སྟག་ཚ་དགོན་པའི་དགེ་བའི་བཤེས་གཉེན་ཆོས་བཟང་འཕྲིན་ལས་རྒྱ་མཚོའི་ངོ་སྤྲོད་མདོར་བསྡུས།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-08-11 06:56:39         ཀློག་ཐེངས།  
      ཆོས་བཟང་འཕྲིན་ལས་རྒྱ་མཚོ་ནི།  ཡབ་རྒྱལ་རོང་ཁྲོ་ཆུ་ས་སྟོད་གླིང་ཚང་པ་ཀ་གཡུལ་རྒྱལ་གྱི་ཚ་བུ་ཁང་སར་ཕུན་ཚོགས་དང་ཡུམ་མཛོད་དགེ་སྟོད་མའི་དབལ་ཚེའི་ཚ་མོ་རྒྱ་བཟའ་ཀུན་བཟང་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། རྒྱ་ཡིག་སློབ་གྲྭ་མཐར་ཕྱིན་ནས་རྗེ་བློ་བཟང་ཉི་མའི་ཞལ་སྔ་ནས་བོད་ཀྱི་བརྡ་སྤྲོད་རིག་པའི་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སྦྱངས། ལོ་ཉི་ཤུའི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་བའི་དུས་འཁོར་བླ་མ་བློ་བཟང་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་སྡོམ་བཞེས་ཏེ་ཆོས་སྡེ་ཆེན་མོ་སྟག་ཚ་དགོན་པའི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་བསྐལ་བཟང་རྒྱ་མཚོ་མཆོག་བསམ་སྦྱོར་གཉིས་ཀྱིས་ལེགས་པར་བསྟེན་ཏེ་བསྡུས་གྲྭ་དང་བློ་རྟགས། ལམ་རིམ་བློ་སྦྱོང་ལ་སློབ་གཉེར་མཛད། རྨད་བྱུང་ཐོས་བསམ་གླིང་དུ་ཁ་དོག་དཀར་དམར་གྱི་འཛིན་གྲྭའི་སྐྱོར་དཔོན་མཛད། ལོ་ཁ་ཤས་ཀྱི་རྗེས་སུ་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་བཅོ་ལྔའི་རིང་ལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མོ་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཆོག་དང་། རྗེ་དགེ་འདུན་རྒྱ་མཚོ། རྗེ་འཇམ་དབྱངས་རྒྱ་མཚོ་སོགས་ཀྱི་མདུན་ནས་གཞུང་བཀའ་པོད་ལྔའི་སློབ་གཉེར་མཛད། ད་དུང་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་ཉི་མའི་མདུན་ནས་དབང་བཀའ་ཆོས་དང་སྙན་ངག ས་དཔྱད་སོགས་ལ་ལེགས་པར་སྦྱངས། སྐབས་དེར་འཇམ་དབྱངས་བླ་མ་རྗེ་གུང་ཐང་རིན་པོ་ཆེའི་མདུན་ནས་དབང་བཀའ་ཆོས་མང་བོ་གསན་པ་སོགས་རང་རྒྱུད་ཆོས་ཀྱིས་སྨིན་པར་མཛད།  
   སྐབས་དེར་བླ་མ་རྡོ་རྗེ་འཆང་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་སྟག་ཚ་དགོན་དུ་བཞུགས་པས། ཁོང་གི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས་ཤིང་དཔེ་ཁྲིད་དང་དབང་བཀའ་ཆོས་མང་དུ་གསན། ལྷག་པར་ཁོང་གི་ཐུགས་སྲས་དམ་པ་རྗེ་རས་ཆུང་བ་ཤེས་རབ་རྒྱ་མཚོ་དང་སྒང་བ་བསམ་གཏན་བསྟན་པའི་རྒྱལ་མཚན་མཆོག་གི་མདུན་ནས་སྙན་ངག་དང་ས་དཔྱད་སོགས་ལ་སྦྱངས། 

     རྩ་བའི་བླ་མ་སྟག་ཚ་རིན་པོ་ཆེའི་བཀའ་གསུངས་ལྟར་གདན་སར་ཕྱིར་འོང་ནས་དགེ་རྒན་མཛད་དེ། རང་དགོན་གྱི་གྲྭ་ཕྲུག་དག་ལ། བསྡུས་གྲྭ་དང་བླ་རྟགས། ཕར་ཕྱིན་དང་དབུ་མ། ཟུར་བཀོད་སོགས་ཀྱི་དཔེ་ཁྲིད་མཛད། ཟུར་དུ་བསམ་གཏན་བདེ་ཆེན་གླིང་། ཨ་སྐྱིད་རྒྱུད་པ་དགོན། ཐེ་བོ་རྟ་ཤུག་དགོན་གྱི་གྲྭ་བཙུན་དག་ལ་རིག་གནས་དང་ལམ་རིམ་བློ་སྦྱོང་གི་དཔེ་ཁྲིད་མཛད། ལྷག་པར་ཇོ་མོ་དག་ལ་ཟླ་བ་བཅུ་གཅིག་གི་རིང་ལ་ལམ་རིམ་ཆེན་མོའི་དཔེ་ཁྲིད་མཛད། 
དབྱར་གནང་དགུན་གནང་གི་སྐབས་སུ་སྤྱི་ཚོགས་སློབ་མ་མང་བོར་རིག་གནས་སྐོར་ནས་ཟབ་སྦྱོང་ཚུགས། ཉེ་འཁོར་གྱི་རུ་སྡེའི་ལོ་ལོན་རྒན་གྲས་དང་ཆོས་དད་ལྷ་འབངས་དག་ལ་ལོ་རེ་བཞིན་ནང་ཆོས་ངོ་སྤྲོད་དང་སྲོལ་རྒྱུན་རིག་གནས་སྐོར་ནས་ཟབ་ཁྲིད་གནང་། 
    བརྩམས་ཆོས་ཀྱི་ཐོག་མ་སེམས་སྒྲོན་ཞེས་པའི་བོད་རྒྱ་ཤན་སྦྱར་གྱི་དེབ་དེ་ཡིན་ལ།  དེ་ནས་རིམ་གྱིས་ལོ་རྒྱུས་པད་དཀར་ནོར་བུའི་ཕྲེང་མཛེས་དང་ཕྱོགས་བསྡུས་དངུལ་དཀར་མེ་ཏོག  རྩོམ་རིག་ངུར་སྨྲིག་ངག་གི་རོལ་དབྱངས།  ཕར་ཕྱིན་སྐབས་བརྒྱད་ཀའི་ཐ་སྙད་ཕྱོགས་བསྒྲིགས།  རི་མོའི་བསྟན་བཅོས། དཔྱད་བརྗོད་སྲིད་ཞིའི་ཉིང་ནོར། ཆོས་པ་ཞིག་གིས་ནང་ཆོས་ལ་ཞིབ་འཇུག་བྱས་པའི་སྙན་ཞུ་ཞེས་པ་སོགས་དེབ་བདུན་ཙམ་ཕྱག་རྩོམ་གནང་།  དེ་མིན་སྒྲིག་སྦྱོར་བྱས་པའི་དེབ་ལ། དབྱངས་ཅན་བཞད་པའི་རྡོ་རྗེའི་མཆོད་སྤྲིན་དང་ཨ་ཁུ་མཆོད་དཔོན་གྱི་བཟོ་རྩལ་གཅེས་བཏུས་ཏེ་དེབ་གཉིས། བསྒྱུར་རྩོམ་ལ། སྐྱེ་དགུའི་འདྲེན་མཆོག་དམ་པ་སྟག་ཚ་ཤར་རྩེ་ཆོས་རྗེ་རིན་པོ་ཆེས་བརྩམས་པའི་ལེགས་བཤད་དཔག་བསམ་འཁྲི་ཤིང་ཡལ་འདབ་སུམ་ཅུ་མ་སྟེ་དེབ་གཅིག  
     རྗེས་སུ་ཡང་མཛོད་དགེ་རུ་བ་དང་སྟོད་མའི་ལོ་རྒྱུས་རིག་གནས་གཏེར་མཛོད་དང་།  རྒྱལ་རོང་ཁྲོ་ཆུ་ས་སྟོད་ལོ་རྒྱུས་རིག་གནས་གཏེར་མཛོད་ཅེས་པ་གཉིས།  སྐྱབས་མཆོག་སྟག་ཚ་རིན་པོ་ཆེའི་ངོ་མཚར་བའི་ཡོན་ཏན་བརྗོད་པ་མཁྱེན་བརྩེ་ནུས་པའི་རྣམ་ཐར། སྐྱབས་མཆོག་སྟག་ཚ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྐལ་ལྡན་དང་བ་འདྲེན་པའི་ལྕགས་ཀྱུ། མཛོད་དགེ་སྟག་ཚ་མཐའ་བའི་གདོང་ཁའི་ཚྭ་ཁང་གི་དཀར་ཆགས་ཏེ་དེབ་ཕྲན་ལྔ་བརྩམས། སྔ་རྗེས་སུ་དེབ་ཕྲན་བཅུ་བདུན་ཙམ་རྗེས་རབས་པའི་གཟིགས་རྟེན་དུ་ཕུལ་ཡོད། 
  ༢༠༢༡ལོར་ཞིང་ཆེན་ནང་བསྟན་མཐུན་ཚོགས་ནས་བོད་བརྒྱུད་ནང་བསྟན་མཐོ་རིམ་དཔེ་ཁྲིད་དགེ་རྒན་གྱི་དཔང་རྟགས་གནང་། ད་ལྟ་མཛོད་དགེ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། རྫོང་རྩོམ་རིག་མཐུན་ཚོགས་དང་ཁུལ་རྩོམ་རིག་མཐུན་ཚོགས།  མཛོད་དགེ་རྫོང་བོད་སྐད་ཡིག་ལས་དོན་མཐུན་ཚོགས་སོགས་སུ་ཞུགས་ཞོར།  རྫོང་ས་དཔྱད་རིག་གནས་རྒྱུན་འཛིན་པའི་དཔང་ཡིག་ཐོབ་ཅིང་བོད་ས་དཔྱད་རིག་པའི་གཞུང་ལ་བརྩོན་གྱིན་ཡོད།   མིག་སྔར་མཛོད་དགེ་དང་ཁྱུང་མཆུ། ཁྲོ་ཆུ་སོགས་གཙོར་བྱས་པའི་བོད་ཁུལ་ས་དཔྱད་སྐོར་གྱི་དཔྱད་བརྗོད་རྩོམ་ཡིག་ཤོག་གྲངས་སུམ་བརྒྱ་ལྷག་དང་། རྒྱ་ཡིག་གི་ལམ་ནས་རྒྱལ་ཡོངས་ཞིང་ཆེན་སོ་སོའི་གནས་རི་ངོ་མཚར་བའི་ས་དཔྱད་དཔྱད་བརྗོད་ཤོག་གྲངས་བཞི་བརྒྱ་ཡས་མས་བྲིས་ཤིང་ཉར་ཚགས་བྱེད་པའི་མཚམས་སུ་སླེབས། ས་དཔྱདཞིབ་འཇུག་སྐོར་གྱི་ལས་གཞི་རྒྱ་ཆེ་བས་ད་དུང་ལོ་ཁ་ཤས་བརྩོན་དགོས་ཚོད་རེད། དེ་ལྟར་བོད་ས་དཔྱད་རིག་པའི་གཞུང་ལུགས་ཡར་རྒྱས་གོང་སྤེལ་གཏོང་བར་འབད་སྒང་ཡིན་ནོ།། 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 
བརྒྱུད་འགོད།