རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་དགེ་འདུན་དགེ་ལེགས་ཚང་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-12-12 07:59:37     རྩོམ་པ་པོ།   རོང་བོ་བློ་གྲོས་བརྟན་པ།     ཀློག་ཐེངས།  

རོང་བོ་དགེ་འདུན་དགེ་ལེགས.jpg

༡༩༧༣ལོར་ཡབ་བྱམས་པ་རབ་རྒྱས་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་གཅན་ཚ་གླེ་གཞུག་སྡེ་བ་ནས་འཁྲུངས། ༡༩༨༣སྟེ་དགུང་ལོ་བཅུ་གཅིག་སྟེང་ཀུན་སྤངས་ཆེན་པོ་ ༸ འཇའ་མོའི་ཨ་ཁུ་ཚང་ངམ་རྗེ་བཙུན་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་མདུན་ནས་དགེ་ཚུལ་བསྒྲུབས་ཏེ་ཡང་དབེན་ཁྲུས་ཀ་འཇམ་དབྱངས་ཆོས་རྫོང་དུ་ཚོགས་ཞུགས་གནང་།  ལོ་ངོ་བཅུ་ལྷག་གི་རིང་དགེ་སློང་བློ་བཟང་ཆོས་འབྱོར་དང་སྨྲ་མཁས་ཨ་ཁུ་དམ་ཆོས་ཚང་། ལམ་རིམ་པ་སྟག་ཡན་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་། ཨ་ཁུ་ཉི་མ་ཚང་། ཤིང་མཚེར་སྨན་པ་ཆོས་འཕེལ། ལ་མོ་ཨ་ཁུ་འོད་ཟེར་ཚང་། བླ་བྲང་ཨ་ཁུ་བློ་བཟང་རྒྱ་མཚོ་ཚང་སོགས་ཀྱི་སྐུ་མདུན་ནས་སུམ་རྟགས་དག་གསུམ། སྒྲ། སྙན་ངག རྩིས་དཀར་ནག གསོ་བ་རིག་པ་དང་བཅས་པར་སྦྱངས་ཏེ་བསླབ་པའི་གོ་རིམ་མ་ནོར་ཞིང་རིག་གནས་ཆེ་ཕྲ་ལ་ཡོན་ཏན་སྣ་འཛོམས་པར་གྱུར།

རིམ་བཞིན་དུ་ད་ལྟའི་བར་དུ་གནས་བརྟན་འདུལ་བ་འཛིན་པ་༸ སྐྱབས་མགོན་བརྒྱད་པ་རིན་པོ་ཆེ་དང་སྙན་བརྒྱུད་གདམས་པའི་གཏེར་མཛོད་བསེ་རྡོ་རྗེ་འཆང་། ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་བློ་བཟང་མཁས་གྲུབ་རྒྱ་མཚོ། མི་ལ་རས་པའི་ཟློས་གར་གྲུབ་ཆེན་ཆོས་པ་ཚང་། ཁྲི་ཆེན་གུང་ཐང་སྤྲུལ་སྐུའི་ཡོངས་འཛིན་དགེ་བའི་བཤེས་གཉེན་འཇིགས་མེད་དཔལ་ལྡན་ཚང་། བྱ་བྲལ་བ་འགར་རྩེ་དགེ་འདུན་བསྟན་འཛིན་ཚང་སོགས་ཀྱི་སྐུ་མདུན་ནས་དབང་ལུང་རྗེས་གནང་སོགས་ལ་མང་དུ་གསན།

༡༩༩༢ལོ་སྟེ་དགུང་ལོ་ཉི་ཤུའི་སྟེང་བླ་བྲང་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་གིས་མཁན་སློབ་སྦྲགས་མ་མཛད་དེ་དགེ་སློང་གི་དངོས་པོར་བསྒྲུབས། དགུང་ལོ་ཉེར་གཅིག་སྟེང་རོང་བོ་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས་ཤིང་ཨ་ལགས་ཤར་གདོང་ཚང་གི་སྐུ་མདུན་ནས་འཇིགས་བྱེད་ལྷ་བཅུ་གསུམ་མ་སོགས་ཀྱི་དབང་དང་། གནས་ལྔ་གཟིགས་པ་འཇིགས་མེད་དམ་ཆོས་རྒྱ་མཚོའི་འཇིགས་བྱེད་རྒྱུད་འགྲེལ་ཆེན་མོའི་བཤད་ལུང་དང་།  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་སྡེ་ཨ་ཁུ་ཚང་གི་སྐུ་མདུན་ནས་ ༸ རྗེའི་གསུང་འབུམ་གྱི་ལུང་དང་ལམ་རིམ་ཆེན་མོའི་བཤད་ལུང་། མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་རྒན་རོང་བོ་བློ་བཟང་ཆོས་གྲགས་ཚང་དང་བླ་མ་སློབ་ཟུར་བ་གཅན་ཚ་ཨ་ཁུ་འཇམ་དབྱངས་ཚང་རྣམ་གཉིས་ཀྱི་མདུན་ནས་བསྡུས་གྲྭ་དང་གྲུབ་དོན་ས་གསུམ་གྱི་དཔེ་ཁྲིད་ལ་གསན་ཅིང་བསྡུས་སྦྱོར་གྱི་རིགས་པའི་འགྲོས་ལེགས་པར་རྙེད། སེར་བྱེས་དགེ་བཤེས་གཅན་ཚ་ཨ་ཁུ་སྙན་གྲགས་ཀྱི་མདུན་ནས་བསེ་བསྡུས་ཆ་ཚང་དང་། དྲང་ངེས་འཇུག་ངོགས་ཀྱི་བཤད་ལུང་། ཡོངས་འཛིན་ཆབ་ཤོག་ལས་ཕལ་ཆེ་བའི་ཁྲིད་ལ་གསན།

༡༩༩༧ལོར་དབུས་ཀྱི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་སློབ་གཉེར་ལ་ཕེབས་ཏེ་ལོ་ངོ་བཅུ་གཅིག་ཙམ་གྱི་རིང་སྨྲ་བའི་དབང་ཕྱུག་ངག་དབང་ཟླ་གྲགས་མཆོག་དང་དགེ་བའི་བཤེས་གཉེན་བཀྲ་ཤིས་རྒྱལ་མཚན། དགེ་བཤེས་བློ་བཟང་ཐེག་མཆོག   བཤེས་གཉེན་བློ་བཟང་མགོན་པོ་ཚང་བཅས་བསྟེན་ནས་དབུ་མ་དང་ཕར་ཕྱིན། འདུལ་བ། ཚད་མ་བཞིའི་དཔེ་ཁྲིད་ཐོབ་ཅིང་། ལམ་རིམ་བདེ་ལམ་དང་སྤྱོད་འཇུག  དབུ་མ་དགོངས་པ་རབ་གསལ། ལམ་གཙོ་རྣམ་གསུམ། ཨ་ཀྱཱ་ཡོངས་འཛིན་གྱི་སྔགས་ཀྱི་ས་ལམ་སོགས་ཐོབ་ཅིང་། མདོ་སྔགས་རབ་འབྱམས་སྨྲ་བ་བཤེས་གཉེན་བློ་བཟང་མགོན་པོ་ཚང་གིས་དགེ་བཤེས་རོང་བོའི་ཨ་ལགས་རྒྱ་མཚོ་མཆོག་དང་དགེ་བཤེས་ཆེན་མོ་རྒན་བསྟན་པ་ཆོས་འཕེལ། བྱང་རྩེ་ལྷ་རམས་པ་དཔྱི་ས་ཐོགས་མེད། དགེ་བཤེས་དཔྱི་ས་བསྟན་འཛིན་གྲགས་པ། དགེ་བཤེས་དགེ་ལེགས་འདི་བ་སོགས་སྣོད་ལྡན་སློབ་མ་ཉུང་ཙམ་ལ་སྔགས་རིམ་ཆེན་མོ་བཤད་པ་དང་སྦྲགས་ཏེ་ལྗགས་ལུང་གནང་།

༢༠༡༢ལོ་ནས་བཟུང་ཆོས་གྲྭའི་དགེ་རྒན་དུ་བསྐོས་ཤིང་། རྩོད་རྒྱུགས་དང་འབྲི་རྒྱུགས་ཕལ་ཆེ་བའི་སྐབས་སུ་སྐར་མ་སྟེར་མཁན་གྱི་རྒྱུགས་ཞིབ་པ་དང་རྒྱུགས་གཞི་བཟོ་མཁན་གྱི་གྲས་ཡིན། ད་ལྟ་དགོན་པའི་སྒྲིག་སྲོལ་ལ་དགེ་བཤེས་དག་གིས་སྤྲུལ་སྐུ་སློབ་གཉེར་བ་རྣམ་པའི་ཡོངས་འཛིན་གྱི་འགན་བཞེས་ཏེ་སྐྱོང་དགོས་པ་ལྟར་མདོ་སྨད་དཔའ་བོ་དྲུག་སྡེའི་ནང་ཚན་དུ་གྲགས་པ་དགུ་རོང་ཨ་ལགས་འཕྲིན་ལས་ཀྱི་ཡང་སྤྲུལ་བསྡུས་ཆུང་སྐྱོར་དཔོན་བློ་བཟང་འཕྲིན་ལས་འཇམ་དབྱངས་ལེགས་ལྡན་གྱི་ཡོངས་འཛིན་མཛད་ཞོར་བཞུགས་ལགས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།