འབྲས་སྒོ་མང་དགེ་བཤེས་ལི་ཐང་རབ་གསལ་གྱི་མཛད་རྣམ་མདོར་བསྡུས།
༧ འབྲས་སྒོ་མང་དགེ་བཤེས་ལི་ཐང་ཕུན་ཚོགས་རབ་གསལ་མཆོག་ནི། མདོ་ཁམས་ཉག་ཆུ་རྫོང་གི་མངའ་ཁོངས། ཨོ་ཐོག་དཔོན་གྱི་མངའ་འབངས། དབལ་སྡེ་རོང་སྡེ་གཉིས་ལས་འབྲོག་སྦྲ་ནག་ཤོག་ཆེན་དྲུག་གི་ཡ་གྱལ་སྟོད་གནས་ལྷ་སྡེ་ཕྱུག་མོ་རུ་སྒ་རྗེ་ཚང་གི་ཁྱིམ་དུ་ཡབ་སྒ་རྗེ་འཕྲིན་ལས་སྦྱིན་པ་དང་། ཡུམ་སྒ་རྗེ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༧༧ལོར་སྐུ་འཁྲུངས།
ཡབ་ཀྱི་སྤུན་མཆེད་འབྲིང་བ་ཁུ་བོ་དགེ་སློང་རྟ་མགྲིན་དོན་འགྲུབ་ཀྱིས་ཕུན་ཚོགས་རབ་གསལ་ཞེས་མཚན་གསོལ།
དགུང་ལོ་བདུན་གྱི་སྟེང་ནས་ས་གནས་སློབ་ཆུང་འགྲིམས་ཤིང་དགུང་ལོ་བཅུ་གསུམ་ཐོག་སློབ་ཆུང་མཐར་ཕྱིན་སྟེ་ཨོ་ཐོག་གྲྭ་ཚང་གི་ཆོས་སྒོར་ཞུགས། སྨར་ཁམས་དགེ་བཤེས་བློ་བཟང་བསྟན་འཕེལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས།
ཁུ་བོ་རྟ་མགྲིན་དོན་འགྲུབ་བམ་ཨ་ཁུ་རྟ་བྷེའི་མདུན་ནས་སྐྱབས་འགྲོ་ནས་སྲད་དབེན་བླ་མའི་རྣལ་འབྱོར་སོགས་ཆོས་སྤྱོད་ཚོགས་འདོན་གྱི་རིམ་པ་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་མཛད།
དགུང་གྲངས་བཅུ་བཞི་བར་བླ་མ་རིན་པོ་ཆེ་བསྟན་འཛིན་བདེ་ལེགས་མཆོག་གི་ཞལ་སྔ་ནས་བསྡུས་གྲྭའི་དཔེ་ཁྲིད་ཐོག་མར་ཞུས་པ་ནས་བློ་རྟགས་དང་། ལམ་རིམ་ཟླ་ཆོས་དང་ལམ་གཙོ་རྣམ་གསུམ་སོགས་མྱོང་ཁྲིད་གནང་བར་བརྟེན།
མི་ཚེ་འདིར་དགེ་བའི་བཤེས་གཉེན་ཁོང་དང་མཇལ་བ་ནི་སངས་རྒྱས་དངོས་དང་མཇལ་བ་ལྟ་བུའི་དགའ་དད་སྤྲོ་ཤུགས་ཀྱིས་ལུས་ཀྱི་བ་སྤུ་ཚུན་ཆད་གཡོ་བའི་ཐུགས་ཉམས་ཁྱད་པར་ཅན་ཞིག་བྱུང་ཞེས་དམ་པ་ཁོང་གི་ཞལ་ནས་ཐོས་པ་དང་། ལན་ཅིག་ཁོང་གིས་ཆོས་གོས་ཟེར་ཡོང་དུས་ཚང་མར་སེར་ལམ་ལམ་གྱི་སྣང་བ་ཞིག་འཆར་བ་འོང་བ་ནང་བཞིན་ང་ལ་བླ་མ་ཟེར་ཡོང་དུས་སངས་རྒྱས་དངོས་ཀྱི་སྣང་བ་ཞིག་ངང་གིས་འབྱུང་བར་གསུངས་པས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་གཞན་དང་མི་འདྲ་བའི་མྱོང་བ་ཁྱད་པར་ཅན་ཞིག་གཞོན་པའི་དུས་ནས་ཡོད་པར་གདོན་མི་ཟ།
