རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་བློ་བཟང་དགེ་འདུན་ཚང་ངོ་སྤྲོད་མདོར་བསྡུས།
དགེ་བཤེས་བློ་བཟང་དགེ་འདུན་མཆོག་ནི། ༡༩༤༦ལོར་ཡབ་ཀླུ་བྱམས་དང་ཡུམ་ལྕགས་མོ་གཉིས་ཀྱི་སྲས་སུ་རེབ་གོང་སྒོ་དམར་ནས་འཁྲུངས།
ཆུང་དུས་ནས་གཞན་དང་མ་འདྲ་བ་ཞིག་ཡོད་སྟབས་ཨ་མྱེས་ཀྱིས་སྒོ་དམར་དགོན་པའི་གསོ་སྦྱོང་བླ་མའམ་ཨ་ཁུ་གནས་བརྟན་མཆོག་ལ་དེ་མཐུན་གྱི་མིང་ཞིག་གསོལ་རོགས་ཞེས་ཞུས་པ་ལྟར་རྡོ་རྗེ་དབང་ཆེན་ཞེས་བཏགས།
༡༩༥༢ལོར་གནས་བརྟན་ཚང་གི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་འདུན་རྒྱ་མཚོ་ཞེས་གསོལ། སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ་དགུང་ལོ་བཅུ་གསུམ་བར་དུ་དགེ་སློང་ཤ་བོ་ཚེ་རིང་ལགས་ཀྱི་གམ་ནས་ཀློག་དང་འདོན་ཆོས་སྤྱོད། དབུ་ཅན་དབུ་མེད་ཀྱི་ཡིག་གཟུགས་སོགས་ལ་སྦྱངས།
༡༩༧༥ལོར་བླ་བྲང་བཀྲ་ཤིས་འཁྱིལ་བའི་དགེ་བའི་བཤེས་གཉེན་རེབ་གོང་བ་བློ་བཟང་རྒྱ་མཚོའི་མདུན་ནས་གསང་སྟབས་ཀྱིས་ཆོས་གྲོགས་འགའ་དང་ལྷན་དུ་བསྙེན་པར་རྫོགས་ཏེ་བློ་བཟང་དགེ་འདུན་ཞེས་པའི་མཚན་གསོལ། ཆོས་སྒོ་ཐོག་མར་ཕྱེས་པ་ནས་རོང་བོ་དགོན་ཆེན་དུ་ཚོགས་ཞུགས་མཛད། རྒྱལ་ཚབ་རྡོ་རྗེ་འཆང་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོའི་ཞལ་སྔ་ནས་རེབ་གོང་ཡུལ་གྱི་གསར་རྙིང་གི་དགེ་འདུན་པ་སུམ་བརྒྱ་ལྷག་ལ་བསྙེན་རྫོགས་སྒྲུབ་པའི་སྐབས་དང་ཁེལ་ཏེ་ཡང་བསྐྱར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་དང་། ཁོང་གི་མདུན་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་པོ་ཏི་བཅོ་ལྔ་ལྷག་གི་ལྗགས་ལུང་སོགས་མདོ་སྔགས་ཀྱི་གཞུང་རྣམས་བུམ་པ་གང་བྱོའི་ཚུལ་དུ་མནོས། ལོ་ངོ་བཅུ་ལྷག་གི་རིང་ལ་ཞབས་ཞུ་བྱེད་པའི་སྐལ་བཟང་མངོན་དུ་གྱུར།
༡༩༨༡ལོར་གསེར་ཁྲི་རྡོ་རྗེ་འཆང་གི་ཐུགས་བཀོད་བཞིན་རོང་བོ་དགོན་ཆེན་ཚོགས་ཆེན་འདུ་ཁང་གི་གཙོ་སྐུ་སྟེ། ༸རྗེ་སྐུའི་སྲོག་ཤིང་གསེར་གྱིས་བྲིས་པ་སོགས་མགོ་མཇུག་བར་གསུམ་གྱི་བྱ་བའི་གཙོ་འགན་བཞེས་པ་དང་། ལྷ་ཁང་སོ་མའི་ཕྱི་ནང་གི་ལཉྫ་དང་། སྒོ་འཕྱོར་གྱི་སྐལ་བཟང་དྲེགས་ལྡན་མའི་སུམ་རྐང་། འདུ་ཁང་ཀ་བརྒྱ་མའི་གུར་ཁང་གི་རྣམ་རྒྱལ་གཟུངས་རིང་དང་། སྒོ་འཕྱོར་གཡས་གཡོན་གྱི་ལཉྫ། གྲྭ་ཚང་ཐོས་བསམ་གླིང་གི་འདུ་ཁང་ཆེན་མོའི་རྣམ་རྒྱལ་གཟུངས་རིང་དང་། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་དང་རྒྱུད་པ་གྲྭ་ཚང་གི་འདུ་ཁང་ཆེན་མོའི་ལཉྫ་སོགས་ཡིག་གཟུགས་སྣ་ཚོགས་ཀྱི་ལམ་ནས་ཕྱག་བསྟར་མང་དུ་མཛད་པར་མ་ཟད། དེ་དག་གི་མ་ཕྱིའི་ཤོག་དྲིལ་རྣམས་རེབ་གོང་ཡུལ་གྱི་ལྷ་བཟོ་དག་གིས་ཁྱེར་ཏེ་ཕན་ཚུན་གཡར་རེས་བྱས་ནས་ཕྱོགས་གང་སར་ཁྱབ་སྟེ་ད་ལྟའང་ལྷ་ཁང་དང་འདུ་ཁང་གསར་བཞེངས་ཀུན་ལ་བཀོལ་སྤྱོད་བྱེད་བཞིན་ཡོད། པཎ་ཆེན་ཐམས་ཅད་མཁྱེན་པ། སྐྱབས་མགོན་བརྒྱད་པ་ཆེན་མོ། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་། ལ་མོ་ཡོངས་འཛིན་ཚང་། གཡེར་གཤོང་ཆོས་པ་རིན་པོ་ཆེ། བསེ་རྡོ་རྗེ་འཆང་། བླ་བྲང་རྡོ་རམས་པ་དར་གྲོང་འཇམ་དབྱངས་སྦྱིན་པ་རྒྱ་མཚོ་ཚང་། ཡོངས་འཛིན་བླ་མ་དགེ་འདུན་བསྟན་འཛིན་ཚང་། དགེ་བའི་བཤེས་གཉེན་བློ་བཟང་རྒྱ་མཚོ་ཚང་སོགས་ལས་མདོ་ཕྱོགས་བཀའ་པོད་ལྔ་དང་། སྔགས་རིག་གནས་ཀྱི་སྐོར་དང་། དུས་འཁོར་དབང་ཆེན་དང་ལུང་། རྗེས་གནང་དང་བཅས་པར་གསན་བསམ་མང་དུ་མཛད། ༸ཤར་སྐྱབས་མགོན་སྐུ་ཕྲེང་བདུན་པའི་སྐུ་གདུང་དངུལ་གྱི་མཆོད་རྟེན་དང་། ཆོས་པ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན། གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོའི་གསེར་གདུང་ཆེན་མོ། རྗེ་མཁས་བཙུན་ལུང་རིགས་རྒྱ་མཚོའི་སྐུ་གདུང་སོགས་བཞེངས་སྐབས་དེ་དག་ལ་ཐིག་རྩ་བརྒྱབས་ཏེ་བྱ་བའི་གཙོ་འགན་མཛད།
༡༩༩༡ལོར་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་ལོ་རྒྱུས་དངབཅས་དཀར་ཆག་གདུང་སེལ་སྨན་གྱི་མྱུ་གུ་ཞེས་བྱ་བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ལོ་འདིའི་ལྔ་བའི་བཞི་རྒྱལ་ཉིན་ཨ་ལགས་གསེར་ཁྲི་རིན་པོ་ཆེའི་རྟོགས་བརྗོད་དགེ་ལེགས་ངོ་མཚར་དབྱངས་ཀྱི་རོལ་མོ་ཞེས་བྱ་བ་ཤིང་དཔར་སྣ་རིང་མའི་ཤོག་གྲངས་ང་དྲུག་བཞུགས་པ་དེ་བརྩམས།
༡༩༩༦ལོར་ཚོགས་ཆེན་ཞལ་ངོར་བསྐོས་ཤིང་དོ་དམ་ཁང་གི་མགོ་གཙོའི་འགན་བཞེས་ཏེ་དགོན་པའི་ནང་དུ་གློག་དང་། གྲྭ་ཤག་སོ་སོར་རང་འབབ་ཆུ་འཐེན་པ་སོགས་ཁོང་རྣམ་པ་ཐུགས་དགྱེས་པའི་ལས་དོན་རྒྱ་ཆེར་མཛད། དེ་ནས་ཚོགས་ཆེན་འདུ་ཁང་དང་། གྲྭ་ཚང་འདུ་ཁང་། རུང་ཁང་། པར་ཁང་རྣམས་ཞིག་གསོའི་སྐབས་གཙོ་འགན་བཞེས་པ་དང་། དགོན་པའི་སྲང་ལམ་ཀུན་ཏུ་རྡོ་བཏིང་སྟེ་བགྲོད་ལམ་བདེ་བར་བཟོས།
ལོ་ངོ་བཞིའི་རིང་ལ་མིང་དུ་གྲགས་པའི་༼ཀུན་འདུས་ཞལ་ཐང་ཆེན་མོ་༽གསར་བཞེངས་མཛད་སྐབས་གཙོ་འགན་གཞོན་པའི་འགན་ཁུར་ནས་བོད་ཀྱི་ལོ་རྒྱུས་སྐོར་དང་། ལྷ་རིས་སྒྱུ་རྩལ་གྱི་སྐོར། མ་ཕྱི་འཚོལ་སྡུད་སོགས་ཀྱི་ཐད་ལའང་བྱས་རྗེས་མི་དམན་པ་བཞག་པ་མ་ཟད། ༼ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་༽གི་རྩོམ་སྒྲིག་གཞོན་པའི་འགན་བསྐྱོན་པ་དང་། དེར་རི་བོ་དགེ་ལུགས་པའི་གྲུབ་མཐའི་རྣམ་གཞག་བརྩམས་གནང་མཛད་པ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བ་དང་དཔྱོད་ལྡན་མང་བོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།
༡༩༩༧དང་༡༩༩༨ལོ་གཉིས་ལ་གྲྭ་ཚང་དགེ་བསྐོས་ལ་བཞུགས། ལོ་བཅོ་བརྒྱད་མན་གྱི་བཙུན་ཆུང་ཚོར་ཆེད་དམིགས་ཀྱིས་རོང་བོ་དགོན་ཆེན་ནང་བསྟན་སློབ་གླིང་གསར་འཛུགས་གནང་། རོང་བོ་དགོན་པའི་དུས་འཁོར་གྲྭ་ཚང་དང་། སྒྲུབ་སྡེ་ཤ་སྦྲང་དགོན་པ། རྐ་སར་དགོན་པ། ཐོ་རྒྱ་དགོན་པ། ཡིད་སྒར་དགོན་པ་སོགས་སུ་ཕེབས་ཏེ་ལམ་རིམ་བློ་སྦྱོང་དང་རིག་གནས་སོགས་ཀྱི་དཔེ་ཁྲིད་གནང་།
༢༠༠༢ལོར་རྐ་སར་འདུས་བཟང་ཆོས་གླིང་གི་ལོ་རྒྱུས་དད་པའི་རོལ་མཚོ་རྒྱས་པའི་ཟླ་ཟེར་ཞེས་བྱ་བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
༢༠༡༦ལོར་བོད་སྐོར་བཀྲ་ཤིས་ཆོས་འཕེལ་རིགས་ལྡན་ཨེ་ཝཾ་གླིང་གི་ལོ་རྒྱུས་དོན་བཟང་གཏམ་གྱི་རང་སྒྲ་ཞེས་བྱ་བ་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། གཞན་ཡང་ཚུལ་གསུམ་གྱི་སྐོར་སོགས་ཐོར་བུ་དུ་མ་ཡོད། ༢༠༡༧ལོར་གྲོང་ཁྱེར་ཆེན་པོ་དྲུག་གི་ཡུལ་སོགས་ལ་མཇལ་སྐོར་དུ་ཕེབས།
དེང་སང་ཉིན་རེའི་ཞོགས་པའི་ཆུ་ཚོད་གསུམ་པ་ནས་མཚན་མོའི་ཆུ་ཚོད་བཅུ་གཅིག་བར་ཆག་མེད་སྒོས་དུས་བཅད་ལྟར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་བོ་བྱང་ཆུབ་ལམ་རིམ་ཆེན་མོར་གཟིགས་རྟོག་དང་། ཐོས་པའི་རྗེས་འཇུག་སྒྲུབ་པ་གཙོར་འདོན་གྱིས་མཆོད་པ་བཤམས་པ། ཕྱག་འཚལ་བ། མནྜལ་འབུལ་བ། སྐུ་དཔར་བ། ཞལ་འདོན་གསུངས་པ་སོགས་བྱ་ཉུང་དོན་ཉུང་གི་སྒོ་ནས་ཉམས་ལེན་ཁོ་ནར་གཞོལ་ཏེ་འཇིག་རྟེན་ཟང་ཟིང་ལ་བཅོས་མིན་རྒྱབ་ཀྱིས་ཕྱོགས་ནས་བཞུགས་ལགས་སོ།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn