རྒྱ་རྒྱའི་ཤེས་རབ་རྒྱ་མཚོའི་མཚམས་སྦྱོར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-10-05 08:05:27     རྩོམ་པ་པོ།   མི་གསལ    ཀློག་ཐེངས།  
    དགེ་བཤེས་རྒྱ་རྒྱའི་ཤེས་རབ་རྒྱ་མཚོ་ཚང་ནི། རབ་བྱུང་བཅོ་ལྔ་བའི་ཆུ་གླང་སྟེ་སྤྱི་ལོ༡༩ ༡༣ལ་བ་ཡན་ར་རྫ་སྡེ་བར་ཡབ་རྡོ་རྗེ་དང་། ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།དགུང་ལོ་བདུན་གྱི་སྟེང་རབ་ཏུ་བྱུང་སྟེ་རྒྱ་རྒྱའི་དགོན་དུ་ཚོགས་ཞུགས་གནང་། ཀློག་སློབ་པ་ནས་བཟུང་འདོན་ཆོས་ཀྱི་སྐོར་བློར་འཛིན་གནང་།
    དགུང་ལོ་བཅུ་བཞི་སྟེང་དྷི༔ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་ལ་བྱོན། སྨྲ་བའི་དབང་ཕྱུག་ཁ་གྱའི་ཕུན་ཚོགས་ཚང་དགེ་རྒན་དུ་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་གྱི་དབུ་ཚུགས། སྒོ་སྣ་ཚོགས་ནས་འབད་བརྩོན་གཞན་དང་མི་མཉམ་པ་གནང་།ཐ་ན་ཡུལ་དུ་འགྲོ་བའི་ལམ་བར་དུ་ཡང་དཔེ་ཆ་སྣ་རིང་ལྡེབས་ལྔ་དྲུག་རེ་བློར་འཛིན་གནང་སྟེ།རིམ་གྱིས་སྐབས་ཀྱི་ཐལ་འཕྲེང་སྤྱི་དོན། རྩ་བ་འགྲེལ་བ། རྒྱ་བོད་ཀྱི་འགྲེལ་བཤད་མང་པོ་བློ་ཐོག་ནས་ཐོན་པར་བྱས་ཤིང་།དེ་ལ་བརྟེན་ནས་གོ་རིགས་དང་རྣམ་དཔྱོད་ལ་འགྲན་པའི་ཟླ་དང་བྲལ་བའི་སྙན་པ་ཕྱོགས་སུ་རྒྱས།རྗེ་མར་ནང་དམ་ཆོས་རྒྱ་མཚོས་ཀྱང་ལས་སླ་བོ་མིན་ཞེས་བསྔགས་བརྗོད་གནང་།
    སྙན་བརྒྱུད་བསྟན་པའི་བདག་པོ་བླ་ཁོ་རིན་པོ་ཆེ་དང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། ལྷ་རིས་སྤྲུལ་པའི་སྐུ་སོགས་སྐྱེས་ཆེན་དམ་པ་རྣམས་ལས་དབང་དང་རྗེས་གནང་། ཁྲིད་དང་བཤད་ལུང་། ཐུན་མོང་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་གནང་།
    དགུང་ལོ་སོ་གསུམ་སྟེང་ཐང་རིང་རྒྱལ་བས་ཡོངས་འཛིན་དུ་བཀུར། སྣོད་ལྡན་གྱི་སློབ་མ་རྣམས་ལ་དཔེ་ཁྲིད་དང་།དབང་རྗེས་གནང་སོགས་སོ་སོའི་འདོད་མོས་ལྟར་གནང་། འདི་ལྟར་ཀློག་སྤོང་གི་བགྱི་བ་འབྱམས་ཀླས་པའི་མུར། འཇིགས་བྱེད་ཀྱི་གཞི་བསྙེན་ལོ་གསུམ་དང་། རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་ལོ་གཅིག་གནང་། ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དོན་རྣམས་བྱང་ཆུབ་ལམ་རིམ་པའི་ཉམས་ལེན་དང་། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་དུ་དགོངས་ཏེ་རང་གི་ཚ་བོ་བསྟན་པའི་ཁྱིམ་དུ་ཐོས་བསམ་སྒོམ་པའི་ལས་ལ་རྩེ་གཅིག་ཏུ་གཞོལ།

    གནས་བབ་དང་བསྟུན་ཏེ་ཐུགས་དམ་ཉམས་བཞེས་མཛད་པའི་མུར་སྤྱི་ལོ༡༩༧༣ལོའི་དགུང་གྲངས་རེ་གཅིག་ལ་ཞི་བར་གཤེགས། གསུང་རྩོམ་གྱི་སྐོར་ལ། གསེར་ཕྲེང་བསྡུས་དོན་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།འཇིགས་བྱེད་བསྙེན་ཡིག་སོགས་པོད་གཅིག་བཞུགས།
    རྩོམ་པ་པོ་མ་ངེས་པས་ཤེས་པ་ཡོད་ན་མཚན་བསྐུར་རོགས།
 
བརྒྱུད་འགོད།