རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་དཔྱི་ས་ཡོན་ཏན་ཚང་ངོ་སྤྲོད་མདོར་བསྡུས།
རྩོད་པའི་ཁྱུ་མཆོག་སེར་བྱེས་དགེ་བཤེས་དཔྱི་ས་ཡོན་ཏན་ལགས་ནི། ཡབ་འཇམ་དབྱངས་དང་ཡུམ་ལ་མོ་འཚོ་གཉིས་ཀྱི་སྲས་སུ་༡༩༧༠ལོར་རེབ་གོང་སྟོད་དུ་འཁྲུངས། ༸ དཔལ་བྱང་རྩེ་གྲྭ་ཚང་གི་གཞུང་བརྒྱ་སྨྲ་བའི་དབང་བོ་ཡང་དར་བསྟན་པའི་ཀ་ཆེན་ལྷ་སྡེ་ཨ་ཁུ་རྗེ་བཙུན་དགེ་འདུན་བསྟན་འཛིན་ལས་ཚིགས་སྔ་མ་དགེ་ཚུལ་དང་ཕྱི་མ་དགེ་སློང་གི་སྡོམ་པ་མནོས།
གཞིས་དགོན་དཔྱི་ས་སྒྲུབ་སྡེ་དགེ་བྱེད་གླིང་དུ་ཞུགས་ཏེ་དགེ་སློང་འཇིགས་མེད་རྒྱ་མཚོ་ལས་འདོན་ཆོས་སྤྱོད་ཆ་ཚང་ཐུགས་འཛིན་དང་། སྡེ་སྣོད་འཛིན་པ་ཆེན་པོ་སྟག་ཡན་པ་རྗེ་བཙུན་དགེ་འདུན་རྒྱ་མཚོ་ལས་ལམ་རིམ་བློ་སྦྱོང་གི་ཁྲིད་དང་། ལམ་སྔགས་དང་འདོན་ཆོས་མང་བོའི་ལུང་ཐོབ། རོང་བོ་དགོན་ཆེན་དུ་ཚོགས་ཞུགས་གནང་ནས་ལྷ་སྡེ་ཨ་ཁུ་ཚང་སོགས་ལས་ལོ་ངོ་བཅུ་ཙམ་གྱི་རིང་བསྡུས་གྲྭ་དང་བློ་རྟགས། ཚད་མ། ཕར་ཕྱིན་བཅས་ལ་སྦྱངས་པ་གཟེངས་སུ་ཐོན་ཏེ་ལོ་ལྔའི་རིང་ལ་དཔེ་ཁྲིད་དགེ་རྒན་གནང་ཞིང་ཕར་ཕྱིན་རབ་འབྱམས་པའི་སྐལ་བ་ལྡན།
༡༩༩༩ལོར་ལྷ་ལྡན་དག་པའི་ཞིང་དུ་ཕེབས་ཏེ་ལུང་རིགས་སྨྲ་བའི་ཉི་མ་རྗེ་བཙུན་ངག་དབང་ཟླ་གྲགས་ལས་ཟབ་མོ་དབུ་མའི་ཕྱོགས་ལ་སློབ་གཉེར་བགྱིས། དེ་ནས་འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཕེབས་ནས་དགའ་ལྡན་ཁྲི་རབས་བརྒྱ་དང་བཞི་བ་ ༸ རྗེ་བཙུན་བློ་བཟང་བསྟན་འཛིན་དང་། མཁན་ཟུར་བློ་བཟང་ཚེ་རིང་། མཁན་ཟུར་བློ་བཟང་བདེ་ལེགས། བཤེས་གཉེན་ཆེན་མོ་མངའ་རིས་ངག་དབང་སངས་རྒྱས་སོགས་ལས་མདོ་སྔགས་ཟུང་དུ་སྦྱངས་ལ། ཆོས་བརྒྱུད་གཞན་དུ་དགེ་རྒན་ལ་ཡང་ཕེབས། མཐར་དགེ་བཤེས་ཚོགས་རམས་པའི་མཚན་གནས་བཞེས།
༢༠༡༡ལོའི་ཟླ་ལྔ་བར་རང་ཡུལ་དུ་ཕེབས་ཤིང་དབྱར་གནས་ནང་ལ་གྲྭ་ཚང་ཐོས་བསམ་གླིང་དུ་ཚོགས་ཞུགས་མཛད། འཛིན་གྲྭ་སོ་སོའི་འདོད་མོས་ལྟར་འགྲེལ་བ་དོན་གསལ། ལེགས་བཤད་གསེར་ཕྲེང་། དྲང་ངེས་རྣམ་འབྱེད། དགོངས་པ་རབ་གསལ། སྤྱི་དོན་རོལ་མཚོ། བསྡུས་གྲྭ། འཇིགས་བྱེད་དཔའ་གཅིག སྔགས་ཀྱི་ས་ལམ་སོགས་གཞུང་ཆེན་མང་བོ་ཁྲིད་ཅིང་དགོན་པའི་དགེ་བཤེས་དག་ལས་དཔེ་ཁྲིད་མང་ཤོས་སུ་གྱུར།
༢༠༡༢ལོར་མཚོ་སྔོན་ཡུལ་ཤུལ་གྱི་ཤུལ་མ་དགོན་གྱིས་གདན་ཞུས་ལྟར་ཕེབས་ཏེ་དཔལ་ལྡན་ཆོས་རྗེའི་སྔགས་ཀྱི་ས་ལམ་དང་། ཕྱིས་སུ་ཕེབས་དུས་ ༸ འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་སྔགས་རིམ་ཆེན་མོའི་དབུ་ནས་ཅུང་ཞིག་ཁྲིད། གཞན་ཡང་། རྫ་སེར་ཤུལ་དང་འབུམ་གསར་བཅས་ནས་སློབ་ཁྲིད་བྱས་མྱོང་། མདོ་སྟོད་སྨད་ཀྱི་འཇང་དགུན་ཆོས་སུ་ཕེབས་ནས་རྟགས་གསལ་མང་དུ་བཏང་སྟེ་སྙན་པ་ཆེས་ཆེར་རྒྱས་ཤིང་དགོན་སྡེ་དང་། དམངས་ཁྲོད། སློབ་གྲྭ་ཁག་ཏུ་ནང་ཆོས་ངོ་སྤྲོད་དང་སྤྱི་ཚོགས་སློབ་གསོའི་གཏམ་བཤད་མང་དུ་སྤེལ།
༢༠༡༥ལོར་སློབ་གཉེར་ལ་ཤུགས་ཆེར་འདོན་གྱིས་སྐྱབས་མཆོག་མཐོང་བ་དོན་ལྡན་ལ་སྙན་ཞུ་ཕུལ་ཏེ་བཀའ་འཁྲོལ་གནང་བ་བཞིན་སྐབས་དེའི་བླ་མ་སློབ་ཆུང་བ་དགེ་བཤེས་འཇམ་དབྱངས་ཆོས་འཕེལ་ཚང་སོགས་ལས་ཀྱི་སྣེ་མོ་བ་ཡོངས་ཀྱིས་གྲྭ་ཚང་ཐོས་བསམ་གླིང་དུ་ལོ་འཁོར་རྩོད་རྒྱུགས་ཆེན་མོ་བཙུགས་ཤིང་། དེ་ཡང་དཔྱིད་ཆོས་དབྱར་ཆོས་གཉིས་ཏེ་ལོ་སྟོད་ཀྱི་རྩོད་གཞུང་ཁག་ལས་གལ་ཆེའི་སྐོར་དཔེ་ཁྲིད་དགེ་རྒན་རྣམ་པས་དྲི་བ་ཉེར་ལྔ་ཡས་མས་སུ་བསྡུས་ཏེ་རྒྱུགས་གཞི་བཟོས་ཤིང་སྔ་མོ་ནས་གྲ་སྒྲིག་གང་ལེགས་མ་བྱས་ན་རྩོད་རྒྱུགས་ཉིན་དྲི་བ་གང་ཁེལ་ལས་ཐད་ཀར་གཏོང་རྒྱུ་དཀའ་ལས་ཆེ་སྟབས་ཀུན་གྱིས་འབད་བརྩོན་མི་བྱེད་རང་དབང་མེད་པས་བལྟས་ཚོད་ཀྱིས་འཆད་ཉན་ཇེ་ལེགས་སུ་སོང་།
༢༠༡༧ལོ་ནས་བཟུང་ལོ་འཁོར་འབྲི་རྒྱུགས་ཆེན་མོ་བཙུགས་ལ་དེ་ནི་སྟོན་ཆོས་དགུན་ཆོས་གཉིས་ཏེ་ལོ་སྨད་ཀྱི་རྩོད་གཞུང་ལས་གལ་གནད་ཀྱི་སྐོར་འབྲི་རྒྱུགས་སྤྲོད་དགོས་པ་ཡིན་ཞིང་། ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་ཆེན་མོ་སླར་གསོ་བགྱིས་ཏེ་འཛིན་གྲྭའི་ནང་གི་དཔེ་ཆ་བ་ལེགས་ཤོས་བཅུ་རེ་བསྐོ་བ་ཡང་སྐར་གྲངས་འདི་དག་བསྡོམས་པ་ཡིན།
༢༠༡༩ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སྦྱོར་བའི་ཆོས་དྲུག་དང་འབྲེལ་དད་ལྡན་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་བྱས། དེ་རྗེས་དོ་དམ་ཁང་གི་མགོ་གཙོ་གཞོན་པར་ལོ་གསུམ་ལ་བསྡད་དེ་དཔེ་ཁྲིད་ཁང་སོགས་གསར་དུ་བསྐྲུན། གནས་དེ་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་ལྗགས་ལུང་དང་དཔེ་ཁྲིད་ཕལ་ཆེ་བ་བསྐྱངས། ལོ་འདིར་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཆེས་མཐོའི་དཔེ་ཁྲིད་དགེ་རྒན་གྱི་མཚན་གནས་ཐོབ་པ་དང་། མཚོ་སྔོན་ནང་བསྟན་སློབ་གླིང་གི་གདན་ཞུའི་དགེ་རྒན་མཛད།
༢༠༢༣ལོའི་ཧོར་ཟླ་དང་བོའི་ནང་དཔལ་ལྡན་བྱ་ཁྱུང་དགོན་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གིས་གདན་ཞུས་ལྟར། དེ་གར་ཕེབས་ནས་དབུ་ཕར་སོགས་ཀྱི་དཔེ་ཁྲིད་མང་བོ་གནང་། ༢༠༢༤ལོའི་སྤྱི་ཟླ་བཞི་བའི་ཚེས་བཞི་ནས་བརྒྱད་པའི་ཚེས་བཞི་བའི་བར་དུ་བྱ་ཁྱུང་གི་སྔགས་ལ་ཐོས་བསམ་གནང་མཁན་རྣམས་ལ་རིམ་ལྔ་གསལ་སྒྲོན་རྒྱས་ཁྲིད་དང་། སྤྱི་ཟླ་བཅུ་བའི་ཚེས་དགུ་ནས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་འཁྲིད་བཞིན་པ་ལགས་སོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn