གསེར་ལག་དགོན་པའི་དགེ་བའི་བཤེས་གཉེན་འཇམ་དབྱངས་བསྟན་འཛིན་ལགས་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།བཀའ་བཅུ་རབ་འབྱམས་པ་འཇམ་དབྱངས་བསྟན་འཛིན་ལགས་ནི་     སྤེལ་དུས།  2025-10-04 22:03:39     རྩོམ་པ་པོ།   འཇམ་དབྱངས་དགེ་ལྡན།     ཀློག་ཐེངས།  

加杨丹增.jpg

བཀའ་བཅུ་རབ་འབྱམས་པ་འཇམ་དབྱངས་བསྟན་འཛིན་ལགས་ནི་རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་ཕྱི་ལོ་ 1977 ལོར་འབའ་ཡུལ་དགོན་གོང་མའི་ནང་ཚན་དུ་ཡབ་སྐྱ་པ་དང་ཡུམ་ཏཱ་རེ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།  

1993ལོར་མཁན་པོ་དམ་པ་ཨ་ཁུ་འཇམ་དབྱངས་དཔལ་ལྡན་ཚང་གི་དྲུང་ནས་རབ་ཏུ་བྱུང་སྟེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། ལོ་དེར་གསེར་ལག་དགོན་པར་ཚོགས་ཞུགས་མཛད་དེ་རང་དགོན་པའི་ཕྱག་བཞེས་བཞིན་ཆོ་ག་ཆོས་སྤྱོད་དང་འདོན་རྟ་དབྱངས་སོགས་ལ་སྦྱངས་པ་མཛད། 

1997ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ༧རྒྱ་བཟའི་ཁྲི་རིན་པོ་ཆེ་རྗེ་བཙུན་འཇམ་དབྱངས་བློ་གསལ་སྨྲ་བའི་ཉི་མ་དཔལ་བཟང་པོ་དང་། སྨད་སོག་རྡོ་རྗེ་འཆང་རྗེ་བློ་བཟང་ལེགས་བཤད་རྒྱ་མཚོ་ཚང་།  ལྕང་སྐྱ་རིན་པོ་ཆེ་རྗེ་ཤེས་རབ་དར་རྒྱས་ཚང་། ༧ལ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་ཚང་། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་། སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ་བློ་བཟང་འཇམ་དཔལ་རྒྱ་མཚོ་ཚང་། ཁྲི་ཆེན་གུང་ཐང་སྐུ་ཕྲེང་བདུན་པ་རྗེ་བཙུན་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་ཚང་བཅས་གསུམ་ལྡན་ངུར་སྨྲིག་འཛིན་པའི་བླ་མ་དམ་པ་རྣམས་ཀྱི་སྤྱན་སྔར་དབང་ལུང་ཁྲིད་སོགས་ཀྱི་མན་ངག་མང་དུ་གསན།  དགེ་བའི་བཤེས་གཉེན་ཆེན་མོ་ཐབས་མཁས་རྒྱ་མཚོ་དང་། དགེ་བའི་བཤེས་གཉེན་ཆེན་མོ་བཀའ་བཅུ་བ་འཇམ་དབྱངས་དགེ་ཚོགས་ཚང་། འབྲས་སྒོ་དགེ་བཤེས་ཁྲི་ཀ་སངས་རྒྱས་རྒྱ་མཚོ་ཚང་། དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བསྟན་རྒྱས་ཚང་།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཕྱོགས་གླང་རྒྱ་མཚོ་ཚང་། དགེ་བའི་བཤེས་གཉེན་ཆེན་མོ་བསོད་ནམས་ཡེ་ཤེས་ཚང་བཅས་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པ་མང་པོ་ཚུལ་བཞིན་དུ་བསྟེན་ཏེ་བློ་རྟགས་བསྡུས་གསུམ། གྲུབ་དོན་ས་གསུམ། ཚད་མ། ཕར་ཕྱིན་ཟུར་བཀོད་དང་བཅས། དབུ་མ། མཛོད་འདུལ་གཉིས། གཞན་ཡང་སྔགས་ཕྱོགས་རྒྱུད་སྡེ་བཞིའི་བསྐྱེད་རྫོགས་ཀྱི་ཁྲིད་དང་ལམ་རིམ་བློ་སྦྱོང་། སྐྱབས་ཁྲིད། ཐུན་མོང་རིག་གནས་སོགས་ལ་མི་ལོ་མང་པོར་སློབ་གཉེར་གནང་།

2009ལོ་ནས་བཟུང་རང་དགོན་པའི་དཔེ་ཁྲིད་དགེ་རྒན་དུ་བསྐོས་ཏེ་འཛིན་གྲྭ་དུ་མར་དཔེ་ཁྲིད་རྒྱུན་ཆགས་སུ་གནང་ཞིང་སྣོད་ལྡན་གྱི་སློབ་བུ་དོན་གཉེར་ཅན་མང་དུ་བསྐྱངས།  2012ལོར་ཕར་ཕྱིན་དམ་བཅའ་བཞག 2014ལོར་བཀའ་བཅུ་རབ་འབྱམས་པའི་མཚན་གནས་བཞེས། 2019ནས་ལོ་གསུམ་གྱི་རིང་གསེར་ལག་དགོན་པའི་བརྩི་བཞག་མཁན་པོའི་ཐུགས་འགན་བཞེས་ཏེ་རྨད་བྱུང་ཐོས་བསམ་གླིང་བའི་རྩོད་གྲྭ་ལ་རྟིང་སྐུལ་ཞིབ་མོ་མཛད།

2023ལོ་ནས་བཟུང་ད་ལྟའི་བར་གསེར་ལག་དགོན་པའི་དུས་འཁོར་གྲྭ་ཚང་གི་ཁྲི་རབས་གཉིས་པར་བཞུགས།2025ལོ་ནས་བཟུང་རང་དགོན་པའི་ཀྲུའུ་རེན་གྱི་ཐུགས་འགན་བཞེས་ཏེ་ནང་གི་འཆད་ཉན་དང་ཕྱི་ཡི་འཛུགས་བསྐྲུན་སོགས་དགོན་པ་གྲྭ་ཚང་གི་ཞབས་འདེགས་སུ་ཕྱག་ལས་མང་དུ་གནང་བཞིན་པ་ལགས་སོ།།     སློབ་བུའི་གྲྭལ་མཐར་གཏོགས་པ་གུས་པ་འཇམ་དབྱངས་དགེ་ལྡན་གྱིས་2025ལོའི་ཧོར་ཟླ་7པའི་ཚེས་10ཉིན་བྲིས།  

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།