དགའ་ལྡན་དགེ་བའི་བའི་བཤེས་གཉེན་ཆེན་པོ་དགེ་ལྡན་སྙན་གྲགས།
ཆོས་སྡེ་ཆེན་པོ་དགའ་ལྡན་དགོན་གྱི་དགེ་བའི་བའི་བཤེས་གཉེན་ཆེན་པོ་དགེ་ལྡན་སྙན་གྲགས་སམ་བློ་བཟང་ཐར་བ་མཆོག་ནི། སྤྱི་ལོ་༡༩༦༩་ལོར་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དུ་འཁྲུངས།
སློབ་ཆུང་མཐར་ཕྱིན་ཏེ་རྫོང་སློབ་འབྲིང་འགྲིམ་བཞིན་པའི་སྐབས། ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་མོས་བོད་ལྗོངས་ནང་བསྟན་སློབ་གྲྭ་གསར་འཛུགས་གནང་བཞིན་པའི་གཏམ་སྙན་ཐོས་ཏེ། སྤྱི་ལོ་༡༩༨༣་ལོའི་ཟླ་དྲུག་པའི་ཚེས་ཤར་ལ་ཡིག་རྒྱུགས་སྤྲད། ལོ་དེའི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ཀུན་གཟིགས་བཅུ་བ་ཆེན་མོ་དབུ་བཞུགས་ཀྱིས་སློབ་འགོ་དངོས་སུ་ཚུགས་པས། ཁོང་ཡང་སློབ་གླིང་དེར་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་འབྲོག་མི་བྱམས་པ་བློ་གྲོས་ཚང་སོགས་ངེས་དོན་དགེ་བའི་བཤེས་གཉེན་དམ་པ་མང་བོའི་དྲུང་ནས། གཞུང་ཆེན་བཀའ་པོད་ལྔ་དང་ལམ་རིམ་བློ་སྦྱོང་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་དེ་མཁས་པའི་སྙན་པ་རྒྱས། སློབ་གླིང་གི་བཀོད་སྒྲིག་ལྟར་ཐུན་མོང་རིག་གནས་ཀྱི་སྐོར་དང་། ཡིག་གཟུགས། རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱང་ལེགས་པར་སྦྱངས།
སྤྱི་ལོ་༡༩༨༦་ལོའི་སྤྱི་ཟླ་དྲུག་པའི་ཚེས་གཅིག་ནས་རྒན་འབྲོག་མི་རིན་པོ་ཆེ་དང་སློབ་གྲྭའི་རེ་བ་ལྟར་བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་བྱས་ནས་གཞན་ལ་དཔེ་ཁྲིད་གནང་བའི་དབུ་བཙུགས། གཞན་ལ་ཕར་ཚད་སོགས་ཀྱི་དཔེ་ཁྲིད་གནང་རྒྱུ་དང་། རང་གི་སློབ་གཉེར་གྱི་འཕྲོ་ཡང་བསྐྱངས་སྟེ་དགེ་སློབ་གཉིས་ཀའི་ཕྱག་ལས་ལ་འབད་བརྩོན་ལྷོད་མེད་མཛད། ཁོམ་སྐབས་གང་ཡོད་ལ་སྐྱབས་རྗེ་དམ་པ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཚང་གི་ཞལ་སྔར་ལམ་རིམ་དང་སྤྱོད་འཇུག་སོགས་ཀྱི་བཀའ་ཆོས་གང་གནང་ལ་ཆག་མེད་དུ་ཕེབས་ཤིང་ཐུགས་སྲས་གཙོ་གྲས་སུ་གྱུར།
སྤྱི་ལོ་༡༩༢་ལོར་བོད་ལྗོངས་ནང་བསྟན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཚེ། ཀུན་གཟིགས་བཅུ་ཆེན་མོའི་ཡུན་རིང་གི་ཐུགས་རེ་དང་། དགེ་རྒན་རིན་པོ་ཆེ་རྣམ་གཉིས་སོགས་ཀྱི་བཀའ་དགོངས། དགའ་ལྡན་དགོན་འདུས་སྤྱི་ནས་ཀྱང་དགེ་རྒན་དུ་གདན་ཞུའི་ཡི་གེ་གསུམ་སྟབས་གཅིག་ཏུ་འགྲིག་ནས་ཡབ་རྗེ་བླ་མ་ཙོང་ཁ་བ་ཆེན་པོའི་གདན་ས། དགེ་ལྡན་པ་ཡོངས་ཀྱི་ཆུ་འགོ། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དཔེ་ཁྲིད་དགེ་རྒན་ལ་ཕེབས་ཏེ། མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་དང་བཀའ་ཆོས་སོགས་བར་མ་ཆད་པ་གནང་།
སྔ་ཕྱིར་སྟོད་ལུང་སྟག་བྲག་ཕན་བདེ་བསམ་གཏན་གླིང་དགོན་དང་། མཚོ་སྨད་དགོན། སྡིང་ཁ་དགོན། ཕན་པོ་ཀླུང་ཤོད་སྦ་ཚག་དགོན། ཤ་ར་དགོན། གཟིམ་ཕུག་དགོན། གནས་མོ་དགོན། སྟག་རྩེ་ཐང་དཀར་དགོན། བདེ་ཆེན་པད་ནག་ཁུལ། མལ་གྲོ་དག་པ་དགོན། རིན་གླིང་དགོན། བཀྲ་ཤིས་ཆོས་གླིང་དགོན། འོལ་རྣ་དགོན། ཀོང་པོ་འབྲུ་ལ་དགོན། སྣང་རྫོང་བམ་རིམ་ཆོས་སྡེ། འོལ་ཁ་ཆོས་ལུང་དགོན། བསམ་གླིང་དགོན། བྱང་ཆུབ་གླིང་། མོ་བྲག་གདོང་། གཙང་ལྷ་རྩེ་ཆོས་སྡེ་དགོན། རིན་སྤུངས་བྱམས་ཆེན་དགོན། ནག་ཆུ་རབ་བརྟན་དགོན། ལྟར་མོ་དགོན། ཨུ་ཐོག་དགོན་སོགས་ལ་ཕེབས་ནས་དཔེ་ཁྲིད་དང་བཀའ་ཆོས་གནང་།
སྐྱབས་རྗེ་འབྲོག་མི་བྱམས་པ་རིན་པོ་ཆེ་དང་། སྐྱབས་རྗེ་ལམ་རིམ་པ་ཚང་རྣམ་པ་གཉིས་ཀྱི་ཐུགས་དགོངས་ལྟར་སྤྱི་ལོ་༡༩༩༩་ལོ་ནས་དཔེ་ཁྲིད་ཀྱི་བར་གསེང་དག་ཏུ་ཕ་ཡུལ་གྱི་མང་ཚོགས་སོགས་ལ་ནང་ཆོས་ངོ་སྤྲོད་གནང་བའི་རླབས་ཆེན་ཕྱག་ལས་ཀྱི་དབུ་བཙུགས། ཁོང་གིས་ནམ་རྒྱུན། འཛམ་གླིང་སྤྱི་ལ་ཕན་བདེ་བསྐྲུན་ནུས་པའི་བོད་ཀྱི་ནང་ཆོས་འདི་མ་ཉམས་རྒྱུན་གནས་ཤིག་དགོས་ན་དགོན་སྡེའི་ར་བ་ལས་འདས་སྟེ་རྒྱ་ཆེའི་མང་ཚོགས་ཚོའི་ནང་ཆོས་ཀྱི་གོ་རྟོགས་དང་ཤེས་ཚད་མཐོ་རུ་གཏོང་དགོས། དེ་ཡང་རྒྱུ་མཚན་ཆེས་གསལ་བོ་སྟེ། བོད་ཀྱི་སེར་སྐྱ་ཕལ་ཆེ་བ་ཆོས་ལ་དད་པ་ཡོད་ཀྱང་ཆོས་གཏན་ནས་མི་ཤེས་པའི་འགལ་འདུ་འདི་ཡི་སྟེང་དུ་གནས་ཡོད་པས་ཡིན། ཆོས་ཉམས་བྱེད་ཀྱི་རྒྱུ་རྐྱེན་ཆེས་འཇིགས་སུ་རུང་བ་ཞིག་ནི་ཆོས་གཏན་ནས་མི་ཤེས་ནའང་ཆོས་ལ་སློབ་སྦྱོང་མི་བྱེད་པ་འདི་ཡིན།
དུས་རབས་དང་འབྲེལ་བའི་བོད་མི་རིགས་ཀྱི་མི་ཚེའི་རིན་ཐང་འདོན་དགོས་ན། རང་གི་རིག་གཞུང་དང་འབྲེལ་ནས་སྟོན་དགོས། དེ་ནི་མཐར་གཏུགས་ནས་བཤད་ན་ནང་ཆོས་འདི་རེད། དེ་ལྟ་བུའི་རྒྱུ་མཚན་མང་བོར་བསམ་ནས་ཕྱི་ནང་གི་འགལ་རྐྱེན་རུ་འཛིངས་པའི་སྐབས་འདིར་སྒོ་རྒྱབ་ཀྱི་ཕྱག་མ་ཡན་ཆད་བོད་མི་དམངས་ཀྱི་བཀའ་དྲིན་ལ་བརྟེན་ནས་འཚོ་བ་ལ་སྐུ་དྲིན་གསབ་ཕྱིར་ནང་ཆོས་ངོ་སྤྲོད་ཀྱི་ལས་ཀ་དགའ་བཞིན་སྤྲོ་བཞིན་དུ་བྱས།
དགའ་ལྡན་དགོན་དུ་སློབ་གཉེར་བ་ཚོར་དཔེ་ཁྲིད་གཙོར་བཟུང་ངང་དུས་ཚོད་ནམ་བྱུང་ལ་བོད་རྒྱ་ཆེའི་མང་ཚོགས་ཀྱི་རྨོངས་དད་ཀྱི་འཆིང་ཞྭ་འཕུད་ཕྱིར་ནང་ཆོས་ངོ་སྤྲོད་གང་ཐུབ་ཅི་ཐུབ་ཅིག་བྱས་དང་བྱེད་བཞིན་པ་ལགས། ཞེས་གསུངས་པ་ལྟར་ལགས་ཏེ། ད་ལྟ་དབུས་གཙང་གི་ས་ཕྱོགས་ཕལ་མོ་ཆེ་ཞིག་ལ་ཁོང་གི་གསུང་དབྱངས་ཟབ་མོའི་འོད་ཟེར་གྱིས་ཁྱབ་ཡོད།
བརྩམས་ཆོས་ཀྱི་སྐོར་ལ། དམ་པའི་ཆོས་འདུལ་བ་རྒྱ་མཚོའི་སྙིང་བོ་བསྡུས་པ་ཐར་འདོད་ཡིད་ཀྱི་མུན་སེལ་ཞེས་བྱ་བའི་འགྲེལ་བ་ཚིག་དོན་རབ་གསལ་སྟོད་ཆ་དང་སྨད་ཆའི་དེབ་གཉིས་དང་། འདུལ་བ་སྤྱིར་བསྟན་གྱི་འགྲེལ་བ་ཡོངས་འཛིན་བླ་མ་དགྱེས་པའི་མཆོད་སྤྲིན། དྲང་ངེས་ལེགས་བཤད་སྙིང་བོའི་དོགས་འདྲི་རང་གི་དེ་ཁོ་ན་ཉིད་བསྟན་པའི་གཏམ། ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་གཏམ་གསལ་རིག་སེམས་ཀྱི་ཞི་བདེ། གསོལ་འདེབས་ཀུན་གྱི་རྒྱལ་བོ་དཔལ་ལྡན་ས་གསུམ་གྱི་དོན་མཐར་ཆགས་སུ་སྒོམ་པའི་སྒོ་ནས་ཉམས་སུ་ལེན་ཚུལ་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག དབུ་མ་རྩ་བའི་ས་བཅད་བསྡུས་དོན། གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་སྐོར་ལམ་གྱི་ཆེ་བ་བརྗོད་པ་ངོ་མཚར་དད་པའི་དགའ་སྟོན། རང་ཉིད་ལ་ཁྲིམས་སུ་བཅའ་བ་ཉེས་ལྟུང་མུན་པ་སེལ་བའི་སྒྲོན་མེ་སོགས་དཔར་དུ་བསྐྲུན་ཟིན་པ་མང་བོ་དང་། ད་ལྟ་དཔར་བསྐྲུན་བྱ་ཉེར་ཡོད་པ་ལའང་། ཚན་རིག་པ་ལ་ལམ་སྟོན་བྱེད་མཁན་ཞིག་དགོས་སམ་ཞེས་པའི་དེབ་གཅིག་དང་། ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་དགོངས་འགྲེལ་ཚིག་དོན་རབ་གསལ་དེབ་འགའ་ཞིག་བཅས་བཞུགས་སོ། །
ད་ལྟ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དཔེ་ཁྲིད་དགེ་རྒན་དང་། དགེ་ལྡན་ནང་བསྟན་སློབ་གྲྭའི་སྤྱི་ཁྱབ་དགེ་རྒན་གྱི་གནང་བའི་མུར་ཞབས་པད་བརྟན་ཅིང་མཛད་འཕྲིན་ཟླ་བའི་འོད་སྣང་ལ་འགྲན་བཞིན་པའི་སྐབས་ལགས་སོ། །
གུར་གུམ་ཆུན་པོ་ལས་བཤུས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn