རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་བསྟན་འཛིན་གྲགས་པ་མཆོག་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-12-12 07:59:37     རྩོམ་པ་པོ།   རོང་བོ་བློ་གྲོས་བརྟན་པ།     ཀློག་ཐེངས།  

རོང་བོ་བསྟན་འཛིན་གྲགས་པ.jpg

རོང་བོའི་དགེ་བཤེས་བསྟན་འཛིན་གྲགས་པ་མཆོག་ནི། ༡༩༦༨ལོར་ཡབ་གྲུབ་པ་སྐུ་ལོ་དང་ཡུམ་མགར་མོ་སྐྱིད་གཉིས་ཀྱི་སྲས་སུ་རེབ་གོང་དཔྱི་ས་འབྲོག་ནས་འཁྲུངས།

༡༩༨༣ལོར་ཡོངས་འཛིན་དགེ་བའི་བཤེས་གཉེན་རྗེ་དགེ་འདུན་བསྟན་འཛིན་ལས་དགེ་ཚུལ་དང་རྗེས་སུ་དགེ་སློང་གི་སྡོམ་པ་མནོས། མ་ཧཱ་པཎྜི་ཏ་༸ རྗེ་དཔྱི་ས་དྲུང་ཆེན་དཀོན་མཆོག་བློ་གྲོས་རྒྱ་མཚོའི་གདན་ས་སྒྲུབ་སྡེ་དགེ་བྱེད་གླིང་དུ་ཚོགས་ཞུགས་གནང་། ཁུ་བོ་དགེ་སློང་མཁས་གྲུབ་རྒྱ་མཚོ་ཐོག་མའི་དགེ་རྒན་དུ་བསྟེན་ཏེ་འདོན་ཆོས་སྤྱོད་ལ་སྦྱངས་པས་རྩེ་གྲས་སུ་སླེབས། གདན་ས་དེ་ནས་རྗེ་དྲུང་ཆེན་པའི་དངོས་སློབ་ཐུགས་སྲས་སྟག་ཡན་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་ལས་ལམ་རིམ་བློ་སྦྱོང་དང་ལུང་གི་སྐོར། སུམ་རྟགས་དང་སྙན་ངག   བྲིས་སོགས་མང་དུ་ཐོབ། གསེར་ཁྲི་རྡོ་རྗེ་འཆང་ལས་འཇིགས་བྱེད་དང་ཀུན་རིག་གི་དབང་། འཇིགས་བྱེད་བསྙེན་ཁྲིད་སོགས་ལ་མང་དུ་གསན། ལོ་རེར་བསྙེན་པ་རེ་ཆག་མེད་ངོས་འཇིགས་བྱེད་བསྙེན་ཆེན་བཅུ་ཆ་དང་བཅས་པ་ལེགས་པར་ཕུད།

༡༩༨༩ལོར་རོང་བོ་དགོན་ཆེན་དུ་ཚོགས་ཞུགས་གནང་སྟེ་རྗེ་དགེ་འདུན་བསྟན་འཛིན་ཚང་།ཞོ་འོང་དགེ་འདུན་ཤེས་རབ་ཚང་།  བླ་མ་སློབ་ཟུར་བ་དགེ་བཤེས་འཇམ་དབྱངས་ཆོས་འཕེལ་ཚང་སོགས་བསྡུས་གྲྭ་ནས་ཕར་ཕྱིན་བར་གྱི་དཔེ་ཁྲིད་དགེ་རྒན་དུ་བསྟེན། མཁས་མཆོག་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་དང་བྱ་བྲལ་རྣལ་འབྱོར་བ་ཆེན་མོ་བཤེས་གཉེན་འཇིགས་མེད་ལུང་རིགས་ཚང་རྣམ་གཉིས་ལས་ཟུར་ཁྲིད་བགྱིས་ཏེ་འབད་པ་ཆེར་བསྐྱེད་གནང་།

དགེ་བཤེས་ལྷ་རམས་པ་བློ་བཟང་སྙན་གྲགས་ཚང་ལས་རིགས་ལྡན་རྟོགས་བརྗོད་དང་ཡོངས་འཛིན་བློ་བཟང་དཔལ་ལྡན་ཚང་གི་ཆབ་ཤོག་སོགས་ཀྱི་ཁྲིད་ལུང་ཐོབ།    ཡོངས་འཛིན་རྒན་པ་ལྷ་སྡེ་ཨ་ཁུ་ཚང་ལས་སྲས་རྣམ་གཉིས་དང་མར་ནང་སྐུ་ཕྱོགས་ཚང་གི་གསུང་འབུམ་གྱི་ལུང་སོགས་ཐོབ། ༸ སྐྱབས་མགོན་བརྒྱད་པ་ཆེན་མོ། འཇའ་མོའི་ཨ་ཁུ་ཚང་། བསེ་རྡོ་རྗེ་འཆང་། ཨ་ལགས་གཡེར་གཤོང་ཚང་། ཨ་ལགས་ཤར་གདོང་ཚང་། ཁྲི་ཆེན་ཁ་སོ་ཚང་། ཡོངས་འཛིན་འཇིགས་མེད་ཐེག་མཆོག ཁྲི་རྒན་འཇམ་དབྱང་འཕྲིན་ལས་དབང་བོ།དགེ་སློང་འཕྲིན་ལས་རྒྱ་མཚོ། ཨ་ཁུ་བསྟན་པའི་རྒྱལ་མཚན།   རྣམ་དཔྱོད་ཡངས་པ་ཏཱ་ཞོ་བསྟན་འཛིན་རྒྱ་མཚོ་སོགས་བསྟེན་ནས་དམ་ཆོས་མནོག་ཆེ་བ་གསན་པའི་བགོ་སྐལ་ལྡན།

༡༩༩༩ལོའི་དྲུག་པའི་ཚེས་བཞིའི་ཉིན་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ངང་དབུས་གཙང་ཆོས་ཀྱི་ཞིང་དུ་སློབ་གཉེར་ལ་ཕེབས་ཤིང་སེ་ར་ཐེག་ཆེན་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ངག་དབང་ཟླ་གྲགས་མཆོག་གི་མདུན་ནས་ལེགས་བཤད་སྙིང་བོ་དང་དགོངས་པ་རབ་གསལ། རྩ་བ་ཤེས་རབ། རྗེ་བཙུན་དབུ་མའི་སྤྱི་དོན།   རྣམ་འགྲེལ།    མཛོད་ཊཱིཀ་ཐར་ལམ་གསལ་བྱེད། འདུལ་བ་མཚོ་ཊཱིཀ་སོགས་ཀྱི་ཁྲིད་ཐོབ། དགེ་བའི་བཤེས་གཉེན་བཀྲ་ཤིས་རྒྱལ་མཚན་ལས་དྲང་ངེས་དང་ཕར་ཕྱིན། དབུ་མ་དགོངས་པ་རབ་གསལ་རྣམས་ཁྲིད། དགེ་བཤེས་བློ་བཟང་ཐེག་མཆོག་ཚང་གིས་ཟུར་བཀོལ་གྱི་སྐོར་རྣམས་དང་རྗེ་བཙུན་དབུ་མ་སོགས་ཁྲིད། དགེ་བཤེས་མགོན་པོ་ཚང་ལས་སྔགས་རིམ་ཆེན་མོའི་ལུང་བཅས་ཐོབ།  

 ༢༠༠༥ལོའི་དགུན་ཁར་སྐྱབས་མགོན་ཐམས་ཅད་མཁྱེན་པས་ཐུགས་དགོངས་ལྟར་ལྷ་ས་ན་དཔེ་གཟིགས་གནང་བཞིན་པའི་རང་དགོན་གྱི་སློབ་གཉེར་བ་ཡོངས་གདན་ཞུས་ལྟར་ཕྱིར་ཕེབས། ༢༠༠༦ལོ་ནས་བཟུང་དཔེ་ཁྲིད་དགེ་རྒན་དུ་བསྐོས་ཤིང་མངོན་པ་མཛོད་ལ་ལོ་གཉིས་ལ་སྦྱངས།༢༠༠༧ནས་བཟུང་དོ་དམ་ཁང་དུ་ལོ་ལྔ་དང་ཕྱི་ལོ་ནས་འདུལ་བར་སྦྱངས།

༢༠༡༥ལོ་ནས་བཟུང་ལོ་གསུམ་ལ་སྐབས་བཞི་བའི་སློབ་གཉེར་འཛིན་སྐྱོང་ཚོགས་པར་བདམས་ཏེ་འཆད་ཉན་ལེགས་པར་བསྐྱངས། སྐབས་ཤིག་ཏུ། སེར་བྱེས་ལྷ་རམས་པ་བློ་བཟང་འབྲུག་གྲགས་ལས་རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་ཀྱི་བཤད་ལུང་དང་། རྔ་བའི་དགེ་བཤེས་བློ་བཟང་རྡོ་རྗེ་ཚང་ལས་༸ ཁྲི་ཆེན་བསོད་ནམས་གྲགས་པའི་གསང་འདུས་བསྐྱེད་རིམ་དང་ཀིརྟིའི་སྔགས་བསྡུས་ཀྱི་བཤད་ལུང་བཅས་ཐོབ།

༢༠༡༩ལོར་ཐོས་བསམ་གླིང་གི་དགེ་བསྐོས་དང་། ༢༠༢༢ལོའི་ཟླ་དང་བོའི་ཚེས་ཉེར་བཞི་ནས་༢༠༢༣གྱི་ཟླ་དང་བོའི་ཚེས་ཉེར་བཞིའི་བར་ཚོགས་ཆེན་ཞལ་ངོར་བཞུགས་པ་བཅས་ལོ་བཅུ་ལྷག་ལ་དགོན་པའི་ལས་འགན་ཕྲག་ཏུ་བཞེས། ལོ་དེའི་གཉིས་པའི་བཅུ་གཅིག་ནས་དགེ་སློང་བསྟན་འཛིན་དཔལ་འབྱོར་གྱི་མདུན་ནས་བཀའ་འགྱུར་གྱི་ལུང་དང་། ༢༠༢༤ ལོར་བསྟན་འགྱུར་གྱི་ལུང་ལེགས་པར་ཐོབ། ལོ་འདིར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དད་ལྡན་སྐྱ་སེར་ཀུན་འདུས་ལ་དགེ་བཤེས་དག་གིས་རེས་མོས་ཀྱིས་ལོ་རེ་བཞིན་ནང་ཆོས་ངོ་སྤྲོད་གནང་བའི་སྲོལ་བཟང་ཚུགས་ཡོད་པ་བཞིན་ཁོང་ལ་འགན་བབས་ཏེ་ཕྱིན་དྲུག་དང་འབྲེལ་བའི་སྒོ་ནས་ཆོས་བཤད་གནང་།  ད་ལྟ་དཔེ་ཁྲིད་རྒན་དང་རྒྱུགས་ཞིབ་པའི་འགན་བཞེས་མུར་བཞུགས་ལགས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།