ཀླུ་ཚང་དགོན་གྱི་དགེ་བའི་བཤེས་གཉེན་བརྩོན་འགྲུས་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།
ཀླུ་ཚང་དགོན་གྱི་དགེ་བའི་བཤེས་གཉེན་བརྩོན་འགྲུས་རྒྱ་མཚོ་མཆོག་ནི། བདུད་ཤུལ་ཀླུ་ཚང་གི་འབལ་ཀླུ་ཚང་གྲོང་བ་སྡེ་བར་ཡབ་དཔལ་ལྷ་དང་། ཡུམ་ཕག་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཕྲ་བའི་དུས་སུ་ཁ་གྱའི་ཨ་ཁུ་ཉི་མ་ཚང་དགེ་རྒན་དུ་བསྟེན་ཏེ་མགོ་ཀ་ཁའི་སྦྱོར་ཀློག་ནས་བཟུང་ཆོས་སྤྱོད་ལ་རིམ་པར་སྦྱངས།
དགུང་ལོ་བཅུ་དགུའི་སྟེང་རབ་ཏུ་བྱུང་། ཟླ་དེའི་ཚེས་བཅོ་ལྔ་ལ་རང་དགོན་པའི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་གོང་བའི་དགེ་འདུན་རྒྱ་མཚོ་ཆེ་ཚང་གནས་ཀྱི་བླ་མར་བརྟེན་ནས་ཆོས་སྤྱོད་དང་། འཛིན་གྲྭ་ཡོངས་སུ་མ་རྫོགས་ཀྱི་བར་ཏུ་ཟླ་རེའི་ཐད་ཀའི་རྒྱུགས་བརྩི་བཞག་ཆག་ཐོག་མེད་པར་ཐུགས་འཛིན་གནང་བས་ཡབ་རྗེ་བླ་མ་དམ་པ་ཁོང་གི་ཐུགས་ཟིན་གྱི་སློབ་བུར་གྱུར།
གྱ་བདུན་ལོར་སྤྲེལ་རྫོང་ཚུལ་ཁྲིམས་འོད་ཟེར་ལས་བསྡུས་གྲྭ་དང་རྟགས་རིགས། རྣམ་འགྲེལ་མཐའ་དཔྱོད། མྱང་འདས་སོགས་གསན། རྗེ་འཇམ་དབྱངས་བློ་བཟང་བསྟན་དར་དཔལ་བཟང་བོ་མཆོག་དང་། ལྕང་སྐྱ་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་དར་རྒྱས་ཚང་། རྗེ༧སྨད་སོག་སྨོན་ལམ་རྒྱ་མཚོ། ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་ སོགས་དགེ་བའི་བཤེས་གཉེན་དུ་མ་བསམ་པ་དང་སྦྱོར་བས་ཚུལ་བཞིན་བསྟེན་ཏེ། དབང་ལུང་མན་ངག ཁྲིད་དང་ཞལ་ལུང་བྱེ་བའི་གཏེར་དུ་གྱུར།
དགུང་ལོ་ཉེར་དགུ་བཞེས་པ་ལོའི་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉིན་རྗེ་ཡེ་ཤེས་རྒྱ་མཚོ་མཆོག་ལས་བསྙེན་པར་རྫོགས།
གོ་བཞི་ཡས་མས་སུ་ཡར་ཁ་སྤྲུལ་བའི་སྐུ་སྐུ་ཕྲེང་བདུན་པ་བསོད་ནམས་རྒྱ་མཚོའི་ཡོངས་འཛིན་དང་། ཉིས་སྟོང་བཞི་ལོར་༧རྗེ་ལྕང་སྐྱ་ཤེས་རབ་དར་རྒྱས་མཆོག་གི་ཐུགས་བཀོད་བཞིན་སྐུ་བོའུ་སྤྲུལ་བའི་སྐུ་སྐུ་ཕྲེང་བཞི་བ་འཇམ་དཔལ་ཤེས་རབ་བློ་འཕེལ་མཆོག་གི་ཡོངས་འཛིན་དུ་བསྐོས་ནས་བསྡུས་གྲྭ་ནས་གཞུང་ཟུར་བཀོད་དང་བཅས་པ་ཐུགས་བརྩེ་བས་གཟིགས་ཏེ་ལེགས་པར་བསྐྱངས།
དགུང་ལོ་སོ་གཉིས་བཞེས་པ་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔའི་ཉིན་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་གནང་མཛད་ཅིང་འཛིན་གྲྭའི་སྐྱོར་དཔོན་གནང་། རྗེ་༧འཇམ་དབྱངས་བློ་བཟང་བསྟན་དར་དཔལ་བཟང་བོས་དགོན་འདིའི་དགེ་རྒན་དུ་བསྐོས་ཏེ། བསྡུས་གྲྭ་ནས་གཞུང་བཀའ་པོད་ལྔ་སྔགས་དང་བཅས་པ་ཁྲིད།
སྤྱི་ལོ་ཉིས་སྟོང་ལྔ་ཡས་མས་ནས་བྱ་མདོའི་མཚམས་ཁང་དགོན་གྱི་དགེ་རྒན་དུ་གདན་དྲངས། གཞི་གསུམ་གསར་དུ་བཙུགས། ཞྭ་དམར་ལམ་རིམ། སྐྱབས་ཁྲིད་དང་ལམ་རིམ་བློ་སྦྱོང་གི་ཁྲིད་སོགས་གདུལ་བྱའི་བློ་དང་འཚམས་པར་རྒྱུན་དུ་གནང་།
སྤྱི་ལོ་ཉིས་སྟོང་བརྒྱད་ཡས་མས་ལ་བན་ཤུལ་དགོན་གསར་གྱི་དགེ་རྒན་དུ་གདན་དྲངས་ཏེ། ལོ་རེ་བཞིན་ཆག་མེད་དུ་ལམ་རིམ་བློ་སྦྱོང་དང་། སྔགས་ཀྱི་ས་ལམ་སོགས་མང་བོ་ཞིག་གི་ཁྲིད་དང་ལུང་བཅས་བུམ་པ་གང་བྱོའི་ཚུལ་དུ་གནང་།
གོ་དགུ་ལོ་དང་ཉིས་སྟོང་བཅུ་ལོར་རིམ་པར་རང་དགོན་གྱི་དགེ་བསྐོས་འགན་ཐེངས་གཉིས་ལ་བཞེས།
ཉིས་སྟོང་གཅིག་ལོ་ནས་ལོ་གཉིས་ཀྱི་རིང་ལ་དགོན་པའི་བརྩི་བཞག་ཁུར་གནང་། ཉིས་སྟོང་བཅོ་བརྒྱད་དང་བཅུ་དགུ་ལོ་གཉིས་རིང་དགོན་པའི་སློབ་གཉེར་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ཚོགས་གཙོ་དང་བོའི་འགན་གཉིས་རིམ་པར་བཞེས།
དགོན་པའི་ཆོས་འཆད་ཉན་གྱི་གཟེངས་རྟགས་དང་རྫོང་རིམ་པ་དང་ཁུལ་རིམ་པ། ཀྲུང་གོའི་བོད་རྒྱུད་ནང་བསྟན་གྱི་སློབ་དཔོན་ཆེན་མོ་བཅས་ཀྱི་མཚན་རྟགས་བཞེས་པ། ད་ལྟ་འཛིན་གྲྭ་མཐོ་དམན་ཐམས་ཅད་ལ་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་ཉིན་རེའི་སྔ་ཕྱིར་གཉིས་སམ་དེ་ལས་མང་བར་རེས་མོས་སུ་ཆག་མེད་གནང་བ།
ཡབ་༧རྗེ་བླ་མ་ཞལ་སྔ་ནས་ཀྱིས་རབ་བྱུང་། དགེ་ཚུལ་གྱི་བསླབ་པའི་དངོས་བོ་མང་དུ་སྩོལ་དགོས་པར་གསུང་གི་གནང་བ་ཐོབ། སྔ་ནས་ཁོང་རིན་པོ་ཆེའི་མདུན་ནས་རབ་བྱུང་བ་མང་བོར་ལས་གྲྭ་བ་མཛད་ཅིང་། ད་ལྟའི་བར་དགོན་འདིའི་ཆོས་ལྡན་ལེགས་ཚོགས་མཐའ་དག་གི་བློ་འདྲི་གྲོས་བསྡུར་ཀྱི་ཁུངས་གཏུགས་ས་ཡིན། རྡོ་རམས་འཛིན་གྲྭ་གསར་བཙུགས་ཀྱི་གྲས་སུ་རྡོ་རམས་ པ་མཛད་པ་བཞིན་དགོན་པའི་འཆད་ཉན་ཡར་རྒྱས་ཀྱི་གསོས་སུ་བཞུགས་ཡོད།
འཇིགས་བྱེད་དཔའ་གཅིག་དང་། བདེ་གསང་འཇིགས་གསུམ། བསྙེན་ཁྲིད་སྔོན་དུ་སོང་ནས་མགོན་པོའི་བསྙེན་པ། རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་བསྙེན་པ། ནཱ་རོ་རྗེ་བཙུན་མའི་ཕྱི་མཚམས་ཆེན་མོ་སྟེ་ཆུ་མིག་བརྒྱ་རྩ། མ་ཅིག་ཁྲོས་མ་ནག་མོའི་བསྙེན་པ་སོགས་རིམ་པར་བཏང་ནས་ལོ་རེ་རེ་བཞིན་རང་རེའི་གྲྭ་ཚང་གི་ལོ་གསར་སྐབས་ལ་བསྙེན་པ་གཏོང་བའི་ཕྱག་སྲོལ་ཚུགས་པར་མཛད་པའི་སྲོག་ཤིང་ལྟ་བུར་མཛད།
གཞན་ན་བཟའ་མནབས་ལུགས་ཆོས་འདུལ་བ་དང་མཐུན་ཞིང་སྐྱོན་ཕྲ་མོ་ཙམ་གྱིས་ཀྱང་གོས་པ་མེད་པ། ཐ་ན་སློབ་བུ་དག་ལ་ཡང་དེ་ལུགས་ཀྱི་སློབ་སྟོན་གནང་བ་བཅས་ཆོས་འདུལ་བའི་བཅས་མཚམས་ལས་མི་འདའ། གྲྭ་རྐྱང་སློབ་གཉེར་བ་དག་ལ་ལྷག་པར་བྱམས་སྐྱོང་བྱེད་པ། ལྟོ་སྐྱ་གོས་ཧྲུལ་དང་འདོད་ཆུང་ཆོག་ཤེས་དག་ལ་དམིགས་ཀྱིས་དཔེ་ཁྲིད་དང་། འཚོ་བའི་ཡོ་བྱད་ཅི་འབྱོར་གྱིས་གནང་སྦྱིན་བྱེད་པ། ན་བཟའ་གནང་བ། ཕྱོགས་ཡར་མར་བཀའ་ཆོས་སོགས་གར་ཕེབས་ལ་གང་ལ་གང་མཚམས་ཀྱིས་རྒྱུ་འབྱོར་གཏོང་བ། གཏོར་མ་བརྒྱ་རྩ་ཆག་མེད་གཏོང་བ། དགེ་སྐུལ་ཙམ་མ་ཡིན་པར་སྐུ་དངོས་ཀྱིས་དགེ་སྒྲུབ་མང་བོ་བྱེད་པར་བརྩོན་པ། ཤག་ཏུ་སྟོང་མཆོད་སོགས་འདོན་དུ་བཅུག་ནས་བླ་མའི་ཞབས་རིམ་དང་གདུང་མཆོད་འཛིན་པ། གྲྭ་ཚང་རིན་པོ་ཆེར་ཞབས་རིམ་སྒྲུབ་པ། རང་དགོན་གཙོས་བན་ཤུལ་དགོན། མཚམས་ཁང་དགོན་སོགས་མང་བོ་ཞིག་ལ་ཇ་ཐུག་འཁུར་གསུམ་དང་། སྐུ་འབྱེད་ཀྱང་གང་ལ་གང་འཛོམས་ཀྱི་བསྙེན་བཀུར་བྱས་ཏེ་གཤིན་རྫས་ཆུད་ཟོས་སུ་མི་འགྲོ་བ་དང་། ལོ་རེ་བཞིན་མར་མེ་གྲངས་མེད་ཕུལ་ཏེ་ཚོགས་བསགས་སྒྲུབ་སྦྱངས་ལ་བརྩོན་པ། ཆོས་ཕྱོགས་ཁོ་ནར་གཏོང་བ་དང་། དངུལ་གང་ཡོད་ཀྱིས་མཆོད་རྫས་རྩ་ཆེན་དང་གསུང་འབུམ་སོགས་བླུས་ཏེ་དཀོན་མཆོག་གི་ཞིང་སར་བསྔོ་བ། མཆོད་རྫས་ལྷག་པ་བྱུང་ན་གྲྭ་རྐྱང་གཞན་དག་ལ་གནང་ཏེ་མཆོད་པ་མཆོད་བཤམས་བྱེད་དུ་འཇུག་པ་བཅས་རང་གི་སྐུ་རྒྱུ་ཡོད་ཚད་བཏང་ནས་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་བཞུགས་པ། དགེ་ཕྱོགས་སུ་སྐུལ་བ་དང་། མཆོག་གསུམ་བསླུ་བ་མེད་པའི་ཆེ་བ་དང་ཡོན་ཏན་བརྗོད་དེ་དགེ་བསྐུལ་བྱེད་པ་དེ་ཙམ་གྱིས་ཀྱང་ཁོང་གི་སྐུ་ཚེ་འདིར་ཆོས་འདུལ་བ་མིག་འབྲས་བཞིན་དུ་སྲུང་།
གཞན་ཡང་མཚམས་བསྙེན་པ་རེ་གཏོང་མཁན་བྱུང་ཚེ་བསྙེན་ཡིག་སོགས་ཕྱག་ཁྲིད་གནང་བ་མ་ཟད། གང་ཕན་གྱིས་ཐུན་རེའི་རྒྱུད་སྡེ་བཞིའི་བྱ་སྤྱོད་བརྟེན་ཕྱོགས་སོགས་ཐུགས་གསབ་གནང་བ་ཕྱག་ལེན་མ་ནོར་བར་གཞན་གྱི་རྒྱུད་ལ་འཇོག་གནང་མཛད་པ་དང་། ཁ་སྐོང་སྦྱིན་སྲེག་གི་སྔགས་ཕྱག་རྒྱ་དང་བཅས་པ་དམར་ཁྲིད་གནང་བར་ཐུགས་ངལ་མི་མངའ་བ་སྔོན་བྱོན་དམ་པ་དག་གི་མཛད་པ་དང་ཀུན་ནས་མཚུངས་པར་གནང་། བསྟན་པ་དང་འགྲོ་བའི་དོན་དུ་ཐབས་ཚུལ་སྣ་ཚོགས་ཀྱི་བློ་ཁ་ཆོས་ལ་དཀྲི་བ་དང་། སྐུལ་བར་མཛད་པ་ནི་སྟོན་པའི་བསྟན་པ་དང་རྗེ་ཐམས་ཅད་མཁྱེན་པའི་བསྟན་པའི་བཀའ་བབས་ཀྱི་སྐྱེས་བུ་ཆེད་དུ་བསྟན་དོན་དུ་བྱོན་པའི་དན་རྟགས་རང་ཆོས་སུ་མངའ་ཡང་ཤེས་བྱ་མཐའ་དག་འོབས་ནང་གི་མར་མེ་བཞིན་སྦས་པའི་བརྟུལ་ཞུགས་ལ་ཐུགས་དགྱེས་པ་ཞིག་ལགས །
༢༠༢༤-༡༡-༢༥
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn