རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་བློ་བཟང་དཔལ་ལྡན་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-12-12 07:59:37     རྩོམ་པ་པོ།   རོང་བོ་བློ་གྲོས་བརྟན་པ།     ཀློག་ཐེངས།  

热贡罗桑华丹.jpg

གྲྭ་སྐོར་དགེ་བཤེས་བློ་བཟང་དཔལ་ལྡན་མཆོག་ནི། ༡༩༧༦ལོའི་ཟླ་གཉིས་པའི་ཚེས་བཅུ་ཉིན་ཡབ་བནྡེ་བཀྲ་ཤིས་དང་ཡུམ་ཀླུ་མོ་རྒྱལ་གཉིས་ཀྱི་སྲས་སུ་མདོ་སྨད་རེབ་གོང་སྨད་པའི་སྡོང་སྐམ་སྡེ་བ་ནས་འཁྲུངས། དགུང་ལོ་བདུན་གྱི་སྟེང་སློབ་ཆུང་དུ་ཞུགས་ཤིང་རིམ་བཞིན་དམའ་འབྲིང་གཉིས་པའི་བར་དུ་འགྲིམས།

༡༩༩༡ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་འཕགས་པ་ཉེ་བར་འཁོར་དང་དབྱེར་མ་མཆིས་པའི་འདུལ་འཛིན་ཆེན་པོ་ ༸ འཇའ་མོའི་ཨ་ཁུ་ཚང་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་།  སྲིད་ན་དཀོན་པའི་༸ རྗེ་བླ་མའི་སྐུ་བརྙན་བྱིན་ཅན་བཀྲ་ཤིས་དོ་ཁའི་གསུང་འབྱོན་མ་བཞུགས་སའི་གཞིས་དགོན་སྤེན་དཀར་ཐང་དུ་ཚོགས་ཞུགས་མཛད་དེ་དགེ་སློང་སྦྱིན་པ་མཆོག་ལས་འདོན་ཆོས་སྤྱོད་དང་སུམ་རྟགས་དག་གསུམ་ལ་སྦྱངས།

༡༩༩༥ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་ལྔའི་ཉིན་མདོ་སྨད་དགོན་ཆེན་དྲུག་གི་ཡ་གྱལ་༸ རོང་བོ་དགོན་ཆེན་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཞུགས་གནང་སྟེ་གསེར་ལྗོངས་ཡུལ་ན་རྒྱལ་མཚན་གྱི་ཏོག་ལྟར་འཕགས་པའི་དགེ་བཤེས་ཆེན་མོ་རྒན་རོང་བོ་༸ བློ་བཟང་ཆོས་གྲགས་མཆོག་བཤེས་གཉེན་དུ་བསྟེན་ཏེ་བསྡུས་གྲྭ་ནས་བློ་རྟགས་བར་སྦྱངས་པ་མཛད་ཅིང་འཛིན་གྲྭ་གོང་མའི་རྩོད་པའང་མགོ་མིག་བཏོད་པའི་ཚུལ་དུ་གཟིགས།

༡༩༩༧ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་དབུས་ཀྱི་གདན་ས་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་ཡང་དར་བསྟན་པའི་གསལ་བྱེད་ངག་དབང་ཟླ་གྲགས་དཔལ་བཟང་བོ་ལས་ལེགས་བཤད་སྙིང་བོའི་སེམས་ཙམ་པ། རྣམ་འགྲེལ་ཐར་ལམ་གསལ་བྱེད། རྗེ་བཙུན་རྣམ་འགྲེལ་གྱི་སྐོར་ཕལ་ཆེ་བ་དང་དབུ་མའི་སྤྱི་དོན་ཆ་ཚང་། འཛིན་གྲྭ་གོང་མའི་གོང་མ་དང་མཉམ་དུ་མཚོ་ཊཱིཀ་གི་དཔེ་ཁྲིད་དང་།རང་གི་འཛིན་གྲྭ་དང་མཉམ་དུ་ཡང་འདུལ་བ་དང་མཛོད་གནས་ལྔ་བའི་བར་དུ་སྦྱངས། ཁྱད་པར་དུ་དགོངས་པ་རབ་གསལ་དང་རྩ་ཤེ་ཊཱིཀ་ཆེན་གཉིས་མཛུབ་ཁྲིད་ལྟ་བུར་ཐོབ་ཅིང་ཆོས་གྲྭར་ཆག་མེད་ཀྱིས་ཕེབས་ཏེ་རྩོད་པ་གནང་བས་གོ་རིགས་ཤིན་ཏུ་རྒྱས།

 སེ་ར་སྨད་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བཀྲ་ཤིས་རྒྱལ་མཚན་མཆོག་གི་མདུན་ནས་ཕར་ཕྱིན་ཡོངས་རྫོགས་དང་། དྲང་ངེས་རྣམ་འབྱེད། བླ་མ་རྗེ་བཙུན་པའི་རྒོལ་ངན་ཚར་གཅོད། རྣམ་འགྲེལ་ཐར་ལམ་གསལ་བྱེད། མཉན་བྱའི་དབང་བོའི་ཟུར་བཀོལ། དབུ་མ་དགོངས་པ་རབ་གསལ་བཅས་ཀྱི་ཁྲིད་དང་། གཞུང་ལུགས་སྨྲ་བ་བློ་བཟང་མཁྱེན་རབ་ཀྱི་མདུན་ནས་ཕར་ཕྱིན་གྱི་སྐོར་དང་། དྲང་ངེས་རྣམ་འབྱེད་ཀྱི་སེམས་ཙམ་གཅིག་པུ་ཟླ་བ་བདུན་ལ་རྒྱས་ཁྲིད་ཀྱིས་ཐོབ་པ་སོགས་འབད་པ་དཔག་མེད་མཛད། འཇང་དགུན་ཆོས་ཆེན་མོའི་དམ་བཅའ་ལ་ཡང་བཞུགས་ཏེ་དགེ་བའི་བཤེས་གཉེན་དང་ཆོས་གྲོགས་རྣམས་ཀྱིས་བསྔགས་བརྗོད་བླ་མེད་ཐོབ།

༢༠༠༧ལོའི་བོད་ཟླ་དང་བོའི་ཚེས་བཅོ་ལྔའི་ཉིན་༸ སྐྱབས་མགོན་ཐམས་ཅད་མཁྱེན་པའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་དང་། རྒྱུད་གསང་བ་འདུས་པ། སྔགས་བླ་མེད་ཀྱི་དབང་ལུང་ཁྲིད་གསུམ་སོགས་མནོས།

༢༠༠༨ལོར་ལྷ་ས་ནས་ཞབས་ཟུང་རིག་འབྱུང་ཡུལ་ལ་བསྒྱུར་ཏེ་རོང་བོ་དགོན་ཆེན་དུ་ཚོགས་ཞུགས་གནང་ཞིང་། ཉིས་སྟོང་དགུ་ལོར་རིགས་པའི་དབང་ཕྱུག་བཤེས་གཉེན་བཀྲ་ཤིས་རྒྱལ་མཚན་མཆོག་སྒྲུབ་སྡེ་སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་དུ་གདན་དྲངས་ནས་མཛོད་རྩ་བ་དང་སྤྱོད་འཇུག་ཆེན་མོའི་ཁྲིད་ལ་གསན།

༢༠༡༠དང་༢༠༡༡གཉིས་ལ་འཛིན་གྲྭ་དང་མཉམ་དུ་གྲྭ་ཚང་ཐོས་བསམ་གླིང་གི་ཁ་མགོ་བར་ཞུགས་ནས་འདུས་མང་ལ་ཞབས་ཞུ་བསྒྲུབས། དེ་ནས་ལོ་བཞིར་འཛིན་གྲྭ་དང་ལྷན་དུ་མཛོད་འདུལ་གཉིས་ལ་དཔེ་ཁྲིད་དང་རྩོད་པ་གནང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་གཤའ་མ་བྱས།

༢༠༡༦ལོ་ནས་བཟུང་སྔགས་ལ་གཟིགས་རྟོག་དང་། ལོ་འདིའི་བཅུ་བའི་ལྔ་མཆོད་ནས་མདོ་དབུས་ཀྱི་གདན་ས་དུ་མ་རུ་གྲྭ་སྐོར་དམ་བཅའ་ཆེན་མོར་ཕེབས་པར་ཆས་ཤིང་། གྲྭ་སྐོར་ནི་སྔར་རྗེ་བཙུན་རེད་མདའ་བ། ཆོས་རྗེ་དོན་རིན་པ། རྗེ་བདག་ཉིད་ཆེན་པོ། རྒྱལ་ཚབ་རིན་པོ་ཆེ། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སོགས་དམ་པ་མང་བོས་འཆད་ཉན་དར་སའི་གདན་ས་ཁག་ཏུ་དམ་བཅའ་བཙུགས་པ་ལ་ཟེར་ཞིང་། ཡུལ་མདོ་སྨད་དུ་ཡང་མཁས་པའི་དབང་བོ་དཔའ་རིས་བློ་བཟང་རབ་གསལ་ཚང་གིས་དགོན་སྡེ་མང་བོར་གྲྭ་སྐོར་མཛད་ཅིང་། ད་ལྟ་མདོ་སྨད་ཀྱི་ལྗོངས་འདིར་སྲོལ་བཟང་དེ་ཉམས་པ་ལྟ་བུར་གྱུར་པ་ན། བསྟན་པའི་གནད་མཁྱེན་པའི་བཤེས་གཉེན་འགའི་བཀའ་གསུང་སྤྱི་བོར་ཕེབས་པ་བཞིན། མདོ་སྨད་བསྟན་པའི་བདག་པོ་ ༸ ཤར་སྐྱབས་མགོན་ཐམས་ཅད་མཁྱེན་པ་དང་སློབ་གཉེར་འཛིན་སྐྱོང་ཚོགས་པས་རྒྱབ་སྐྱོར་གནང་བ་ལྟར་དགེ་བཤེས་བློ་བཟང་དཔལ་ལྡན་ཁོང་གྲྭ་སྐོར་དུ་ཕེབས་པ་ཡིན་ལ། སྐབས་དེའི་སློབ་གཉེར་འཛིན་སྐྱོང་ཚོགས་པའི་དགེ་བཤེས་འཇིགས་མེད་བློ་གྲོས་དང་དོ་དམ་ཁང་གི་བྱང་ཆུབ་བློ་བཟང་བཀྲ་ཤིས་བཅས་ཀྱིས་སྐྱེལ་མ་བྱས་ནས་གཙང་དགོན་དོན་འགྲུབ་རབ་བརྟན་གླིང་དུ་དབུ་བཙུགས་ཏེ་ཉིན་གཅིག་ལ་དམ་བཅའ་བཞག  རྭ་རྒྱ་ནས་ཉིན་གཉིས། དྷཱི་ཚཿ    ནས་ཉིན་གསུམ། ཀིརྟི་ནས་ཉིན་ལྔ། ཚོ་བདུན་ནས་ཉིན་གཅིག སྟག་ཚང་ལྷ་མོ་ནས་ཉིན་གཉིས། དགོན་ཁག་བཞིའི་ཧོར་གཙང་ནས་ཉིན་གཅིག་བཅས་ལ་ངོས་ལེན་གནང་བའི་མདོ་སྨད་ཀྱི་ཆོས་སྡེ་ཁག་ཏུ་གྲྭ་སྐོར་མཛད་གྲུབ་ཅིང་མགོ་མཇུག་གཉིས་ཀ་གཙང་དགོན་ལ་ཁེལ་བ་འདི་ཡང་གྲྭ་སྐོར་བྱེད་པའི་རླབས་ཆེན་བཞེད་རྒུ་མཐའ་དག་གཙང་མར་འབྱུང་བའི་རྟེན་འབྲེལ་ཞིག་ཡིན་ལོས་ཆེ།

༢༠༡༧ལོར་གདན་ས་སེ་འབྲས་དགེ་གསུམ་དང་། ས་ག་ཟླ་བའི་ནང་རོང་བོ་དགོན་ཆེན་གྱི་དམ་བཅའ་ཆེན་མོའི་སྐབས་ཉིན་གསུམ་ལ་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་བཞག་ཅིང་བསྡུས་གྲྭ་དང་རྟགས་རིགས་འཛིན་གྲྭ་མ་ཡིན་པའི་དགེ་འདུན་པ་རེ་རེའི་དམ་བཅར་བཞུགས་ཏེ་གྲྭ་སྐོར་དམ་བཅའ་ཆེན་མོ་མཇུག་ལེགས་པར་སྒྲིལ་བ་ཡིན།  ཚེས་བཅོ་ལྔ་ཉིན་ ༸ སྐྱབས་མཆོག་བརྒྱད་པ་དཔལ་བཟང་བོ་ཚོགས་དབུར་གདན་དྲངས་ཤིང་། དགེ་བའི་བཤེས་གཉེན་བཀྲ་ཤིས་རྒྱལ་མཚན་དང་རྒན་མིག་དམར་སོགས་གྲྭ་སྐོར་མཛད་སའི་མདོ་དབུས་ཀྱི་ཆོས་སྡེ་ཁག་གི་དགེ་བཤེས་ཆེ་གྲས་མང་བོ་ཡང་གདན་ཞུ་མཛད། ཕྱི་ཉིན་བླ་མ་རིན་པོ་ཆེ་སོགས་བཤེས་གཉེན་མང་བོ་གྲྭ་སྐོར་དགེ་བཤེས་ཁོང་གི་སྐུ་ཡུལ་ལ་གདན་དྲངས་ཏེ་བསྙེན་བཀུར་མཛད། ཐོས་བསམ་དོན་གཉེར་ཅན་དག་ལ་སྤྱོད་འཇུག  རྩ་ཤེ། རྣམ་བཤད་སྙིང་བོའི་རྒྱན། ཕར་ཕྱིན་སྤྱི་དོན་དང་ཟུར་བཀོལ་སོགས་ཀྱིས་མཚོན་ལམ་གཙོ་རྣམ་གསུམ་དང་ལམ་རིམ་བསྡུས་དོན་བཅས་ཀྱི་དཔེ་ཁྲིད་གནང་། ལོ་དུ་མ་ནས་འདུས་སྡེ་རིན་པོ་ཆེའི་དགེ་འདུན་པ་རེ་རེར་རྡོ་སོལ་དང་། ཚོགས་སྐལ་གྱི་སྟེང་བསྔོ་རྟེན་ལ་ཕུལ་པའི་ཡོན་དག་ཀྱང་ཕྱིར་འབུལ་བཞིན་ཡོད། ཉེ་བའི་ལོ་འདི་འགའི་ནང་མདོ་དབུས་སོགས་སུ་ཕེབས་ཏེ་ཁྲིད་རྒྱུན་དང་ལུང་རྒྱུན་ལ་འབད་པ་ཤུགས་ཆེར་མཛད་ཞོར་ད་ལྟ་སློབ་གཉེར་འཛིན་སྐྱོང་ཚོགས་པ་སྐབས་བདུན་པའི་འགན་བཞེས་བཞིན་བཞུགས་ལགས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།