དགུང་ལོ་བཅུ་དགུ་སྟེ་སྤྱི་ལོ་༡༩༩༥ལོའི་ཟླ་དང་བོའི་ཚེས་ཉེར་བདུན་ཉིན། བླ་མ་རིན་པོ་ཆེས་བཀའ་གསུང་ལྟར་གདན་ས་ཆེན་མོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་ཆེན་པོ་སོག་པོ་དགེན་བློ་བཟང་བསྟན་འཛིན་དང་། དགེན་ཆོས་འཕེལ་རྣམ་རྒྱལ། དགེན་རྒྱལ་མཚན་ཡེ་ཤེས་ཚང་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ། མི་ལོ་བཅོ་ལྔའི་རིང་ལ་རྣམ་འགྲེལ་དང་དབུ་ཕར་སོགས་གཞུང་ཆེན་དག་ལ་སྦྱངས་པ་གནད་སྨིན་མཛད་པས་འཛིན་གྲྭ་གོང་འོག་ཀུན་གྱི་དཔེ་ཆ་བ་རྩེ་གྲས་དག་གིས་ཀྱང་རྩོད་ཟླར་འོང་དཀའ་བའི་ཚོད་དུ་སླེབས། དབུས་ཀྱི་གདན་ས་ཁག་ཏུ་དམ་པ་འདི་དང་། ཁྲི་ཀ་སངས་རྒྱས། ཐེ་བོ་ཡར་འཕེལ་གསུམ་ལ་འབྲས་སྤུངས་རིགས་གསུམ་མགོན་པོ་ཞེས་པའི་མཚན་སྙན་ཐོབ།
རྗེ་ལམ་རིམ་པའི་མདུན་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་སོགས་ཞལ་གདམས་མང་དུ་ཐོབ། སྔགས་འཆང་རིན་པོ་ཆེ་བློ་བཟང་ཆོས་གྲགས་ཀྱི་ཞལ་སྔ་ནས་བླ་མེད་ཀྱི་རྒྱུད་སྡེ་ཡོངས་རྫོགས་ཀྱི་དབང་དང་། རིན་འབྱུང་བརྒྱ་རྩ་སོགས་ཟབ་ཆོས་མཐའ་ཡས་པ་ཐོབ།
དགུང་ལོ་ཉེར་བརྒྱད་པ་སྟེ་སྤྱི་ལོ་༢༠༠༤ལོར་སོག་པོ་དགེན་བསྟན་འཛིན་ལགས་ཀྱིས་ཁམས་སྤར་འབར་སྤྲུལ་སྐུའི་ཐུགས་སྲས་ཀྱི་ཡོངས་འཛིན་དུ་བསྐོས་ཏེ་རྒྱུན་དུ་དཔེ་ཁྲིད་གནང་དགོས་པའི་བཀའ་གསུང་ཕེབས་པ་ལྟར། དེ་ནས་བཟུང་དམ་པ་ཁོང་གིས་སློབ་གཉེར་བྱེད་ཞོར་དུ་དབུས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སུ་ལོ་ངོ་བཞི་ཙམ་རིང་ལ་སློབ་མ་སུམ་བརྒྱ་ལྷག་ཙམ་བསྐྱངས།
སྤྱི་ལོ་༢༠༠༨ལོར་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་དབུས་ཀྱི་གདན་ས་དང་ཞལ་གྱེས་ནས་ཕ་ཡུལ་དུ་ཕེབས་དགོས་བྱུང་།
སྤྱི་ལོ་༢༠༠༩ལོར་ཡུལ་ཤུལ་ནང་ཆེན་རྫོང་གི་བཀའ་བརྒྱུད་དགོན་ཞབས་དགོན་གྱིས་གདན་ཞུས་ལྟར་ཕེབས་ཏེ་ལོ་ངོ་གཉིས་ཙམ་གྱི་རིང་ལ་ཕྱོགས་ཀུན་ནས་སྔ་ཕྱིར་ཕེབས་པའི་སློབ་མ་ལྔ་བརྒྱ་ལྷག་ཙམ་འདུས་ཤིང་སྡེ་འདིར་དུས་ཡུན་ཐུང་ངུའི་ནང་དུ་སློབ་གཉེར་གྱི་གཞི་རྐང་སྔ་ན་མེད་པ་ཞིག་བྱུང་།
སྤྱི་ལོ་༢༠༡༡ལོར་དགེ་བའི་བཤེས་གཉེན་ཆེན་པོ་མགོ་ལོག་གྲགས་པ་རྒྱ་མཚོ་ཚང་གི་སྐུ་མདུན་ནས། ལམ་རིམ་མཆན་བཞི་མ། གསུང་འབུམ་གྱི་ལུང་ཁྲིད་མན་ངག་ལུང་རྐྱང་སོགས་མཐའ་ཡས་པ་གསན།
སྤྱི་ལོ་༢༠༡༡ལོར་མཚོ་སྔོན་མཐོ་ལས་དགོན་གྱིས་ནན་ཞུས་ལྟར་དཔེ་ཁྲིད་དགེ་རྒན་དུ་ཕེབས་ཤིང་འབྲས་སྒོ་མང་གི་ཕྱག་སྲོལ་ཇི་ལྟ་བ་བཞིན་འཆད་ཉན་སྒྲིག་འཛུག་གི་རིམ་པ་འཐུས་སྒོ་ཚང་བ་ཞིག་བཙུགས་ཏེ། དབུ་ཕར་སོགས་གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་རྒྱུན་འཇགས་སུ་གནང་བར་བརྟེན། གྲྭ་རྒྱུན་བརྒྱ་ལ་ཉེ་བ་ཙམ་ལས་མི་བཞུགས་ནའང་ལོ་ངོ་གཉིས་ཀྱི་རིང་ལ་ཕྱོགས་ཡས་མས་ནས་ཕེབས་པའི་སློབ་གཉེར་བ་ལྔ་བརྒྱ་ལྷག་འདུས།
སྔ་ཕྱིར་སློབ་མ་གཅིག་སྟོང་ལྔ་བརྒྱ་ལྷག་ཙམ་བྱུང་བ་སོགས་སྡེ་འདིའི་བཤད་སྒྲུབ་འཆད་ཉན་གྱི་བྱ་བ་རྨང་ནས་གསོས་ཤིང་། ལམ་རིམ་དང་མཎྜལ་གྱི་ཁྲིད་སོགས་བློ་སྦྱོང་རིམ་པ་དག་སྐབས་སྐབས་སུ་གནང་།
སྤྱི་ལོ་༢༠༡༧ལོར་མཛོད་དགེ་སོག་ཚང་དགོན་པའི་བསྟན་བདག་སོག་ཚང་མཆོག་སྤྲུལ་༧ ཤེས་རབ་བསྟན་འཛིན་རྒྱ་མཚོས་བཀའ་པོད་ལྔའི་འཆད་ཉན་གསར་འཛུགས་བྱེད་འཆར་གྱི་ཐུགས་འདུན་ལྟར་ལོ་ངོ་བདུན་གྱི་རིང་སྔ་གཞུག་དུ་མར་ནན་གྱིས་ཞུས་ངོར།
སྤྱི་ལོ་༢༠༡༨ལོར་སྡེ་འདིར་འཆད་ཉན་དངོས་སུ་གསར་འཛུགས་གནང་བ་ནས་བཟུང་རྒྱུན་བཞུགས་གནང་ཏེ་གཞུང་ཆེན་བཀའ་པོད་ལྔ་དང་། ལམ་རིམ་བློ་སྦྱོང་། ནང་ཆོས་ངོ་སྤྲོད་དང་། དགེ་བསྙེན་བསྒྲུབས་པ་སོགས་དགོན་གྲོང་གཉིས་ཆར་ཐུགས་ལ་བཏགས་ཏེ་བཀའ་དྲིན་གྱིས་སྐྱོང་བཞིན་གདའ།
སྤྱི་ལོ༢༠༡༡ནས་ཆོས་མཚམས་ཀྱི་སྐབས་གང་ཡོད་ལ་མགོ་ལོག་སྙན་མོ་དགོན་དང་། ལི་ཐང་འབུམ་ཡག་ཆོས་སྒར་སོགས་ཆོས་བརྒྱུད་རིས་མེད་ཀྱི་དགོན་ཁག་བཅུ་གྲངས་ལྷག་གིས་གདན་ཞུས་ལྟར་ཕེབས་ཏེ་འཆད་ཉན་དམར་པར་མཛད་ཅིང་།བྱང་གི་དགོན་ཆེན་བཞིའི་ཡ་གྱལ་བྱ་ཁྱུང་དགོན་ཆེན་དང་། ཁམས་ལི་ཐང་དགོན་ཆེན། རྫ་དབོན་པོ་དགོན། འབུམ་གསར་དགོན་སོགས་ཆོས་རྒྱུད་རིས་མེད་ཀྱི་དགོན་ཁག་བཅུ་བདུན་ལྷག་གིས་གདན་ཞུ་ནན་གྱིས་བྱས་ཀྱང་དུས་ཚོད་ཀྱིས་དབང་གིས་ཕེབས་མ་ཐུབ་པར་ལུས་ཡོད།
སྤྱི་ལོ༢༠༡༧ ལོའི་ཟླ་ལྔ་བར་སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་སོགས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་དུ་མ་དང་གདན་ཐོག་གཅིག་ཏུ་དགེ་རྒན་ཆེན་མོ་རིམ་པ་དང་པོའི་རྒྱུགས་སྤྲོད་དུ་དངོས་ཞུགས་མཛད་ཏེ། ཉིན་ལྔའི་རིང་ལ་གཞུང་ཆེན་བཀའ་པོད་ལྔའི་དམ་འཇོག་རྒྱུགས་སྤྲོད་མཐའ་འཁྱོལ་མཛད་ལ། ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གིས་དགེ་རྒན་ཆེན་མོ་རིམ་པ་དང་པོའི་ཕྱག་འཁྱེར་གནང་།
སྤྱི་ལོ༢༠༡༧ལོའི་ཟླ་ལྔ་བར་ཀྲུང་དབྱང་ནང་བསྟན་སློབ་གླིང་གིས་གདན་ཞུས་ལྟར་ལོ་དེའི་མཐར་ཕྱིན་སློབ་མའི་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའི་རྒྱུགས་སྤྲོད་དག་གི་དཔྱད་ཞིབ་གདན་ཞུའི་དགེ་རྒན་དུ་ཕེབས་པ་ནས་བཟུང་ཕལ་ཆེར་ལོ་རེའི་སྤྱི་ཟླ་ལྔ་བར་པེ་ཅེན་ནང་བསྟན་མཐར་ཕྱིན་སློབ་མའི་དཔྱད་ཞིབ་གདན་ཞུའི་དགེ་རྒན་དུ་ཕེབས་བཞིན་ཡོད། པེ་ཅེན་དང་སི་ཁྲོན་ནང་བསྟན་སློབ་གླིང་གི་མཐར་ཕྱིན་སློབ་མ་དག་གི་དཔྱད་རྩོམ་བགྲོ་གླེང་དུ་ཆེད་ཞུས་ལྟར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་མཐོ་གྲས་སོགས་དང་མཉམ་ཞུགས་མཛད་ལ་སི་ཁྲོད་ནང་བསྟན་སློབ་གྲྭའི་ཆེས་མཐའི་སློབ་དེབ་གཏན་འབེབས་བགྲོ་གླེང་ཚོགས་འདུར་ཡང་དངོས་ཞུགས་མཛད།
སྤྱི་ལོ༢༠༡༧ ལོའི་ཟླ་དྲུག་པར་དཀར་མཛེས་རྫོང་དུ་ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་སློབ་བསྡུའི་རྒྱུགས་སྤྲོད་དཔང་བཞུགས་དགེ་རྒན་དུ་གདན་ཞུས་ལྟར་ཕེབས་པ་ནས་བཟུང་། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གླིང་དེ་ཀའི་སློབ་བསྡུའི་རྒྱུགས་སྤྲོད་དཔང་བཞུགས་སུ་ཕེབས་པ་ནས་སྔ་གཞུག་དུ་མར་དཔང་ཞུགས་དགེ་རྒན་དུ་ཕེབས། བླ་བྲང་དུ་རྒྱུགས་སྤྲོད་གྲུབ་རྗེས་ཀྲུང་དབྱང་ནང་བསྟན་སློབ་གྲྭའི་སློབ་གཙོ་གཞོན་པ་མཐུ་སྟོབས་སེངྒེས་དབུས་ཀྲུང་དབྱང་ནང་བསྟན་སློབ་གྲྭའི་འགོ་ཁྲིད་སོགས་བླ་སྤྲུལ་དགེ་བཤེས་མཐོ་གྲས་ཁག་གཅིག་དང་མཉམ་སྐྱོད་ཀྱིས་བླ་བྲང་ནང་བསྟན་སློབ་གྲྭར་གཟིགས་སྐོར་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་མཆོད་མཇལ་གནང་།
སྤྱི་ལོ༢༠༢༣ ལྷ་རམས་པ་ཐུབ་བསྟན་སྦྱིན་པ་སོགས་ཀྱིས་བསྐུལ་བ་ལྟར་ཨོ་ཐོག་དཔོན་རབས་བཅུ་གསུམ་གྱི་ལོ་རྒྱུས་དང་། ཨོ་ཐོག་དགོན་གྱི་ལོ་རྒྱུས་དེབ་གཟུགས་མ་གཉིས་དང་། སྤྲོས་བྲལ་ལ་དཔྱད་པ་ཙོང་ཁའི་བླ་མ་དགྱེས་པའི་མཆོད་སྤྲིན་སོགས་དཔྱད་རྩོམ་སུམ་ཅུ་རྩ་གྲངས་རྩོམ་གནང་མཛད་པ་དང་།
ཆོས་བརྒྱུད་རིས་མེད་ཀྱི་དགོན་ཁག་དུ་མས་གདན་ཞུས་ལྟར་ཟབ་དོན་དབུ་མའི་བགྲོ་གླེང་སོགས་དགོན་ཁག་དུ་མར་དུས་ཚོད་གང་ཡོད་ཀྱིས་ཉིན་ནས་མཚན་སྦྲེལ་ཏེ་ཕེབས་བཞིན་ཡོད་ལ། བགྲོ་གླེང་དང་ཆོས་ཚོགས་དེ་དག་གི་སྐབས་གང་ཡིན་ལ་ཐུགས་ལོང་དང་བསྟུན་ཏེ་གནང་བའི་གསུང་བཤད་ཀྱི་རིམ་པ་ལ་ཡང་། པ་ཚབ་ལོ་ཙཱ་བའི་བརྩམས་ཆོས་དང་ལྟ་གྲུབ། ཞང་ཐང་སག་པའི་བརྩམས་ཆོས་དང་ལྟ་གྲུབ་སོགས་གལ་འགངས་ཆེ་བའི་གསུང་བཤད་དུ་མ་བཞུགས།
ད་ལྟ་མཛོད་དགེ་སོག་ཚང་དགོན་དུ་སྔགས་ཀྱི་འཛིན་གྲྭ་གོང་འོག་དང་འདུལ་བའི་འཛིན་གྲྭ་ནས་རྟགས་རིགས་འཛིན་གྲྭའི་བར་དུ་དབུ་ཕར་འདུལ་མཛོད་སོགས་བཀའ་པོད་ལྔ་དང་། རིམ་ལྔ་གསལ་སྒྲོན་དང་སྔགས་ཀྱི་ས་ལམ་དང་བསྐྱེད་རྫོགས་སོགས་མདོ་སྔགས་གཉིས་ཆར་གྱི་དཔེ་ཁྲིད་ཆག་མེད་དུ་གནང་སྟེ་སྡེ་འདིའི་བཤད་སྒྲུབ་འཆད་ཉན་འཛིན་སྐྱོང་སྤེལ་བའི་ཐུགས་འགན་གཙོ་བོར་བཞེས་པའི་མུར། ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་དུ་མར་ཕེབས་པ་སོགས་བསྟན་པའི་སྤྱི་དཔལ་དུ་སྐུ་ཁམས་འཚོ་ཞིང་བཞུགས་པ་ལགས་སོ། །
གུས་སློབ་སོག་ཚང་བློ་བཟང་མཐུ་སྟོབས་ཀྱིས་བྲིས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn