ཀླུ་ཚང་དགོན་གྱི་དགེ་བའི་བཤེས་གཉེན་ཤེས་རབ་བསྟན་དར་མཆོག་ངོ་སྤྲོད་མདོར་བསྡུས།

ཤེས་རབ་བསྟན་དར། (སྨྱུག་མིང་རྒྱ་གྲོལ) 1968ལོར་མདོ་སྨད་མང་རར་འཁྲུངས།ལོ་བཅོ་བརྒྱད་སྟེང་ཀླུ་ཚང་དགོན་པའི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་ལ་སྦྱངས། 1996 ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག
བཀའ་གདམས་པའི་དགེ་བའི་བཤེས་ལྟ་བུའི་སྐྱེས་སུ་དམ་པ་མང་བོས་ཐུགས་བརྩེ་བས་རྗེས་སུ་བཟུང་།རྗེས་སུ་མཁན་རིན་པོ་ཆེ་མང་རའི་འདུལ་བ་འཛིན་པ་འཇམ་དབྱངས་མཚན་ཅན་གྱིས་ཁོང་གིས་ཚབ་ཏུ་ཐེག་ཆེན་གསོ་སྦྱོང་གནང་དུ་བཅུག་པ་དང་།སྤྲུལ་སྐུ་འགའི་དགེ་རྒན་དུ་བསྐོས་ཏེ།ཁྱོད་ཀྱིས་གཞན་ལ་ཁ་ཡ་བྱེད་མི་དགོས།ཁྱོད་ཀྱི་མདུན་དུ་དཔེ་ཁྲིད་ལ་ཡོང་ན་ཁྲིད་གིན་སྡོད།མི་ཡོང་ན་བསྐྱུར་ལ་ཞོག་ཅེས་དང་།ཡང་ཁྱོད་ཀྱིས་ཁྲིད་ན་སློབ་མ་རྣམས་ལ་གོ་ཆོད་པས་རྒྱུན་དུ་སློབ་ཁྲིད་བྱོས་གསུངས།
1995ལོར་ཀླུ་ཚང་དགོན་པའི་དགེ་རྒན་བརྒྱད་ཀྱི་གྲས་སུ་བསྐོས།སྔ་རྗེས་སུ་ཀླུ་ཚང་དགོན་པ་དང་།དབུས་གཞོང་ཐར་ཤུལ་དགོན་པ།གངས་ལྗོངས་ཤེས་རིག་ནོར་བུ་གླིང་།ཐོ་ལེ་དགོན།ཨ་ཚོགས་དགོན།འབའ་གཞུང་བྱང་ཆུབ་གླིང་།མང་རའི་ཐར་ཤུལ་དགོན་ཧི་མ་ལ་ཡའི་སློབ་གླིང་སོགས་སུ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་སྤེལ།
ཐེངས་མང་བོར་མཚོ་སྔོན་ཞིང་ཆེན་གྱི་འཐབ་དྲིལ་པུའུས་བསྒྲུབས་པའི་དགོན་སྡེ་དགེ་རྒན་འཛིན་གྲྭ་དང་།ནང་བསྟན་མཐུན་ཚོགས་ཀྱི་སྤྲུལ་སྐུའི་འཛིན་གྲྭ།མཚོ་ལྷོ་ཁུལ་འཐབ་དྲིལ་པུའུ་དང་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲུབས་པའི་དགོན་སྡེ་འཛིན་གྲྭ།མཚོ་སྔོན་ནང་བསྟན་སློབ་གླིང་།པེ་ཅིན་རྒྱལ་སྤྱི་བོད་རིག་པ།རྒྱལ་ཡོངས་ཚད་མའི་རིག་པའི་ཚོགས་འདུ།མཚོ་སྔོན་ཡིག་རྙིང་ཚོགས་པ།མཚོ་སྔོན་མི་རིགས་སློབ་ཆེན།མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་སུ་རིག་གཞུང་སྙན་ཞུ་དང་སློབ་ཁྲིད་བྱས།རྗེས་སུ་སྒེར་གྱི་གཏམ་བཤད་སོགས་སུ་དུས་ཚོད་མང་བོ་འགྲོ་ཞིང་ཕན་དེ་འདྲ་མི་ཐོགས་པས་ཁས་ལེན་གྱིན་མེད་ལ།དཔེ་ཁྲིད་ཉིན་རེ་གཉིས་ཡིན་ཡང་གོ་ཆོད་པས་ཁས་ལེན་གྱིན་ཡོད།
གཞུང་སྒེར་གྱི་མཐུན་ཚོགས་འགའ་རེས་བློ་འདྲི་ས་དང་ཚོགས་གཙོ་རྒན་གཞོན་སོགས་ཀྱི་མིང་བཟུང་ནས་བློ་འདོན་ལ་སོགས་པའི་རོགས་རམ་གཞེན་སྐུལ་བགྱིས།
ད་ལྟའི་བར་དུ་སྙན་ངག་དང་ལྷུག་རྩོམ།བསྒྱུར་རྩོམ་སོགས་བརྒྱ་ལྷག་དང་དཔྱད་རྩོམ་ལྔ་བཅུ་ལྷག《སྦྲང་ཆར》དང《ཀྲུང་གོའི་བོད་རིག་པ》སོགས་སུ་སྤེལ།སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་དང་།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ་ལོ་འཁོར་བཅུ་འཁོར་བའི་ཕུལ་བྱུང་དཔྱད་རྩོམ་དཔྱད་བསྡུར་ཁྲོད།《བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ་ཞེས་པའི་རྩོམ་ཡིག་གི་དགག་སྒྲུབ་དག་ལ་ཅུང་ཟད་དཔྱད་པ》ཞེས་པར་བྱ་དགའ་ཨང་དང་བོ་དང་།ཀྲུང་གོའི་ནང་བསྟན་མཐོ་རིམ་སློབ་གླིང་དུ་དཔྱད་རྩོམ་ཕུལ་བྱུང་བྱ་དགའ་སོགས་ཐོབ།
བོད་ཡིག་ནང་བསྟན་གྱི་དྲ་བ་ཐོག་མ་བོད་གསང་སྔགས་རིག་གནས་དྲ་བ་བཟོས། 2009ལོར་རང་གི་སྤུན་མཆེད་ཚོ་དང་མཉམ་དུ་ཤེས་རབ་གཡང་དཔེ་མཛོད་ཁང་བསྐྲུན།
2014ལོ་ནས《བསམ་བློའི་ཤེས་རིག》བོད་ཀྱི་དགེ་ལུགས་དྲ་བར་བསྒྱུར།
མང་རའི་འདུལ་བ་འཛིན་པ་རྗེ་འཇམ་དབྱངས་མཚན་ཅན་དང་འགྲོ་བའི་མགོན་པོ་ཐར་ཤུལ་རིན་པོ་ཆེ་སོགས་ཀྱི་བཀའ་བཞིན་ཐེག་ཆེན་གསོ་སྦྱོང་།བསྙེན་གནས་ཡན་ཡག་བརྒྱད་པ།དགེ་བསྙེན་གྱི་སྡོམ་པ།རབ་བྱུང་གི་དངོས་པོ་སོགས་གནང་།སོ་མ་རིན་པོ་ཆེ་དང་ཨོའུ་རྒྱ་རིན་པོ་ཆེ་སོགས་དང་མཉམ་དུ་དགེ་ལུགས་པའི་དགེ་བསྙེན་གྱི་སྡེ་སྤེལ།
ཁོས་ད་ལྟའི་བར《མདོ་སྡེ་དཔེ་བརྒྱ་བ》དང་།《འོད་དཔག་མེད་ཀྱི་སྒོམ་རིམ》སོགས་ཆོས་ཚན་བཅུ་ལྷག་དང་།ཁོང་གིས་དབུ་བཟུང་ནས་གཞན་དང་མཉམ་དུ《ལུང་ཕྲན་ཚེགས》སྟོད་སྨད་བར་གསུམ་དང་།《ར་མ་ཎའི་རྟོགས་བརྗོད》དེབ་དང་བོ་ནས་བཞི་བའི་བར།《སྟོན་པའི་རྣམ་ཐར》《མི་ཚེ་སླར་གསོ》《སངས་རྒྱས་ཀྱི་གཟི་འོད་ནུབ་ལ་འཕྲོས་པ》སོགས་བཅུ་ལྷག་བོད་ཡིག་ཏུ་བསྒྱུར།
《ལ་མོ་ཡོངས་འཛིན་གྱི་རྣམ་ཐར》དང《བསྟན་པའི་མངའ་བདག་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར》སོགས་དེབ་སུམ་ཅུར་ཉེ་བ་བརྩམས་ཤིང་།《ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས》《ཉི་མ་ལྟ་བུའི་དགེ་བསྙེན》སོགས་དཔེ་དེབ་བཅུ་གསུམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ་སོ་སོར་བསྐྲུན།
དཔེ་ཆ་དང་རྩོམ་ཡིག་འགའ་རེ་སློབ་ཆེན་སོགས་ཀྱི་སློབ་དེབ་བམ་ཟུར་བལྟར་འདེམས།
《སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ》ཨུ་རུ་སིའི་ཐུ་བ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡི་གེར་བསྒྱར་པ་དང་།《ནང་བསྟན་དཔལ་འབྱོར་རིག་པ》《ཚངས་མགུར་ཞིབ་འཇུག》《ཉི་མ་ལྟ་བུའི་དགེ་བསྙེན》སོགས་འགའ་རེ་རྒྱ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་དང་སྒྱུར་བཞིན་ཡོད་སྐད།
དུས་རབས་ཉེར་གཅིག་པའི་མི་ལ་རས་པ་སོགས་དཔྱད་རྩོམ་དང་ལྷུག་རྩོམ་སྐོར་ཞིག་གཞན་གྱིས་རྒྱ་ཡིག་ཏུ་བསྒྱུར་ཡོད།
《མཚོ་ལྷོ་ཁུལ་གྱི་གནའ་དཔེའི་དཀར་ཆག》དང《མཚོ་ལྷོ་ཁུལ་གྱི་རི་ཆུའི་རིག་གནས》གཙོ་སྒྲིག་གཞོན་པ་བྱས་ཏེ།རྩོམ་འབྲིའི་འགན་གཙོ་བོ་བླངས།
《ཞལ་གདམས་གསེར་གྱི་གཏེར་ཁ》སོགས་བླ་མ་དམ་པ་རྣམས་ཀྱི་གསུང་ཟིན་བྲིས་དེབ་སུམ་ཅུ་ཉེ་བ་ཙམ་དང་།ཕྱོགས་བསྒྲིགས་ཀྱི་དེབ་བརྒྱ་ལྷག།
རྩོམ་སྒྲིག་བྱས་པའི་དེབ་བཅུ་ལྷག།
ད་ལྟ་སྔར་བཞིན་མདོ་སྔགས་རིག་གནས་འཛིན་སྐྱོང་སྤེལ་བའི་ཞོར་དུ།《འདུལ་བའི་བརྡ་བཀྲོལ》དང《རྒྱ་བོད་ནང་བསྟན་གྱི་ཚིག་མཛོད》《ཤེས་རབ་ཚིག་མཛོད》《བརྡ་རྙིང་ཚིག་མཛོད》《བོད་ཀྱི་དགོན་སྡེའི་དཀར་ཆག》《དེང་རབས་བསྟན་འཛིན་ངོ་སྤྲོད》《དགེ་ལུགས་པའི་གསུང་འབུམ་གྱི་དཀར་ཆག་ཆེན་མོ》སོགས་རྩོམ་སྒྲིག་བྱེད་ཀྱིན་ཡོད།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
