རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་འཇིགས་མེད་བཟོད་པ་ངོ་སྤྲོད་མདོར་བསྡུས།
རོང་བོའི་དགེ་བཤེས་འཇིགས་མེད་བཟོད་པ་མཆོག་ནི། ༡༩༧༥ལོར་ཡབ་བློ་བཟང་རྒྱ་མཚོ་དང་ཡུམ་རིན་ཆེན་སྐྱིད་གཉིས་ཀྱི་སྲས་སུ་རེབ་གོང་དཔྱི་ས་འབྲོག་ནས་འཁྲུངས། དགུང་ལོ་བཅུ་གཅིག་སྟེང་སློབ་ཆུང་དུ་ཞུགས་ཏེ་འབྲི་ཀློག་གི་དབུ་ཁྱུད་ཐོག་མར་བྲིས།
༡༩༩༠ལོར་གྲྭ་ཚང་ཐོས་བསམ་གླིང་གི་ཁྲི་རབས་དོན་བདུན་པ་ཁ་སོ་ཁྲི་ཆེན་བློ་བཟང་འཇིགས་མེད་འཕྲིན་ལས་ཀྱི་མདུན་ནས་རབ་ཏུ་བྱུང་ཞིང་དཔྱི་ས་དགོན་བཀའ་གདམས་དགེ་བྱེད་གླིང་དུ་ཚོགས་ཞུགས་མཛད། དགེ་སློང་ཨ་ཁུ་བློ་གྲོས་མཆོག་ཐོག་མའི་དགེ་རྒན་དུ་བསྟེན་ཏེ་ལོ་གཅིག་མ་ཟིན་ཙམ་ལ་འདོན་ཆོས་སྤྱོད་དང་རྒྱུད་སྡེའི་ཆོ་ག མགོན་ཆོས་རྣམ་ལྔ་སོགས་ཐུགས་ལ་བཟུང་། པཎྜི་ཏ་ཆེན་མོ་མར་ནང་སྐུ་ཕྱོགས་འཇིགས་མེད་དམ་ཆོས་རྒྱ་མཚོའི་ལམ་རིམ་ཚིགས་བཅད་མ་ཚོགས་རྒྱུགས་སུ་སྤྲད།
༡༩༩༤ལོར་འཕགས་པ་ཉེ་བར་འཁོར་ཆེན་མོ་འཇའ་མོའི་ཨ་ཁུ་ཚང་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། ལོ་དེར་བཤེས་གཉེན་ཆེན་མོ་རོང་བོའི་དགེ་བཤེས་དཔྱི་ས་དགེ་འདུན་དར་རྒྱས་ཚང་གིས་རྣམ་དཔྱོད་ཅན་ཞིག་ཏུ་གཟིགས་ཏེ་སློབ་གཉེར་ལ་བསྐུལ་པའི་ཨ་རྩོམ་ཚིགས་བཅད་མ་སྤྲིངས་པ་ལྟར་རོང་བོ་ཐོས་བསམ་གླིང་དུ་ཚོགས་ཞུགས་གནང་སྟེ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་མོར་སློབ་གཉེར་བྱེད་པའི་དབུ་བཙུགས། མཁས་པའི་དབང་ཕྱུག་བཀའ་དྲིན་ཟླ་མེད་རྒན་རོང་བོ་བློ་བཟང་ཆོས་གྲགས་ཚང་དང་། བླ་མ་སློབ་ཟུར་བ་དགེ་བཤེས་དགེ་ལེགས་རྒྱ་མཚོ་ཚང་། རིག་གནས་ཆེ་ཕྲ་ཀུན་ལ་ཡོན་ཏན་ལྟེམས་མེར་འཁྱིལ་བའི་རྒན་དཔྱི་ས་དགེ་འདུན་དར་རྒྱས་ཚང་སོགས་ལས་གཞུང་ཆེན་བཀའ་པོད་ལྔ་དང་། སྔགས་ཀྱི་ས་ལམ་བཅས་ཀྱི་དཔེ་ཁྲིད་ལ་གསན་པ་དང་བརྩོན་པ་ལྷོད་མེད་བགྱིས་པས་དཔེ་ཆ་བ་བཟང་གྲས་སུ་སླེབས།
༡༩༩༥ནས་བཟུང་ལོ་གསུམ་གྱི་རིང་ལ་ ༸ སྐྱབས་མགོན་ཡིད་བཞིན་ནོར་བུས་བསྡུས་གྲྭར་གསན་སྦྱོང་གནང་སྐབས་བླ་མ་ལས་སྣེ་རྣམས་ཀྱི་ཐུགས་བཞེད་ལྟར་དགེ་བཤེས་འཇིགས་མེད་བཟོད་པ་འདི་བ་སོགས་རིགས་པ་སྨྲ་བ་འགའ་མཚན་ཉིད་ཞབས་ཞུ་བར་བསྐོས་ཏེ་ཤར་བླ་བྲང་ནས་ཁོང་རིན་པོ་ཆེ་དང་ཕན་ཚུན་དམ་བཅའ་བ་དང་བགྲོ་གླེང་བ་བྱས་ནས་ཆོས་འོད་ཟེར་ཅན་གྱི་རིགས་པའི་འགྲོས་ཕུན་སུམ་ཚོགས་པ་ཕུལ།
༢༠༠༡ཙམ་ཞིག་ནས་ལོ་ངོ་བཞི་ལྷག་ལ་འདོན་པའི་འགན་གཙོ་བོར་འཛིན་མཁན་མཆོད་དབྱངས་པར་བསྐོས་ཤིང་རྒྱན་འཇུག་དང་བསྐང་གསོལ། ཆོས་སྤྱོད་རྣམས་བློ་ལ་འགྲོ་མཁན་གྱི་སྐོར་ཡིན་ལ། དཔེ་ཆ་དང་འདོན་པ་སོགས་གང་ཡིན་ལ་རྩེར་སོན་གྱི་ཡོན་ཏན་སྣ་འཛོམས་ཅན་ནི་ཤིན་ཏུ་དཀོན་པ་མིག་མཐོང་ལག་ཟིན་ཡིན་མོད་ཁོང་ནི་དེ་ལས་འདས་སོ།།
༢༠༠༤ལོ་ནས་བཟུང་ཆོས་རའི་ནང་དུ་འཛིན་གྲྭ་བཅུ་གཅིག་པོར་དཀྱུས་གཅིག་ཏུ་དཔེ་ཁྲིད་བྱེད་པའི་དགེ་རྒན་བསྐོ་བ་ལས་དགེ་རྒན་དུ་བསྐོས་ཤིང་བསྡུས་གྲྭ་དང་ཚད་མ། ཕར་ཕྱིན་སོགས་གཞུང་ཆེན་དག་གི་ཁྲིད་གནང་། འཁྲིད་ཚེ་དཔེ་མཁྱུད་མེད་ཅིང་མི་ཤེས་པ་རྣམས་སྦ་གསང་མེད་པ། བརྟགས་ཤིང་དཔྱད་པ་རྣམས་གནད་ལ་ཁེལ་བ། གཞུང་ཚིག་ཇི་བཞིན་ངེས་པ་ཞིག་ཡིན་པ་མ་ཟད་ནམ་རྒྱུན་ཡང་ ༸ སྟོན་པ་ཐུགས་རྗེ་ཅན་དང་མགོན་པོ་ཀླུ་སྒྲུབ་སོགས་རྒྱ་གར་པཎ་གྲུབ། རྗེ་ཡབ་སྲས། ཕྱི་རབས་ཀྱི་མཁས་པ་རྣམས་ཅུང་ཙམ་མ་མཐུན་ཚེ་སྔ་མ་སྔ་མ་གཙིགས་སུ་བཟུང་ན་དྲི་མ་མེད་པའི་རིགས་པའི་ལམ་ཁ་རྙེད་པར་འདོད་ལ་རང་ཉིད་ཀྱི་ཁས་ལེན་ཡང་དེ་ལས་ཕྱི་རོལ་ཏུ་མ་གྱུར་པའི་དགེ་བཤེས་དོན་ལྡན་ཞིག་ཡིན། ལོ་འདིའི་ལྷ་བབས་དུས་ཆེན་ཉིན་ཤར་གྱི་སྟོན་པའི་ལྷ་ཁང་བཞེངས་གྲུབ་མཛད་སྒོའི་སྐབས་དགེ་བཤེས་ཧོར་ནག་སྨོན་ལམ་དང་ལྷན་དུ་ཚོགས་ལངས་མཛད། ༢༠༠༧ལོའི་ས་ག་ཟླ་བའི་ཚོགས་ལངས་ཆེན་མོའི་སྐབས་དགེ་བཤེས་འཇིགས་མེད་བཟང་བོ་དང་ལྷན་དུ། དབུ་མ་བཞི་བརྒྱ་བ་ལས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ།། དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་།། ཞེས་པའི་དོན་ལ་བགྲོ་གླེང་གནད་དུ་ཐིངས་པའི་ཚོགས་ལངས་བགྱིས་ཤིང་མཆོད་བརྗོད་དང་མཇུག་གི་ཤིས་སྨོན་གསུང་མཁན་ཡང་མཛད།
༢༠༡༠ལོ་ནས་བཟུང་ལོ་གསུམ་གྱི་རིང་གསེར་ལྗོངས་ཞིང་གི་སྟོན་པ་བླ་ན་མེད་པ་ ༸ རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོའི་གཅེན་པོ་གྲུབ་ཆེན་ཆོས་པ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་སྐུ་ཕྲེང་བརྒྱད་པ་རབ་འབྱམས་པ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོར་བསེ་བསྡུས་ཆ་ཚང་ཁྲིད་ནས་མཚན་ཉིད་ཞབས་ཞུའི་རོགས་དན་བླ་མེད་མཛད།
༢༠༡༥ལོར་རྣམ་འགྲེལ་དང་ཕར་ཕྱིན་གྱི་དོགས་སློང་། ལོ་ངོ་བཅུ་ཙམ་གྱི་སྔོན་ནས་བརྩམས་པའི་བསྡུས་གྲྭའི་ཁས་ལེན་འགྲོ་ཚུལ་གྱི་རྣམ་གཞག་བཅས་ཕྱོགས་གཅིག་ཏུ་བསྡུས་ནས་དོགས་གཅོད་ཐོར་བུ་ཞེས་བྱ་བ་བརྩམས་ཏེ་གྲྭ་ཚང་ཐོས་བསམ་གླིང་བ་གཙོ་བོར་གྱུར་པའི་ཕྱོགས་ཡས་མས་ཀྱི་སློབ་གཉེར་བ་ཡོངས་ལ་རིན་མེད་གཟིགས་རྟེན་དུ་ཕུལ།
༢༠༢༡ལོར་ཐར་ལམ་གསལ་བྱེད་ཀྱི་དཀའ་གནད་ལས་འཕྲོས་པའི་དོགས་སློང་རིགས་པའི་སྒོ་འབྱེད་ཅེས་བྱ་བ་བརྩམས་ཏེ་འཕྲུལ་དེབ་ཀྱི་སྟེང་ནས་བཀྲམ། དེ་ལྟར་སློབ་གཉེར་གྱི་ཞོར་དུ་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཆེན་མོ་གོང་ས་སྐྱབས་མགོན་བརྒྱད་པ་ཚང་དང་ལུང་ཆོས་མན་ངག་གི་མཛོད་འཛིན་བསེ་ཚང་བློ་བཟང་དཔལ་ལྡན་མཆོག བཀའ་འགྱུར་བ་ཨ་ཁུ་བསྟན་པའི་རྒྱལ་མཚན་སོགས་ལས་རིམ་བཞིན་དུས་འཁོར་དབང་ཆེན་དུ་མ་དང་གདུགས་དཀར་གྱི་དབང་། སྤྱོད་འཇུག་གི་ལུང་། འཇམ་དཔལ་ཞལ་ལུང་གི་བཤད་ལུང་། ཕྲེང་ཀྲྀ་སྦྲགས་པའི་རྡོ་རྗེ་ཕྲེང་བའི་དབང་ཆེན་ཞེ་ལྔ་སོགས་དབང་གི་སྐོར་དང་རྗེས་གནང་མང་ཙམ། ༸ རྗེ་ཡབ་སྲས་དང་ཡབ་རྗེ་བླ་མ། མར་ནང་སྐུ་ཕྱོགས་ཚང་གི་གསུང་འབུམ་བཅས་ཀྱི་ལུང་སོགས་ཐོབ། མང་ཐོས་པ་ཆེན་པོ་རྒན་རོང་བོ་བློ་བཟང་ཆོས་གྲགས་མཆོག་གི་ཞལ་སྔ་རུ་དབུས་ཀྱི་སེར་བྱེས་ལྷ་རམས་པ་ཨ་ལགས་སྒོ་དམར་གྱིས་ཞུས་ངོར་དགེ་བཤེས་དགེ་འདུན་དགེ་ལེགས། དགེ་བཤེས་འཇིགས་མེད་བཟོད་པ། གྲྭ་སྐོར་དགེ་བཤེས་བློ་བཟང་དཔལ་ལྡན་སོགས་དོན་ལྡན་འགའ་ལ་ཀིརྟིའི་སྔགས་བསྡུས་དང་དེའི་འགྲེལ་བ་ཡོངས་འཛིན་ཚང་གིས་མཛད་པ་གཉིས་ཀྱི་བཤད་ལུང་གནང་། ད་ལྟ་སློབ་གཉེར་འཛིན་སྐྱོང་ཚོགས་པ་སྐབས་བདུན་པའི་འགན་བཞེས་ཏེ་འཆད་ཉན་ཡར་སྐུལ་ལ་འབད་ཞོར་རྒྱུན་གྱི་དཔེ་ཁྲིད་རྣམས་ཆག་མེད་དུ་གནང་བཞིན་བཞུགས་ལགས་སོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn