འཁོར་བ་ཆུ་སྲིན་འབྱུང་གནས་སུ། །རྣམ་པར་བྱིང་བའི་འགྲོ་བ་འདི། །དགེ་བའི་ལམ་ནས་རྫོགས་པ་ཡི། །བྱང་ཆུབ་གྲོལ་བར་ཡང་དག་བསྒྲལ། །ཅེས་པའང་ལུང་སྨན་གྱི་གཞི་ལྟར་ཡིན་ནོ། །དེས་ན་ཐུགས་བསྐྱེད་པའི་ཚུལ་ནི་མདོ་ལས་མང་པོ་ཞིག་གསུངས་པ་ལས། བསྟོད་པ་འདི་ནི་སྙིང་རྗེ་པད་དཀར་ལྟར་བྱས་པ་ཡིན་ནོ།། 

         བར་སྐབས་ཀྱི་ཚིགས་བཅད། 
        སྨྲས་པ། བདེ་ལྡན་ཞིང་གི་མགོན་པོ་སྣང་མཐའ་ཡིས། །བསྐལ་བ་ཆེན་མོ་འཛིན་མའི་འཇིག་རྟེན་དུ། །གླིང་བཞིའི་དབང་ཕྱུག་གསེར་གྱི་འཁོར་ལོས་བསྒྱུར། །རྩིབས་ཀྱི་མུ་འཁྱུད་ཅེས་བྱའི་རྒྱལ་པོར་གྱུར། །དེ་ལ་རྒྱལ་བུ་བྱང་ཆུབ་སེམས་དཔའ་སྟོང༌། །ས་སྐྱོང་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་མངའ། །བློན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་ལ་སོགས། །བྲམ་ཟེ་རིག་བྱེད་ཀློག་པ་སྟོང་ཡང་བྱོན། །དགེ་བཅུའི་བཀྲ་ཤིས་སྣང་བ་དཀརཔོ་ཡིས། །ཕྱོགས་བཅུའི་འཁོར་ལོ་འགེངས་པའི་འཇིག་རྟེན་དེར། །སྟོབས་བཅུ་མངའ་བ་རིན་ཆེན་སྙིང་པོ་ཞེས། །ཡང་དག་རྫོགས་པའི་སངས་རྒྱས་དེ་ཡང་བྱོན། །མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་པའི། །རྒྱལ་བློན་སྲས་དང་བཅས་པའི་བསྙེན་བཀུར་གྱིས། །འཇིག་རྟེན་མགོན་པོ་དེ་ལ་མཆོད་པ་ནི། །ཀུན་བཟང་མཆོད་པའི་སྤྲིན་དང་མཚུངས་པར་མཛད། །གང་ཚེ་བྲམ་ཟེ་བདག་ཉིད་ཆེན་པོ་དེའི། །དྲི་མེད་ཐུགས་ཀྱི་ལྷ་ཡི་ལམ་ཡངས་པོར། །བྱང་ཆུབ་སེམས་ཀྱི་ཟླ་བ་གསར་དུ་ཚེས། །བླ་མེད་བྱང་ཆུབ་སྤྱོད་ལ་ཞུགས་པར་གྱུར། །རྒྱ་ཆེན་ཐུགས་ཀྱི་རིན་ཆེན་འབྱུང་གནས་མཚོ། །བརྩེ་ཆེན་ཐུགས་རྗེ་རླུང་གིས་ཡང་ཡང་བསྐྱོད། །སྨོན་ལམ་ཆེན་པོ་ལྔ་བརྒྱའི་རླབས་ཀྱི་ཕྲེང༌། །མ་འོངས་མི་མཇེད་འཇིག་རྟེན་ཞིང་དུ་གཡོས། །དེའི་ཚེ་ཁྱོད་ནི་པདྨ་དཀར་པོ་དང༌། །རྒྱུ་སྐར་ཁྲོད་ཀྱི་ཉ་རྒྱས་ཟླ་བ་ལྟར། །རྒྱལ་སྲས་གཞན་ལས་ཁྱད་པར་འཕགས་སོ་ཞེས། །རབ་འབྱམས་ཞིང་ནས་བསྔགས་བརྗོད་མེ་ཏོག་ཐོར། །དེ་ལྟར་ཐུགས་བསྐྱེད་སྨོན་པའི་ངོ་མཚར་གྱིས། །ས་ཡི་དཀྱིལ་འཁོར་ཆེན་པོ་འདར་ཞིང་གཡོས། །གྲགས་པའི་གདུགས་དཀར་འོག་མིན་ལྷ་ཡིས་བསྒྲེངས། །བདུད་ཀྱི་རྒྱལ་མཚན་ནག་པོ་ས་ལ་བསྙིལ། །རྨད་བྱུང་སྙིང་སྟོབས་ཆ་ཤས་ཡོངས་སུ་རྫོགས། །ཐུགས་རྗེ་འོད་དཀར་རིང་ནས་རིང་དུ་འཕྲོ། །རྒྱལ་སྲས་ཟླ་བ་དག་པའི་དཀྱིལ་འཁོར་ནི། །སྲིད་པའི་མཁའ་ལ་ཤར་བའི་བཀའ་དྲིན་དྲན། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་ཏེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་ཁྱོད་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། 

                         རྗེ་ཡེ་ཤེས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ་ལས་བཤུས།

                                                                                                                                                                   རྩོམ་སྒྲིག་པ། མང་ར་བ།
 

       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།