ཀླུ་ཚང་དགོན་པའི་དགེ་བའི་བཤེས་གཉེན་འཇམ་དབྱངས་ཐུབ་བསྟན་གྱི་རྣམ་ཐར་མདོར་བསྡུས།
དགེ་བའི་བཤེས་གཉེན་འཇམ་དབྱངས་ཐུབ་བསྟན་མཆོག་ནི་༡༩༦༨ལོར་ཡུལ་ཀླུ་ཚང་གོང་བ་སྡེ་བར་ཡབ་ཨ་ཆེན་དང་ཡུམ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
ཆུང་དུས་ནས་སློབ་ཆུང་འགྲིམས་ཏེ་མཐར་ཕྱིན། ལོ་བཅོ་བརྒྱད་སྟེ ༡༩༨༥ལོར་དྲུག་པའི་ཚེས་དྲུག་ཉིན་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་གྱིས་སྤྱན་སྔར་རབ་ཏུ་བྱུང་།
སྔོན་སློབ་གྲྭ་འགྲོ་དུས་ཨ་ལགས་ཚང་གི་ཐུགས་བཀོད་བཞིན་གནང་མཚམས་སྐབས་ཆོས་གྲྭར་འགྲིམ། མདོ་སྨད་ཀླུ་ཚང་དགོན་ཆེན་དུ་ཚོགས་ཞུགས་གནངས་ནས་ཚོགས་ཆོས་གྲྭ་ཆག་མེད་དུ་འགྲིམས།
དགེ་བའི་བཤེས་གཉེན་གོང་བའི་དགེ་འདུན་ཚང་དང་དགེ་བའི་བཤེས་གཉེན་ཆོས་ཚའི་ཨ་ཁུ་ཡོན་ཏན་ཚང་སོགས་ཀྱི་མདུན་ནས་བསྡུས་གྲྭ་མཐར་ཕྱིན་པར་སྦྱངས།
བསྡུས་ཆེན་སྐབས་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་གྱིས་བསྡུས་ཆུང་སོགས་འཕྲོས་པའི་དགེ་རྒན་བྱེད་དགོས་གསུང་ནས་བསྡུས་གྲྭ་སོགས་ཀྱི་འཕྲོས་བའི་དགེ་རྒན་མཛད།
རྟགས་རིགས་འཛིན་གྲྭ་ནས་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་གྱིས་ཐུགས་བཀོད་བཞིན་དགེ་བའི་བཤེས་གཉེན་སྨད་སོག་ཨ་ཁུ་བཟོད་པ་ཚང་གི་མདུན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་མཐར་ཕྱིན་པར་སྦྱངས།
༡༩༩༧ལོའི་ཟླ༤ཚེས༡༤ཉིན་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག དམ་བཅའ་བཞག་རྗེས་ཨ་ལགས་ཆོས་རྗེས་ཚང་གི་ཐུགས་བཀོད་བཞིན་མདོ་སྨད་ཀླུ་ཚང་དགོན་ཆེན་གྱིས་དགེ་རྒན་དུ་བཞུགས་དགོས་གསུངས་ནས་དགེ་བའི་བཤེས་གཉེན་བརྒྱད་ལ་ཁ་བཏགས་ཕུལ་ཏེ་དཔེ་ཁྲིད་དགེ་རྒན་ལ་བཞུགས།
༢༠༠༦ལོར་སྐུ་འབུམ་གྱི་ཨ་ལགས་རྒྱ་ཡག་ཚང་གི་ཡོངས་འཛིན་དུ་བཞུགས་ཞེས་ཡང་དང་ཡང་དུ་ཞུས་ཡང་ཀླུ་ཚང་དགོན་གྱི་དཔེ་ཁྲིད་དགེ་རྒན་ཡིན་པས་ཀླུ་ཚང་དགོན་པས་གནང་བ་མ་འཁྲོལ། ། མཚོ་སྔོན་ཞིང་ཆེན་གྱི་འཐབ་དྲིལ་པུའུ་ལ་སོགས་པས་ཨ་ལགས་རྒྱ་ཡག་ཚང་གི་ཡོངས་འཛིན་དུ་ཅིས་ཀྱང་བཞུགས་དགོས་ཞེས་བཀའ་བབས་ཏེ་སྐུ་འབུམ་དུ་ཕེབས་ནས་ལོ་འགར་ཨ་ལགས་རྒྱ་ཡག་ཚང་གི་ཡོངས་འཛིན་དུ་བཞུགས། མཚོ་ལྷོ་ཁུལ་མཐོ་འབྲིང་དང་བོས་དགེ་རྒན་དུ་གདན་འདྲེན་ཞུས་མོད་ཀྱང་ཨ་ལགས་རྒྱ་ཡག་ཚང་གི་ཡོངས་འཛིན་དུ་བཞུགས་པས་ཕེབས་མ་ཐུབ།
དེ་ནས་ཕྱིར་ཀླུ་ཚང་དགོན་དུ་ཕེབས་ནས་མུ་མཐུད་དུ་དཔེ་ཁྲིད་གནང་།
ཨ་ལགས་ཆོས་རྗེ་ཚང་གི་སྤྲུལ་སྐུའི་ཀློག་གི་དགེ་རྒན་དུ་བཞུགས་དགོས་ཞེས་སྤྲུལ་སྐུའི་ཀློག་གི་དགེ་རྒན་མཛད་ནས་མགོ་ཀ་ཁ་ནས་བཟུང་བསྡུས་གྲྭ་ཁག་གསུམ་དང་ས་ལམ་གྲུབ་མཐའ་སོགས་མཐར་ཕྱིན་བར་དུ་བརྩེ་བས་བསྐྱངས།
ད་ལྟ་ཡང་སྤྲུལ་སྐུའི་འཛིན་གྲྭ་དང་མཛོད་འཛིན་གྲྭ་གཙོས་གཞན་འཛིན་གྲྭ་གང་མང་ལ་དཔེ་ཁྲིད་བྱེད་བཞིན་ཡོད།
སྔ་རྗེས་སུ་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་བ་དང། རྗེ་ཡེ་ཤེས་རྒྱ་མཚོ། ལ་མོ་ཡོངས་འཛིན་རིན་པོ་ཆེ། ཁྲི་ཆེན་དགེ་འདུན་རྒྱ་མཚོ། ཡོངས་འཛིན་འཇིགས་མེད་དཔལ་ལྡན་རྒྱ་མཚོ། སྐུ་རྒྱབ་གྲགས་པ་རྒྱ་མཚོ་སོགས་ཀྱི་མདུན་ནས་པོ་ཏི་ལྔ་དང་དེའི་དགོངས་འགྲེལ་དགེ་ལྡན་པའི་གཞུང་ཆེན་ཁག་མང་པོ་དང་། དབང་དང་རྗེས་གནང་། ཁྲིད་བཤད་མན་ངག་སོགས་མང་པོ་ཐོབ།
གསུང་རྩོམ་ལ་ཀླུ་ཚང་དགོན་པའི་བྱམས་ཁང་གི་དཀར་ཆག་སོགས་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn