ཧྥ་ཤི་ཡོན་ཏན་རྒྱ་མཚོའི་རྣམ་ཐར་མདོར་བསྡུས་བཞུགས་སོ། །
འཇམ་མགོན་བླ་མའི་རྒྱལ་ཚབ་དམ་པ་ཡི། །
ཁང་གསར་བླ་མའི་ཞབས་རྡུལ་སྤྱི་བོས་བླངས། །
ཙི་ནའི་བསྟན་པའི་ཉིན་བྱེད་ནུབ་པ་ལ། །
ཡོན་ཏན་རྒྱ་མཚོས་སླར་ཡང་སྣང་བར་བྱས། །
དེ་ཡང་མན་ཆིང་གི་རྒྱལ་རབས་རྫོགས་ལ་ཉེ་བའི་སྐབས་ཏེ། སྤྱི་ལོ༡༨༨༦ལོའི་ཟླ༡༢པའི་ཚེས༢༢ཉིན། ཡུལ་ཟི་ཁྲོན་མན་ཀྲུ་ཧན་ཝང་ཁྲང་(绵竹汉旺场)ཞེས་བྱ་བར་རུས་ཀུང་གི་རྒྱུད་དུ་སྐུ་འཁྲུངས། ཆུང་དུས་ཀྱི་རུས་ནི་ཀུང་(龚)དང་མཚན་ལ་ཇི་ཞི་(缉熙)ཞེས་འབོད། ཁོང་ཉིད་སྐུ་འཁྲུངས་ནས་ལོ་གསུམ་གྱི་དུས་ཁྱིམ་རྫོང་མཁར་དུ་སྤོས། དེ་ནས་རིང་པོར་མ་ཐོགས་པར་ཡབ་ཡུམ་གཉིས་སྔ་རྗེས་སུ་འདས་པས་གཅེན་མོས་གཉོར་སྐྱོང་བྱས་ཏེ་སྒེར་གྱི་སློབ་གྲྭ་ནས་རིག་གནས་སྦྱོང་བའི་འགོ་བརྩམས། དགུང་ལོ་བཅུ་བཞི་ལ་སོན་པ་ན་ཁྲེང་ཏུའུ་ཧིན་ཧྲིན་ཐུང་བྱ་བའི་ཚོང་ཁང་དུ་ལོ་གཅིག་ཙམ་ལ་ཚོང་ལས་བསླབ། ཕྱིས་ཚོང་ཁང་དེ་གའི་སྒེར་གྱི་སློབ་གྲྭ་ནས་ལོ་བཞིའི་རིང་ཡང་བསྐྱར་རིག་གནས་ལ་གཞོལ། སྤྱི་ལོ༡༩༠༥སྟེ། ཁོང་དགུང་ལོ་ཉི་ཤུའི་སྟེང་སྐམ་དམག་སློབ་གྲྭའི་མྱུར་སློབ་འཛིན་གྲྭར་རྒྱུགས་འཕྲོད། དེ་ནས་ལོ་གཉིས་རིང་སློབ་སྦྱོང་བྱས་ནས་མཐར་ཕྱིན་ཏེ་དར་རྩེ་མདོ་སྦྲ་གུར་གྲོང་རྡལ་གྱི་ཉུལ་ཞིབ་རུ་དཔོན་གྱི་འགན་ཁུར། ཕྱི་ལོར་རུ་དཔོན་གྱི་འགན་ཁུར། ཡང་དེའི་ཕྱི་ལོར་ཡུན་ནན་དྲག་སྦྱོང་ཁང་གི་དགེ་རྒན་གྱི་འགན་བཞེས། ལོ་ངོ་བཞི་ཙམ་འདས་རྗེས་དྲག་སྦྱོང་ཁང་མཚམས་བཞག་པ་དང་། ཀུང་ཇི་ཞི་ཁོང་ཉིད་སླར་ཟི་ཁྲོན་དུ་ལོག་ནས་ཐོན་ཀྲང་གི་འགན་བཞེས། ཞོར་དུ་ཁྲོན་པེ་ཆིན་ཤང་གི་བཀོད་འདོམས་པའི་འགན་བཞེས། དེའི་རིང་ཧྥོ་ཡོན་(佛源)ཏེ་བསྟན་པའི་འབྱུང་གནས་བྱ་བའི་ཧྥ་ཤི་ཡིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སན་དབྱི་ལྷ་ཁང་(三义庙)དུ་ཆོས་གསུངས་པ་ཉན་ནས་མོས་གུས་ཆེན་པོ་སྐྱེས་ནས་བླ་མ་དེ་ཉིད་ཀྱི་ཞབས་ལ་བཏུད།
སྤྱི་ལོ༡༩༡༤ལོར་ཡོན་ཧྲི་ཁེ་ཙུང་ཐུང་དུ་བསྡད་རྗེས། ལོ་དེར་དམག་དཔོན་ཧྥུ་བྱ་བ་བཙུགས་ཤིང་ཁོང་ཉིད་ཀྱང་དེ་རུ་བཞུགས།འོན་ཀྱང་ངེས་གཏན་གྱི་འགན་ཐོབ་ཅང་མེད། ཁོང་ཉིད་དགུང་ལོ་སུམ་ཅུའི་སྟེང་འཇར་པན་དུ་དངོས་དོན་རྟོག་ཞིབ་ཏུ་བསྐྱོད། ལོ་ཕྱེད་ཀྱིས་ཕྱིར་ལོག་ཅིང་། པེ་ཅིང་སློབ་ཆེན་དུ་ཡུལ་ཕྱོགས་གཅིག་པའི་དགེ་རྒན་ཀྲང་ཁེ་ཁྲིན་(张克诚)ལགས་ཀྱི་སེམས་ཙམ་པའི་སློབ་ཁྲིད་ལ་ཉན། དེ་ལས་རབ་ཏུ་བྱུང་བའི་བློ་ཐོག་མར་སྐྱེས། དེ་མུར་ཟི་ཁྲོན་དུ་ལོག་ནས་ཨ་ཅེ་ལ་བློ་དྲིས། ཡིན་ཡང་རིགས་རྒྱུད་ལ་གཞིགས་ནས་འཐད་པ་མ་བྱུང་། སྤྱི་ལོ༡༩༡༦ལོར་དམག་དཔོན་ཧྥུ་སྟོང་བས། ཟི་ཁྲོན་དམག་གི་དཔོན་པོ་ལིག་ཞང་(刘湘)གི་ཞུ་བ་བཞིན་པེ་ཅིང་གི་འཐུས་ཚབ་དུ་མངགས། ལོ་རྗེས་མར་ཕྱིར་ཁྲེང་ཏུའུ་རུ་ལོག་ཅིང་། ཧྲོད་ཁྲེང་ནང་རིག་ཚོགས་པ་(少城佛学社)གསར་འཛུགས་བྱས་ནས་ཧྥ་ཤི་དང་དགེ་བསྙེན་ལས་ཆོས་གསན་པ་དང་། རང་གིས་ཀྱང་འཆད་དེ་འགྲོ་དོན་བསྒྲུབས།
༡༩༢༤ལོར་ཁོང་དགུང་ལོ་སོ་དགུ་ལ་བུ་ཧྲུའུ་ཁྲེང་(述成)སྐྱེས་པ་དང་། བུ་སྐྱེས་ནས་ཉིན་བཞི་བཅུ་ལོན་པ་ན་གྲོགས་ཁྲེང་ཀྲི་ཞོན་(程芝轩)དང་མཉམ་དུ་ཁྲུང་ཆིན་ཕེ་ལིན་རྫོང་གི་ལྷའི་རིན་ཆེན་དགོན་པར་(天宝寺)མཇལ་ནས་ཁྲི་པ་བསྟན་པའི་འབྱུང་གནས་(佛源)ཀྱི་ཞབས་ལ་གཏུགས་ཏེ་རབ་ཏུ་བྱུང་། མཚན་ལ་ནེང་ཧའེ་(能海)གསོལ། ཕྱི་ལོར་ཞིན་ཏུའུ་རིན་ཆེན་འོད་དགོན་པའི་(宝光寺)ཧྭ་ཤང་ཀྭོན་ཡིས་(贯一)ཀྱི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། ཉིན་དེ་ལ་དགའ་བ་ཚད་མེད་པ་སྐྱེས་ཤིང་འགྲོ་བའི་དོན་རྒྱ་ཆེར་བྱེད་པར་ཐུགས་དམ་བརྟན་པོ་མཛད།
ཧྥ་ཤི་ཉིད་ཆོས་སྒོར་ཞུགས་པ་ནས་གུས་རྟག་བརྩོན་པས་རྒྱ་ཡུལ་གྱི་མདོ་སྡེའི་གྲུབ་མཐའ་རྣམས་ཀྱི་གཞུང་ལ་ཞིབ་ཏུ་བསླབ། ཡིན་ཡང་བློ་ཚིམ་པོ་མ་བྱུང་། དེ་སྔོན་པེ་ཅིང་གི་དགའ་ལྡན་བྱིན་ཆགས་གླིང་གི་བཀའ་བསྟན་གྱི་དཔེ་ཐོ་ལ་གཟིགས་མྱོང་ཞིང་གསང་སྔགས་ཀྱི་བསྟན་བཅོས་གྲངས་མང་བ་ཡོད་པ་ཡིད་ལ་དྲན་ཏེ་སྔགས་ལ་སློབ་པའི་བློ་སྐྱེས། སྡོམ་པ་མནོས་མཚམས་སུ་འཇར་པན་དུ་གསང་སྔགས་སློབ་པར་འགྲོ་བར་དགོངས་ཏེ་ཁྲུང་ཆིན་དུ་ཕེབས། དེར་ནན་ཅིང་གི་སློབ་གཉེར་བ་ཞིག་གིས་བོད་ཀྱི་དམ་པའི་ཆོས་ནི་ཤིན་ཏུ་འཐུས་ཏེ། རྒྱའི་ཡུལ་དུ་མ་འགྱུར་བ་བོད་དུ་ཡོད་ལ། རྒྱའི་ཡུལ་དུ་འགྱུར་བ་རྣམས་བོད་དུ་མ་འགྱུར་བའང་ཧ་ཅང་ཉུང་། དེ་བས་ཆོས་སློབ་པ་ལ་ངེས་པར་བོད་དུ་ཕེབས་དགོས་གསུངས་པས། ཧྥ་ཤི་ཉིད་ཀྱི་དང་བ་འཕྲོག གཞན་ཡང་ཚགས་ཤོག་ལས་ཧྥ་ཤི་དཔའ་ཆེན་(大勇)འཇར་པན་ནས་ཕྱིར་ལོག་ཡོད་པ་དང་། བོད་ཀྱི་གསང་སྔགས་ཀྱི་བསྟན་པ་འཇར་པན་ལས་ཁྱད་དུ་འཕགས་ཤིང་བོད་ལ་སྔགས་སློབ་པར་འགྲོ་བར་ཐག་བཅད་ཟིན་པའི་སྐོར་མཐོང་བས་ཁོང་ཡང་སྔ་མའི་བློ་ལྡོག་ནས་བོད་ལ་འགྲོ་བར་དགོངས། དེ་ནས་ཆོས་གྲོགས་གཞན་ཞིག་དང་ལྷན་དུ་ལིག་ཧྲན་བརྒྱུད་གླིང་ཆེན་འགྱིང་རིར་གནས་མཇལ་ཞུས་ཏེ་གཡག་རྔ་ལ་སླེབས། དེ་རུ་བོད་ལ་འགྲོ་བའི་ཆོས་གྲོགས་ལྔ་འཛོམས་ནས་དར་རྩེ་མདོ་རུ་ཆས་བར་བརྩམས་ཀྱང་སྡེ་གཟར་གྱིས་འགྲོ་མ་ཐུབ་པར་གནས་སྐབས་རིང་གཡག་རྔ་རུ་བཞུགས་ནས་དད་ཅན་རྣམས་ལ་ཆོས་གསུངས་ནས་སྨིན་པར་མཛད།
༡༩༢༦ལོའི་ཟླ་དང་པོར་ལམ་དུ་ཆས་ཏེ་ཐད་ཀར་དར་རྩེ་མདོ་ཡི་ཕག་མོ་རིར་ཕེབས་ནས་དགེ་བཤེས་བྱམས་པའི་ཞབས་ལ་གཏུགས་ནས་བོད་ཡིག་སློབ་པའི་དབུ་བརྩམས། དགེབཤེས་ཀྱིས་ཧྥ་ཤི་ཁོང་ཉིད་ཀྱི་མཚན་ལ་ཡོན་ཏན་རྒྱ་མཚོ་གསོལ་ཞིང་། གཞན་ཆོས་གྲོགས་དྲུག་ལ་ཡང་རེ་རེ་བཞིན་མཚན་གསོལ། དར་རྩེ་མདོར་བཞུགས་རིང་བྱང་ཆུབ་ལམ་རིམ་ཆེན་མོ་དང་།མངོན་པ་མཛོད། མངོན་རྟོགས་རྒྱན། དགེ་སློང་གི་བསླབ་བྱ། ཚད་མ་ཀུན་བཏུས་སོགས་ལ་སློབ་གཉེར་མཛད།
༡༩༢༧ལོོར་ལི་ཐང་ལྷ་མོ་དགོན་(那摩寺)[①]དུ་འཇམ་དབྱངས་ཆོས་འཕེལ་རིན་པོ་ཆེའི་ཞབས་ལ་བཏུད་ནས་སྦྱོར་དྲུག་དང་གཏོར་མའི་ཆོ་ག་སོགས་ལ་སློབ་སྦྱོང་བྱས། དགེ་བཤེས་རིན་པོ་ཆེ་དགུང་ལོ་བརྒྱད་ཅུར་སོན་ཞིང་ཉམས་མྱོང་དང་གདམས་པའི་མཛོད་ལྟ་བུ་ཡིན། དེས་ལྷ་སའི་བསྟན་པ་ཁྱད་པར་འཕགས་ཚུལ་དང་ཧྥ་ཤི་ཉིད་རིངས་པོར་ཕེབས་དགོས་ཚུལ་གྱི་སྐུལ་མ་ནན་དུ་མཛད་པ་མ་ཟད། ཁང་གསར་ངག་དབང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་ལ་ངོ་སྦྱོར་གྱི་ཆབ་ཤོག་སྤྲིངས། ལོ་མཇུག་ཧྥ་ཤི་ཁྲིན་ཏུའུ་རུ་ཕྱིར་ཕེབས་ནས་བྱམས་ཆེན་དགོན་(大慈寺)དང་། འཇམ་དབྱངས་དགོན།(文殊院) ཁྲུང་ཆིན་སོགས་སུ་ཆོས་གསུངས། ཞོར་དུ་ལམ་རྒྱགས་སྒྲིག ཟླ་བཞི་བ་ཙམ་ལ་ཕྱིར་དར་རྩེ་མདོ་རུ་འཁོར་ནས་རྒྱའི་དགེ་འདུན་པ་གཞོན་ནུ་རྣམས་ལ་དཔའ་བར་འགྲོ་བའི་མདོའི་ཁྲིད་རྫོགས་པར་བསྐྱངས། ༡༩༢༨ལོའི་ཟླ༦པའིཚེས༢༠ཉིན། གྲོགས་ཡུང་ཀྭོན་(永光)དང་། ཡུང་ཡན།(永严)ཀའོ་ཡའོ་དང་(果瑶)ལྷན་དུ་གུར་དང་ཇ། རྩམ་པའི་རྡོག་ཁྲེས་འཁུར་ནས་ལམ་དུ་ཆས། དར་རྩེ་མདོ་ནས་ཆབ་མདོའི་བར་དུ་ཟླ་ངོ་གཉིས་དང་། ཆབ་མདོ་ནས་ལྷ་སའི་བར་ཟླ་ངོ་གཅིག་གི་རིང་དཀའ་ངལ་ཐེག་དཀའ་བ་རྣམས་ཁྱད་དུ་བསད་དེ། ལོ་དེའི་ཟླ༩པའི་ཚེས་ཉེར་བདུན་ཉིན་ལྷ་ལྡན་དུ་བདེ་བར་འབྱོར།
ལྷ་སར་འབྱོར་རྗེས་ཐོག་མར་གཙུག་ལག་ཁང་དུ་གནས་མཇལ་ཞུས་ཤིང་། དེ་ནས་འབྲས་སྤུངས་སུ་ཕེབས་ཏེ་བློ་གསལ་གླིང་གྲྭ་ཚང་གི་རྒྱལ་རོང་ཁང་ཚན་དུ་ཞུགས། ཡིན་ཡང་སློབ་གཉེར་ལ་བགེགས་བྱུང་བས་དེ་ལས་ཐོན་ཏེ་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ཁང་གསར་རིན་པོ་ཆེ་བླ་མར་བསྟེན། བླ་མ་ལ་ཉིན་རེར་ཐུན་གསུམ་ལ་གུས་ཕྱག་འཚལ་ཞིང་། སེམས་ཐག་པས་ཞབས་ཏོག་ལེགས་པོར་སྒྲུབ་པས་བླ་མས་ཀྱང་རྗེས་སུ་བཟུང་ནས་མདོ་སྔགས་ཀྱི་གདམས་པ་མང་དུ་བསྩལ། ལོ་ལྔའི་རིང་ཞབས་སུ་འབྲིངས་ནས་མངོན་རྟོགས་རྒྱན་གཙོ་བྱས་ཏེ་ཕར་ཕྱིན་གྱི་སྐབས་ལྔ་པ་དང། དབུ་མ་འཇུག་པ། མངོན་པ་མཛོད། འདུལ་བ། ཚད་མ། གྲུབ་མཐའ་སོགས་མདོ་ཕྱོགས་ཀྱི་ཆོས་སྐོར་དང་། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཆོ་ག་གཙོ་བྱས་པའི་གསང་སྔགས་རྒྱུད་སྡེ་བཞི་དང་དབང་ལུང་རྗེས་གནང་མང་དུ་གསན། དེ་ལས་གཞན་རྗེ་ཙོང་ཁ་པའི་གཏད་རབས་ཉེར་བརྒྱད་ཀྱི་བརྒྱུད་པའང་ཐོབ། ༡༩༣༢ལོར་རྒྱ་གར་བརྒྱུད་དེ་ཧྲང་ཧའེ་རུ་འབྱོར། དེ་ནས་ཁྲུང་ཆིན་དང་ཁྲིན་ཏུའུ། རི་བོ་རྩེ་ལྔ་སོགས་སུ་སྐལ་ལྡན་དོན་གཉེར་ཅན་རྗེས་སུ་བཟུང་ཞིང་། སྐྱེ་བོ་དད་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར། ཞོར་དུ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཆོ་ག་སོགས་སྔགས་ཀྱི་ཆོས་སྐོར་འགའ་ཡང་རྒྱ་ཡིག་ཏུ་བསྒྱུར། ༡༩༣༧ལོའི་ལོ་མཇུག་ཏུ་སླེབས་དུས་སློབ་མ་མང་དུ་འདུས་པས། ཡོངས་ཀྱིས་དགེ་ལུགས་གསང་སྔགས་ཀྱི་གདན་ས་ཞིག་རེ་སྨོན་ཆེ་བ་དང་གསོལ་བ་བཏབ་བཞིན་འཇམ་དབྱངས་དགོན་པའི་ཧྭ་ཤང་ཆེན་པོ་ཆོས་འོད་(法光)ཀྱིས་དགོན་པ་དེའི་གླིང་སྨད་ཅིན་ཚི་དགོན་(近慈寺)ནམ་བྱམས་བསྙེན་དགོན་ཧྥ་ཤི་ཡོན་ཏན་རྒྱ་མཚོར་གཏད། ཧྥ་ཤི་ཐུགས་རབ་ཏུ་བརྟས་ཏེ་དགོན་ཧྲུལ་དེ་གར་བཞུགས་ནས་ཐོག་མར་ཆོས་ཁང་བསྐྱར་གསོ་མཛད། དེ་ནས་འཇིགས་བྱེད་ལྷ་ཁང་དང་། གྲྭ་ཤག་རྣམས་བཞེངས། ཕྱི་ལོའི་ཟླ་གསུམ་པར་སློབ་མ་ཚང་མ་དགོན་པར་ཕེབས་ནས་བྱམས་བསྙེན་དགོན་གྱི་གདན་ས་དངོས་སུ་བཟུང་། ༡༩༤༠ལོར་རྗེ་ཙོང་ཁ་པའི་ལྷ་ཁང་དང་། ༡༩༤༡ལོར་སྦྱིན་སྲེག་དཀྱིལ་འཁོར། ༡༩༤༢ལོར་དགེ་ཚུལ་ལྷ་ཁང་བཅས་བཞེངས། ༡༩༤༥ལོར་སྒྲ་བསྒྱུར་གླིང་བཞེངས་ནས་དགོན་པའི་རྟེན་དང་བརྟེན་པ་ལེགས་པར་གྲུབ་པ་དང་། རྒྱ་ཡུལ་གྱི་དགེ་ལུགས་པའི་གདན་ས་ཐོག་མར་ཕྱག་བཏབ།
༡༩༤༠ལོའི་ཟླ༥པའི་ཚེས༦ཉིན་སློབ་མའི་འཁོར་བདུན་ཙམ་དང་ལྷན་དུ་བྱམས་བསྙེན་དགོན་དུ་ལམ་ལ་ཆས་ཏེ། གཡག་རྔ་དང་། དར་རྩེ་མདོ། དཀར་མཛེས། སྡེ་དགེ ཆབ་མདོ་སོགས་བརྒྱུད་ནས་ལོ་དེའི་ཟླ༩པར་ལྷ་སར་འབྱོར། སྔར་བཞིན་ཁང་གསར་རིན་པོ་ཆེའི་སྐུ་མདུན་ནས་དམ་ཆོས་ཟབ་ཚད་གསན། ལོ་ཕྱེད་ཀྱི་ནང་ལ་ཆོ་ག་དང་དཀྱིལ་འཁོར། སྦྱིན་སྲེག་གིས་མཚོན་པའི་གསང་སྔགས་ཀྱི་བརྒྱུད་པ་མ་ལུས་པར་བླངས། ཁོང་བོད་དུ་ཆོས་ཞུར་ཕེབས་ནས་ཁང་གསར་རིན་པོ་ཆེའི་མདུན་ནས་དབང་ལུང་རྗེས་གནང་མི་འདྲ་བ་བཞི་བརྒྱ་ལྷག་ཞུས་པ་དང་། ཇ་སག་རིན་པོ་ཆེའི་མདུན་ནས་བསྐྱེད་རྫོགས་ཀྱི་རིམ་པའི་ཁྲིད་ཁ་ཤས་སོང་། ཞོར་དུ་རྒྱུད་སྡེ་ཡི་ཆོས་སྐོར་དུ་མ་རྒྱའི་སྐད་དུ་བསྒྱུར།
ལྷ་སར་བཞུགས་རིང་ཁང་གསར་རིན་པོ་ཆེ་རྒྱའི་ཡུལ་དུ་ཆོས་འཁོར་བསྐོར་བར་གདན་འདྲེན་གྱི་གསོལ་བ་དྲག་ཏུ་བཏབ་ཀྱང་། རིན་པོ་ཆེའི་སྐུ་མཉེལ་བས་བསམ་པ་ཡིད་བཞིན་དུ་མ་འགྲུབ། རིན་པོ་ཆེས་ཀྱང་ཧྥ་ཤི་རྒྱ་ནང་དུ་ཕྱིར་ལོག་ན་རྒྱ་ནང་གི་བསྟན་འགྲོར་སྨན་པ་དང་། དུས་འགྱངས་ན་བར་ཆད་གཞན་ཡོང་དོགས་ཀྱིས་རང་གི་ཆོས་གོས་གསུམ་དང་། དུང་དཀར། གཟན་གོས། ཤམ་ཐབས། བུམ་པ། ཀཔཱལཿ རྡོར་དྲིལ། ཞབས་ལྷམ། གཞན་མདོ་སྔགས་ཀྱི་བེའུ་བུམ་མང་པོ་གནང་ཞིང་། རྒྱའི་ཡུལ་དུ་དམ་ཆོས་གསུངས་པར་དབང་བསྐུར་ཏེ་བླ་སློབ་གཉིས་འབྲལ་མི་ཕོད་པའི་ངང་ལ་བྲལ་ཏེ་ཕྱིར་ཟི་ཁྲོན་དུ་ལོག
ཧྥ་ཤིས་བོད་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་། བུ་སྟོན་རིན་པོ་ཆེའི་གསུང་འབུམ་གྱིས་མཚོན་པའི་གསུང་རབ་ཁལ་ཉི་ཤུ་བརྒལ་བ་བསྣམས་ནས་ཕེབས། དཀར་མཛེས་ནས་ཧྥ་ཤི་སྔོན་ལ་ཐོན་ཏེ་བསུ་མའི་སྟ་གོན་སྒྲིགབོད་ཀྱི་གསུང་རབ་དེ་དག་བྱམས་བསྙེན་དགོན་དུ་འབྱོར་སྐབས། ཧྥ་ཤིས་དགེ་འདུན་གྱི་ཚོགས་ཁྲིད་དེ་རྒྱལ་སྒོའི་ཕྱི་རོལ་ཏུ་ཕེབས་ནས་དོ་པོ་རེ་རེ་ལ་ཁ་བཏགས་སྒྲོན་ཞིང་། ཅོང་དང་། རྔ་སྦུབ་སིལ་སྙན་གྱིས་རོལ་མོ་དཀྲོལ། གདུགས་དང་རྒྱལ་མཚན་བསྐོར། མེ་ཏོག་དང་བདུག་སྤོས་ཀྱིས་མདུན་བསུས་ནས་བྱམས་བསྙེན་དགོན་དུ་ལེགས་པར་གདན་དྲངས། ཕྱིས་སུ་གསུང་རབ་ཁ་ཤས་ཤིག་རི་བོ་རྩེ་ལྔར་བཞུགས་སུ་གསོལ།
ཧྥ་ཤི་ཡོན་ཏན་རྒྱ་མཚོ་སླར་འཁོར་ནས་ཟི་ཁྲོན་གྱི་བྱམས་བསྙེན་དགོན་དང་། ཡུན་ཝུའུ་དགོན།(云悟寺) ལུང་ཞིན་དགོན།(龙兴寺) ཐའེ་ཕིན་དགོན།(太平寺) ལུང་ཅིས་དགོན།(龙居寺)ཀྲའོ་ཇོ་དགོན། (昭觉寺)ཐའེ་ཞང་དགོན་(铁像寺)སོགས་དང་། པེ་ཅིན། ཝུའུ་ཁྲང་། ཧྲང་ཧའེ། ཧྲན་ཞི་སོགས་སུ་རྒྱུད་སྡེ་གཙོ་བྱས་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། དད་ཅན་རྣམས་ལ་རང་གི་འདོད་མོས་བཞིན་སྡོམ་པ་བསྩལ། ཡང་སློབ་མ་སྣོད་ལྡན་རྣམས་ལ་གསང་སྔགས་ཀྱི་ཟབ་ཆོས་གནང་། ལོ་རེའི་དབྱར་གྱི་དུས་སུ་དབྱར་གནས་སུ་བཞུགས་ཏེ་ཆོས་གསུངས་པ་དང་རྒྱུད་སྡེ་མང་པོ་རྒྱའི་སྐད་དུ་བསྒྱུར། རྗེ་བཙུན་ཤེས་རབ་རྒྱ་མཚོ་དང་ལྕང་སྐྱ་རིན་པོ་ཆེ། ཇ་སག་རིན་པོ་ཆེ། སོག་པོའི་བླ་མ་ཞིན་ཧྲན་(兴善)ནམ་དར་རྒྱས་བཟང་པོ་སོགས་གདན་དྲངས་ནས་རྟེན་དང་བརྟེན་པར་རབ་གནས་དང་། དཀྱིལ་འཁོར་བཞེངས་པ། ཆོས་ཞུ་བ་སོགས་བསྟན་འགྲོའི་དོན་རླབས་པོ་ཆེ་སྒྲུབ།
ཅང་ཅེ་ཧྲི་(蒋介石)ཡིས་ཞུ་མི་མངགས་ནས་ཧྥ་ཤི་མི་སེར་རྒྱལ་ཁབ་ཀྱི་སྲིད་ཞུགས་ཚོགས་པའི་སྲིད་ཞུགས་པར་གདན་ཞུ་གནང་བ་དང་། ཨ་མེ་རི་ཁའི་ཙུང་ཐུང་ཧྥུ་ལན་ཁུ་ལིན·ལའོ་སུ་ཧྥུ་(Franklin Delano Roosevelt)ཡིས་སྐུ་དངོས་སུ་ཞུ་ཡིག་བཏང་ནས་གདན་ཞུ་གནང་བ་སོགས་ལ་རེ་རེ་བཞིན་ཁས་ལེན་མ་མཛད་པར་ཐུགས་རྩེ་གཅིག་གིས་རྒྱ་ཡུལ་གྱི་བསྟན་པ་འདེགས་པར་གཞོལ།
༡༩༥༥ལོ་ནས་བཟུང་ཧྥ་ཤི་རི་བོ་རྩེ་ལྔར་གཏན་བཞུགས་མཛད་ནས་འདུལ་བ་དང་། རྡོ་རྗེ་གཅོད་པ། མངོན་རྟོགས་རྒྱན་སོགས་གསུངས་པ་དང་། ཞོར་དུ་ལུང་ཕྲན་ཚེགས་ལ་ཞིབ་གཟིགས་དང་། བསླབ་ཡིག་ལྗགས་རྩོམ་གནང་། ༡༩༦༦ལོའི་དབྱར་གྱི་དུས་ནས་བཟུང་ལོ་བཅུའི་ཟིང་འཁྲུག་གི་འགོ་བརྩམས། ཧྥ་ཤི་ཉིད་ལ་ཡང་ནག་ཚོགས་ཀྱི་གཏེ་བོར་སྐྱོན་དཀྲིས་ནས་ཚ་རྡུང་བཏང་ཞིང་ངལ་རྩོལ་བསྒྱུར་བཀོད་བྱ་བའི་ལས་ཀར་བཙན་འཇུག་བྱས། ཡིན་ཡང་ཧྥ་ཤི་ཉིད་ཀྱིས་བཙོན་དོང་དང་ངལ་རྩོལ་གྱི་སྐབས་གང་དུ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་བསྐྱངས་པས། མཚམས་རེར་མགོ་འཁྲུལ་གདུག་པ་ཅན་རྣམས་ཀྱང་བློ་ཁ་ཆོས་ལ་བསྒྱུར་བའི་སྐབས་བྱུང་། ལོ་མཇུག་ཏུ་རི་བོ་རྩེ་ལྔའི་དགོན་པ་ཡོངས་ཀྱི་དགེ་འདུན་པ་ཡོད་ཚད་རང་གི་ཕ་ཡུལ་དུ་ཕྱིར་གཏོང་བྱས་པས་གཞན་རྣམས་ཕེབས། ཧྥ་ཤིས་ཉེ་གནས་ལ་འགྲོ་དགོས་སམ་ཞེས་དྲི་བ་བྱས་ཀྱང་།ཉེ་གནས་ཀྱིས་དོན་མ་གོ་བར་འགྲོ་དགོས་འདུག་གསོལ།གནམ་གང་སྟེ་ཚེས་པ་སོ་གཅིག་གི་སྲོད་ལ་སྔར་ལྟར་དགེ་སྦྱོར་ལ་བརྩོན་ཞིང་སྐུ་ལ་མཉེལ་བ་ཅི་ཡང་མ་བྱུང་། མཚན་སྟོད་དུ་ཉེ་གནས་ལ་སང་ཉིན་ང་ལ་དགོངས་པ་ཞུ་རོགས་གསུངས་ནས་གཟིམ་ཤག་ཏུ་ལོགཕྱི་ཉིན་གྱི་ཞོགས་པར་ཉེ་གནས་ཀྱིས་ཤེས་དུས་ཧྥ་ཤིས་ཆོས་གོས་རྣམ་གསུམ་ལེགས་པར་གསོལ་ནས་ཞབས་གཉིས་སྐྱིལ་ཀྲུང་བཅས་ཏེ། མཉམ་བཞག་ངང་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ།།ཉིན་དེར་དྲི་བཟང་པོ་བར་མེད་དུ་འཐུལ་ཞིང་རིང་བསྲེལ་གྱི་རིལ་བུ་ཡང་བབས་པར་གྲགས་སོ། །ཞེས་ཚེ་བརྟན་འབུམ་གྱིས་བྲིས་པ་དགེ་ལེགས་འཕེལ།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn