རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་དཔྱི་ས་དགེ་འདུན་དར་རྒྱས་ཚང་ངོ་སྤྲོད་མདོར་བསྡུས།
གཞུང་བརྒྱ་སྨྲ་བའི་དབང་བོ་དཔྱི་ས་དགེ་འདུན་དར་རྒྱས་མཆོག་ནི། ༡༩༦༦ལོར་ཡབ་དཔལ་ལྡན་དང་ཡུམ་ལེགས་ལྡན་འཚོ་གཉིས་ཀྱི་སྲས་སུ་རེབ་གོང་སྟོད་དུ་སྐུ་འཁྲུངས་ཤིང་། རྗེ་དགེ་འདུན་བསྟན་འཛིན་མཆོག་ལས་རབ་ཏུ་བྱུང་སྟེ་དཔྱི་ས་དགོན་པར་ཞུགས། སྒྲུབ་དགོན་དེ་ནས་འདོན་ཆོས་སྤྱོད་དང་རྒྱུད་སྡེའི་ཆོ་ག་ཐུགས་འཛིན་གནང་ཞིང་། དེ་ནས་དཔྱི་ས་དགོན་པའི་དགེ་རྒན་སྟག་ཡན་ཨ་ཁུ་ཚང་ཞེས་ཞུ་བ་རྗེ་དགེ་འདུན་རྒྱ་མཚོ་དང་སོ་ནག་དགོན་པའི་ཨ་ཁུ་བློ་བཟང་ཆོས་འཕེལ་ཚང་སོགས་ལས་ལམ་རིམ་བློ་སྦྱོང་། སུམ་རྟགས། སྙན་ངག སྒྲ།རྩིས། ས་རིས་དང་བཅས་པ་སྒྲུབ་སྡེ་ཞིག་ལ་ཚང་དགོས་པའི་སྐོར་དཔྱིས་ཕྱིན་པར་སྦྱངས་ཤིང་ལོ་གཉིས་ལ་དགེ་བྱེད་གླིང་གི་ས་རིས་བྲིས་ཏེ་སྤེལ།
༡༩༨༩ལོར་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་རྣལ་མ་ཞིག་བྱེད་ན་དེ་དག་གི་ཉེར་ལེན་དུ་མགོ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་ལ་སློབ་གཉེར་གཤའ་མ་ཞིག་དགོས་པར་གཟིགས་ཏེ་རོང་བོ་ཐོས་བསམ་གླིང་དུ་ཞུགས་ནས་ཞོ་འོང་ཨ་ཁུ་དགེ་འདུན་ཤེས་རབ་སོགས་བསྟེན་ནས་དཀའ་སྤྱད་རྡོ་རུས་ཐུག་པ་གནང་སྟེ། རིགས་པ་སྨྲ་བའི་རྩེར་སོན་དུ་གྱུར་ཅིང་། རིགས་འཕྲུལ་མེ་ཏོག་དཀར་བོའི་ཆུན་པོ་དང་རིགས་ལམ་དུང་གི་སྒྲ་དབྱངས་སོགས་མཛད།
༡༩༩༡ལོར་བླ་བྲང་གི་བཤེས་གཉེན་དམ་པ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་ལས་གཙང་རྟགས་དང་། བཤེས་གཉེན་ཤེས་རབ་ཆོས་འཕེལ་ལས་ཁོང་གིས་མཛད་པའི་རྒྱ་རྩིས་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་གྱི་ཁྲིད་རྒྱུན་ཐོབ། ལྷ་སྡེ་ཨ་ཁུ་དགེ་འདུན་བསྟན་འཛིན་ཚང་ལས་ཚུལ་གསུམ་དང་ལམ་རིམ་ཆེན་མོའི་དཔེ་ཁྲིད། འགྲེལ་བ་དོན་གསལ་མདོ་སྡུད་པ་དང་སྦྲགས་པའི་བཤད་ལུང་། ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་གྱི་ཁྲིད། པྲ་ཏིའི་སུམ་རྟགས་སོགས་མང་དུ་ཐོབ།
ལ་མོ་ཡོངས་འཛིན་ཚང་ལས་ཀུན་རིག་དང་བདེ་གསང་འཇིགས་གསུམ། རྟ་མགྲིན་ཡང་གསང་བཅས་ཀྱི་དབང་གི་སྐོར་མང་བོ་དང་། མགོན་པོའི་རྗེས་གནང་སོགས་དང་། གསང་འདུས་ལེའུ་བཅུ་གཉིས་པའི་བར་གྱི་ལུང་བཅས་ལ་གསན། ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་མཆོག་ལས་ལྕང་སྐྱའི་གྲུབ་མཐའ་དང་ས་ལམ་ཐེག་གསུམ་མཛེས་རྒྱན། བཀའ་གདམས་པའི་དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོ་དང་དཔེའི་ལམ་རིམ་དཔེ་ཆོས་རིན་ཆེན་སྤུངས་པ། ཕར་ཕྱིན་སྤྱི་དོན་དང་ཟུར་བཀོལ་འགའི་ཁྲིད་བཅས་ལ་གསན།
༡༩༩༤ལོར་དཔེ་ཁྲིད་དགེ་རྒན་དུ་བསྐོས་ཤིང་། ལོ་དེར་གཡེར་གཤོང་ཆོས་པ་རིན་པོ་ཆེ་ལས་གསང་འདུས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་ཐོབ། བསེ་རྡོ་རྗེ་འཆང་ལས་དབེན་ས་བའི་གསུང་འབུམ་བཀའ་རྒྱ་མ་དང་བཅས་པའི་བཀླག་ལུང་སོགས་མང་དུ་ཐོབ། བླ་མ་སློབ་ཟུར་བ་དགེ་བཤེས་འཇམ་དབྱངས་ཆོས་འཕེལ་གྱིས་སྔ་ཕྱིར་ ༸ བླ་མ་རྗེ་བཙུན་པའི་དགེ་འདུན་ཉི་ཤུ་དང་དབུ་མའི་སྤྱི་དོན་སོགས་ཁྲིད།
༡༩༩༥ལོར་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་དགེ་བཤེས་བློ་བཟང་ཐེག་མཆོག་ཚང་ལས་ཕར་ཕྱིན་གྱི་དཔེ་ཁྲིད་ལ་གསན་ཅིང་ཀུན་གཞིའི་མཆན་འགྲེལ་མཛད་པ་སྤྱན་འབེབས་ཀྱང་ཞུས། བཤེས་གཉེན་ཆེན་མོ་ངག་དབང་ཟླ་གྲགས་ཚང་ལས་དབུ་མ་དགོངས་པ་རབ་གསལ་གྱི་ཁྲིད་ཐོབ། འཇང་དགུན་ཆོས་སུ་ཕེབས་ཏེ་ལུང་རིགས་གནད་དུ་ཁེལ་བའི་རྟགས་གསལ་མང་བོ་བཏང་། ཐུབ་དབང་མཆོད་པའི་སྙན་ངག་དང་དཔྱི་ས་ཞབས་དྲུང་ཆེན་མོའི་རྟོགས་བརྗོད། སྟག་ཡན་ཨ་ཁུ་ཚང་གི་རྟོགས་བརྗོད་སོགས་མང་དུ་བརྩམས་ཤིང་༼སྦྲང་ཆར་༽གྱི་རྨང་གཞིའི་རྩོམ་པ་བོ་དང་༼མང་ཚོགས་སྒྱུ་རྩལ་༽གྱི་རྐང་འཛིན་རྩོམ་པ་བོར་བདམས།
༡༩༩༨ལོ་ནས་དབེན་པའི་རི་སུལ་ཤ་རྫོང་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་གནང་། ༡༩༩༩ལོར་ཀིརྟི་དགོན་ཆེན་དུ་ཕེབས་ཏེ་དགོན་དེའི་མཁན་ཟུར་སྐལ་བཟང་ལུང་རིགས་རྒྱ་མཚོ་མཆོག་དང་། མཛོད་ཚང་དགེ་བཤེས་བློ་བཟང་བརྩོན་འགྲུས་ཚང་སོགས་དམ་པ་དུ་མ་ལས་མཛོད་འདུལ་དང་ལེགས་བཤད་གསེར་ཕྲེང་གི་ཁྲིད་རྒྱུན་བཅས་མང་དུ་གསན།༢༠༠༡ལོར་དཔྱི་ས་དགོན་པའི་ཁོང་གི་བཞུགས་ཤག་ནས་འཇིགས་བྱེད་བསྙེན་ཆེན་ཁ་སྐོང་སྦྱིན་སྲེག་དང་། ཕྱི་ལོའི་དགུན་ཁར་རི་འཛོམས་དམ་པ་སྒང་ནས་གསར་དུ་བཞེངས་པའི་མཚམས་ཁང་ནང་བཅུ་ཆ་ལེགས་པར་ཕུད་ཅིང་མུ་ནས་མཚམས་ཁང་དེ་རུ་སྒྲུབ་པ་ལ་བརྩོན་པ་ལྷོད་མེད་གནང་སྟེ་བཞུགས།
༢༠༠༧ལོའི་དབྱར་ཁར་རོང་བོ་དགོན་ཆེན་དུ་ཕེབས་ནས་བླ་མ་སློབ་ཟུར་བ་འཇམ་དབྱངས་ཆོས་འཕེལ་ལས་རྗེ་བཙུན་པའི་འདུལ་བའི་དཔེ་ཁྲིད་ཞུས། དགུན་མགོ་ནས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའ་ལྟར་སི་ཁྲོན་ལྷ་མོ་རྩེ་ཡི་དགེ་རྒན་ལ་ལོ་གསུམ་དུ་ཕེབས། གཞུང་དང་རིག་གནས་གཉིས་ཆ་ནས་ལེགས་པར་བསྐྱངས་ཤིང་རྟགས་གསལ་རིགས་པའི་དགའ་ཚལ་ཞེས་པ་ཡང་དེ་གའི་སློབ་གཉེར་བ་རྣམས་ཀྱི་ཆེད་དུ་མཛད།
༢༠༠༩ལོར་སྤོས་ལྡན་གྲོང་ཁྱེར་གྱི་སྨན་ཁང་ཆེན་མོ་ནས་སྙུན་གཞི་སྨན་བཅོས་བྱས་ཀྱང་ཡར་ཐོན་ཆེར་མ་བྱུང་བས་ཟླ་ལྔ་བའི་ནང་སྐུ་ཡུལ་གྱི་མཚམས་ཁང་དུ་ཕེབས་ཤིང་མ་ཡུམ་དང་ཉེ་འཁོར་རྣམས་ལ་ཐུག་འཕྲད་མཛད། ཧོར་ཟླ་དྲུག་པའི་ཚེས་བཅུ་བཞིའི་དགོང་མོར་སེངྒེ་ཉལ་སྟབས་ཀྱིས་དགོངས་པ་ཆོས་དབྱིངས་སུ་བསྡུས་ཏེ་བསྟན་ལ་གྱོང་གུད་ཆེན་པོ་བྱུང་། གསུང་རྩོམ་ལ་པོད་གཉིས་བཞུགས་པ་ཕྲན་གྱིས་གཙོ་སྒྲུབ་འོག་༢༠༡༧ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། རྣམ་ཐར་ཡང་འདི་ལས་རྒྱས་པ་ཞིག་གསུང་རྩོམ་པོད་གཉིས་ཀྱི་དབུ་ན་བདག་གིས་བྲིས་ཡོད་པས་དེར་གཟིགས་པར་ཞུ།
གུས་སློབ་པ་རོང་བོ་བློ་གྲོས་བརྟན་པས་བྲིས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn