ཡོངས་འཛིན་འཇིགས་མེད་བློ་གྲོས་ཚང་གི་རྣམ་ཐར་མདོར་བསྡུས་བརྗོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-17 08:16:52     རྩོམ་པ་པོ།   ཡོན་ཏན་ལྷུན་གྲུབ།    ཀློག་ཐེངས།  

微信图片_20231217081823.jpg

དེ་ཡང་རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་མཚུངས་ཟླ་དང་བྲལ་བ་མགོན་པོ་ཚེ་མཐའ་ཡས་དང་སྙིགས་དུས་ཀྱི་རྗེ་བཙུན་མི་ལ་རས་པ་གཉིས་པ་རྗེ་བཙུན་༧ཨ་རོལ་སྐུ་ཕྲེང་བཞི་བའི་ཡོངས་འཛིན་འཇིགས་མེད་བློ་གྲོས་ཚང་ནི་རབ་བྱུང་བཅོ་ལྔ་བའི་མེ་ཕོ་སྟག་སྟེ་ཕྱི་ལོ་1926ལོར་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་གི་ཉེ་འདབས་ཡན་ལག་བརྒྱད་དང་ལྡན་པའི་ཆུ་མཆོག་ཧང་ཆབ་སྔོན་མོ་དལ་གྱིས་འབབ་པ། བིས་མདོ་ནགས་རྒན་སྡེ་བར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་ཡབ་འཁོན་དཀོན་མཆོག་སྐྱབས་དང་ཡུམ་རིན་ཆེན་སྒྲོལ་མའམ་རིན་ཆེན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

ཆུང་དུས་ཀྱི་མཚན་ལ་པདྨ་རིག་འཛིན་དུ་གསོལ་བ་དང་དགུང་ལོ་བཅུ་བཞེས་པ༼ རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཕག་སྟེ་ཕྱི་ལོ1935ལོར་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་མོ་བྲག་དཀར་སྤྲེལ་རྫོང་དགོན་དུ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ལགས་དགེ་འདུན་ནམ་དགེ་འདུན་གྲགས་པ་ཚང་གི་མདུན་དུ་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་སྟེ་མཚན་ལ་འཇིགས་མེད་བློ་གྲོས་སུ་གསོལ། གནས་ཀྱི་སློབ་དཔོན་ཨ་མཆོད་དཔའ་རིས་སམ་ཐར་བའི་རྒྱལ་མཚན་ལ་བསྟེན་ནས་དགུང་ལོ་བཅུ་གཅིག་བར་མགོ་སྐྱབས་འགྲོ་ནས་བཟུང་དགོན་པའི་འདོན་རྟ་དབྱངས་གསུམ་ལ་སྦྱང་བ་བྱ་མགོ་བརྩམས། 

དགུང་ལོ་བཅུ་གཅིག་པར་ཕྱི་ནང་གི་རྐྱེན་གང་མང་ཞིག་གིས་མ་ཡུམ་དང་ཨ་ཅེ་གཉིས་དང་ལྷན་དུ་ཡབ་ཀྱི་ཕ་ཡུལ་བིས་མདོར་ཕེབས་དགོས་བྱུང་། དེར་བིས་མདོ་དགོན་ཆེན་དུ་གནས་ཀྱི་སློབ་དཔོན་ཉ་བྱུང་འཇིགས་མེད་ལས་ལམ་རིམ་ཆེན་མོའི་བཀའ་ཁྲིད་སོགས་ལ་གསན་ཏེ་བསླབ་པའི་དབུ་བཙུགས། 

དགུང་ལོ་བཅུ་བཞི་སྟེང་ཕྱིར་རང་དགོན་དུ་ཕེབས་ནས་དགེ་བའི་བཤེས་གཉེན་ཆེན་མོ་སྐུ་དཔོན་དགེ་ལེགས་རྒྱ་མཚོ་སོགས་ལ་བསྟེན་ཏེ་མགོ་བསྡུས་གྲྭ་ནས་ཕར་ཕྱིན་སོགས་ལ་ཉིན་མཚན་ཀུན་དུ་སྦྱངས་པ་ཤུགས་དྲག་པོ་བྱས་པས་༧ཁོང་ཐམས་ཅད་མཁྱེན་པས་ཀྱང་བསྔགས་བརྗོད་ཚད་མེད་པ་གནང་བ་མ་ཟད་དགོན་པའི་བསྡུས་གྲྭའི་དགེ་རྒན་དུ་བསྐོས་ཀྱང་ཁོང་གིས་ཁེངས་པ་སྐྱུང་བའི་ཕྱིར་དུ་མ་བཞུགས།གསུང་སྐད་ཧ་ཅང་སྙན་པས་དགོན་པའི་ཁྱི་ར་བ་མགོན་པོ་རྡོ་རྗེའི་འཆམ་པ་གྲྭ་ཚང་ནང་དུ་ལོ་མང་བོར་རྗེ་བཙུན་མི་ལར་བཞུགས། 

དགུང་ལོ་ཉི་ཤུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་མོ་ལུག་སྟེ་སྤྱི་ལོ་1943ལོའི་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་སྐྱབས་གཅིག་མཐོང་བ་དོན་ལྡན་རྗེ་བཙུན་༧ཨ་རོལ་རིན་པོ་ཆེའི་སྤྱན་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་བསྲུངས། མཆོད་དབྱངས་པ་དང་དབུ་མཛད་ཀྱི་འགན་བཞེས་ཏེ་དགོན་པའི་འདོན་རྟ་དབྱངས་གསུམ་ཡོངས་རྫོགས་ཐུགས་ལ་ངེས་པར་མཛད། 

དགུང་ལོ་སོ་གསུམ་པ་སྟེ་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི་སྟེ་ཕྱི་ལོ་༡༩༥༨ལོར་བསྟན་པ་དང་འགྲོ་བའི་ལས་ལ་ཡ་ང་བའི་དོན་རྐྱེན་བྱུང་བར་རྟེན་རང་ཡུལ་ནགས་རྒན་དུ་མི་ཕེབས་ག་མེད་བྱུང་། ཡུལ་ལུང་ཟིང་འཁྲུག་གི་ལོ་ངོ་༢༣རིང་སྐུ་ཡུལ་ནགས་རྒན་སོགས་སུ་ཉམས་བཞེས་མཛད་དེ་ཀུན་གྱིས་ཁོང་ནི་ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་སྲུང་བའི་སྐྱེས་བུ་དམ་པ་ཞིག་ཡིན་པར་ངོ་ཤེས་ནས་སྡེ་བ་ཕར་ཚུར་གཉིས་ཀ་དང་ཞིང་ཁ་གོང་འོག་སོགས་ཀྱི་འབྲུ་མཛོད་ཁང་གི་འགོ་བ་དང་ཇ་མའི་ལས་དོན་སོགས་ཀྱི་ཕྱག་ལས་གནང་། སྐབས་དེ་ཡང་ཁོང་གིས་ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུངས་སྟེ་ཐ་ན་ཆོས་གོས་ཚུན་ཆད་ཀྱང་གཟིམ་ཐུལ་ནང་དུ་བཅུགས་སྟེ་བྱིན་རླབས་ཤོར་མ་མྱོང་གསུངས། ལས་ཀ་སོགས་མེད་པར་ཁོམ་པོ་ཅུང་ཙམ་བྱུང་ན་རྒྱུན་པར་ཁོང་གིས་དཔེ་ཆར་༼ རྗེ་ལམ་སྔགས་གཉིས་དང་ཁོང་ཐམས་ཅད་མཁྱེན་པའི་བདེ་ལམ། ཕར་ཕྱིན་གྱི་སྐོར་མང་བོ་ཞིག ༽གཟིགས་པ་དང་ཁ་འདོན་གསུངས་པ་དང་། སྐབས་དེར་གནས་བབ་ཧ་ཅང་ཐབས་སྡུག་པས་དཔེ་ཆ་ནི་བཀག་སྡོམ་དངོས་ཟོག་དུ་བརྩི་ཞིང་སྟབས་ཉེས་ན་ཁྲིམས་ཆད་ཕོག་ངེས་ཡིན། ཡིན་ནའང་ཁོང་གིས་ཉིན་མོར་དཔེ་ཆ་དག་ཁང་པའི་ནང་དུ་གདན་དྲངས་པ་དང་ནུབ་ཁར་ཕྱིར་རྡོ་རྩིག་ནང་དུ་འདྲེན་པར་བྱེད། ཁོང་གི་ཕྱག་དཔེ་བཞུགས་སའི་རྡོ་རྩིག་ནི་ད་དུང་ཡང་ཕྱག་ཡུལ་གྱི་ཁང་པའི་རྒྱབ་ན་ཡོད།

ཨ་ཁུ་རིན་པོ་ཆེས་གསུངས་རྒྱུརསྤྱི་ལོ་༡༩༥༩ལོར་ང་ཐེངས་དང་བོར་ཞིང་ཁ་གོང་མར་འབྲུ་མཛོད་ཁང་བདག་གཉེར་བྱེད་དུ་སོང་བ་ན་དེ་ཀས་མི་རྣམས་ཀྱིས་ནགས་རྒན་ནས་མི་འདི་འདྲ་ཞིག་ང་ཚོའི་སྡེ་བའི་འབྲུ་མཛོད་ཁང་དང་ཇ་མའི་འགོ་བར་ཡོང་ཡོད་ལ། དེ་རིང་ནས་བཟུང་ཚང་མས་བྱ་བ་སྤྱོད་པ་དང་སྐད་ཆ་བཤད་སྟེངས་སོགས་ལ་གཟབ་ནན་བྱེད་དགོས་པར་སྐུལ། སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་ནི་ཕ་བུ་གཉིས་དང་ནང་མི་སུ་ཡིན་ཡང་གཅིག་གཅིག་ལ་དོགས་ཟོན་བྱས་ནས་གཏམ་དྲང་མོར་བཤད་རྒྱུ་ཧ་ཅང་དཀའ། དེ་ནས་རང་གི་སེམས་ལ་འདི་འདྲ་ཞིག་དྲན། གྲྭ་ལྭ་གོན་ཡོད་ན་མེད་ན་རང་ཉིད་གྲྭ་བ་འདྲ་ཞིག་རེད། ད་ལྟ་སེམས་ཅན་གྱི་མགོར་འདི་འདྲའི་སྡུག་བསྔལ་དང་བཀྲེས་སྐོམ་གྱིས་མནར་བ་ཞིག་འོང་བའི་སྐབས་འདིར་རང་ལ་ནུས་པ་ཡོད་ཀྱང་མེད་ཀྱང་འདི་དག་ལ་ཕོ་བ་འགྲང་ཐབས་ཤིག་བྱ་དགོས་རྒྱུ་རེད་བསམ་ནས་དེར་འབད་པ་བྱས། ཟླ་ཁ་ཤས་སོང་བ་ན་ཀུན་ཀྱང་བདག་གི་སྤྱོད་པར་ཡིད་ཆེས་ནས་ཁ་བརྡ་བྱེད་མཁན་ཡང་ཇེ་མང་ལ་སོང་། ལོ་ལོན་རྒན་པ་ཚོས་ཨ་ཁུ་འདི་ནི་ངོ་མའི་གྲྭ་བ་རྣམ་པར་དག་པ་ཞིག་རེད་ཅེས་བརྗོད་པ་དང་དེར་ལོ་གསུམ་ལ་བསྡད། 

ལོ་གསུམ་གྱི་རིང་ལ་ངའི་མགོ་ལའང་ལྟོགས་སྐོམ་མི་ཉུང་བ་ཡོང་ནའང་ཡང་ཟས་ཁམ་གང་ཡང་བརྐུ་མྱོང་མེད་ཅིང་། རྗེས་སུ་དགོན་པ་སླར་གསོ་བྱས་ནས་དགོན་པའི་རྒན་པ་ཁ་ཤས་ཀྱིས་ང་ལ་ཁྱོད་ཀྱིས་བསླབ་སྐྱོར་མི་བརྒྱག་གམ་ཞེས་འདྲི་བར། ངས་ཁོ་ཚོར་ཀུ་རེ་བསླངས་ནས་སྔོན་རང་ཉིད་དགོན་པ་གྲྭ་ཚང་ན་ཡོད་དུས་ཀྱང་འདུལ་བ་འཛིན་པ་བཟང་བོ་ཟེར་རྒྱུ་མེད་ལ། མར་གྲོང་བར་སོང་བའི་ལོ་འདི་དག་ལའང་བསླབ་པ་ལ་སྐྱོན་འདི་ཤོར་སོང་ཞེས་རྩི་རྒྱུ་མེད་ཅེས་བཤད། ང་ཞིང་ཁ་ནས་ལོ་གསུམ་ལ་བསྡད། 

སྤྱི་ལོ་༡༩༦༢ལོར་སླར་ཡང་ནགས་རྒན་ལ་ཡོང་ནས་འབྲུ་མཛོད་ཁང་གི་བདག་གཉེར་བ་བྱས། ༦༣ལོར་ནས་དགོན་པའི་ཆོས་སྒོ་ལོ་ཁ་ཤས་ལ་ཕྱེས། ཕྱི་ལོ་༢༩༨༡ ལོ་ནས་སྲིད་ཇུས་ཇེ་བཟང་ལ་སོང་བར་ཁོང་དང་ཁོང་གི་སྐུའི་གཅེན་པོ་བཤེས་གཉེན་ཆེན་མོ་ཚུལ་ཁྲིམས་འོད་ཟེར་ཚང་། ཨ་ལགས་ཆུ་ཀྱཱ་ཚང་།ཨ་ལགས་བྲག་དཀར་ཚང་སོགས་བླ་མ་དགེ་བའི་བཤེས་གཉེན་བཅུ་ཕྲག་འགས་བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་ཐུགས་ལ་དགོངས་ནས་དགོན་པའི་ཆོས་སྒོ་ཡང་བསྐྱར་ཕྱེས། 

དེ་ནས་བཟུང་ཁོང་གིས་དགོན་པའི་གྲྭ་བ་གསར་རྙིང་ཀུན་ལ་དགོན་པའི་འདོན་རྟ་དབྱངས་གསུམ་( སྨོན་ལམ་ཆེན་མོའི་འདོན་པ་ཆ་ཚང་དང་དབྱངས་ཆ་ཚང་། བཅུ་བའི་ལྔ་མཆོད་ཀྱི་འདོན་རྟ་ཆ་ཚང་། བསྐང་གསོ་ཡི་འདོན་རྟ་ཡོངས་རྫོགས། ཟླ་ཆོས་ཀྱི་འདོན་རྟ་ཆ་ཚང་དང་ཆོ་ག་ཕྱག་ལེན། ཚོགས་བརྡ་གཏོང་སྟངས་ལ་སོགས་མ་ལུས་པར་བསླབས། ད་དུང་དགོན་པའི་བླ་སྤྲུལ་དང་དགེ་འདུན་པ་ཕལ་ཆེ་བར་དགོན་པའི་ཚོགས་འདོན་ཆ་ཚང་དང་ཁོང་ཐམས་ཅད་མཁྱེན་པའི་བདེ་ལམ་སོགས་ཀྱི་བཤད་ལུང་གནང་བ་དང་ཞོར་དུ་རྩིས་དཀར་ནག་དང་སུམ་རྟགས་དག་གསུམ་བསླབ་བྱ་སོགས་སློབ་ཁྲིད་གནང་ཞིང་། རང་དགོན་དང་བྲག་དཀར་ཐར་སྟོང་དགོན། ས་སྣ་དགོན། མཚོ་སྔོན་པོ་ལྷ་མོ་དྲེལ་དགོན། གསེར་ཆེན་རྫོང་འཁྱམ་རུ་དགོན་སོགས་དང་ཕྱོགས་ཡས་མས་ནས་ཕེབས་པའི་བསྒྲུབ་བྱ་ཕོ་མོ་སྟོང་ཕྲག་དུ་མར་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་སོགས་བསླབ་པའི་གཞི་ལ་བཀོད། ཨ་ཁུ་རིན་པོ་ཆེ་དགུང་ལོ་ང་དགུ་དྲུག་བཅུ་ཡས་མས་སུ་ཨ་ལགས་ཆུ་ཀྱཱ་རིན་པོ་ཆེས་རྒྱབ་སྐྱོར་འོག་ཁོང་གིས་ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་བརྟེན་དང་རྟེན་པར་ཐུགས་བཀོད་མཛད་དེ་ལེགས་པར་གྲུབ་པ་དང་དགོན་པའི་མཆོད་རྟེན་བརྒྱད་པ། རྗེ་དྲིན་མཆོད་རྟེན་སོགས་ལ་ཐུགས་བཀོད་མཛད།

ཕྱི་ལོ་༡༩༨༦ལོར་སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་རྗེ་བཙུན་༧བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་གི་ལུང་བསྟན་དུས་སུ་བབས་ཏེ་ཨ་ལགས་ཆུ་ཀྱཱ་རིན་པོ་ཆེ་ནས་དྲི་མེད་ཀྱི་ལྷ་དར་དང་བཅས་༧སྐུ་ཕྱོགས་སྐུ་ཕྲེང་བཞི་བའི་ཡོངས་འཛིན་ལ་མངའ་གསོལ་མཛད། དགོན་པའི་གྲྭ་ཚང་མང་ཆེ་བའི་དགེ་རྒན་ཡིན་པ་མ་ཟད་ད་དུང་ཨ་ལགས་ཁ་ཀྱཱ་ཚང་། ཨ་ལགས་ཁོ་ནག་ཚང་། ཨ་ལགས་གཙང་བ་ཚང་། ཨ་ལགས་རྡོ་རམས་ཚང་། ཨ་ལགས་རྒྱ་བཟའ་ཚང་། ཨ་ལགས་དཀར་དམར་ཚང་། ཨ་ལགས་ཚྭ་བ་ཚང་། ཨ་ལགས་དྲུང་ཡིག་ཚང་། ཨ་ལགས་ས་སྐྱ་ཚང་སོགས་སྤྲུལ་སྐུ་ཕལ་མོ་ཆེའི་ཡོངས་འཛིན་དུ་བཞུགས་པ་དང་།  ཨ་ཁུ་རིན་པོ་ཆེ་དགུང་ལོ་དྲུག་བཅུ་རེ་གཅིག་ནས་བཟུང་ལོ་རེ་རེའི་དབྱར་གནས་སྐབས་བྲག་དཀར་ཐར་སྟོང་དགོན་དུ་ཕེབས་ཏེ་དགོན་པ་དེ་ཀར་འཇིགས་བྱེད་བདག་འཇུག བདེ་མཆོག་བདག་མདུན་བུམ་གསུམ་དང་བཅས་པ།བདུན་པའི་མཆོད་པ།བཅུ་བའི་ལྔ་མཆོད། དུས་བཟང་རེ་རེར་ཚོགས་ཡར་འཚོགས་མར་གྲོལ། སྒོ་དབྱངས། ཚོགས་བརྡ་གཏོང་སྟངས། ནབ་བཟའ་མནབ་སྟངས། བཞེངས་སྟངས་བཞུགས་སྟངས་སོགས་བླ་མ་རྡོ་རྗེ་འཆང་གི་ཕྱག་ལེན་ཇི་མ་ཇི་བཞིན་རང་དགོན་ཐོས་བསམ་གླིང་ལྟར་གསར་དུ་བཙུགས། དེར་ཡང་ཁོང་ཐམས་ཅད་མཁྱེན་པའི་བདེ་ལམ་དང་བདེ་མཆོག འཇིགས་བྱེད་སོགས་དགོན་པའི་ཚོགས་འདོན་ཆ་ཚང་གི་ལུང་གནང་བ་དང་སྐལ་ལྡན་གྱི་སློབ་བུ་མང་བོ་བསླབ་པའི་གཞིར་བཀོད།

 སྤྱི་ལོ་༡༩༨༡ལོ་ནས་དགོན་པའི་ཆོས་སྒོ་ཡང་བསྐྱར་ཕྱེས་པ་ནས་སྤྱི་ལོ་༡༩༩༤ལོའི་བར་དུ་སྐུའི་གཅེན་པོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཚུལ་ཁྲིམས་འོད་ཟེར་ཚང་གི་ཞལ་སྔ་ནས་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་ལ་རྒྱུན་ཆགས་སུ་ཕེབས་ཏེ་དཔེ་གཟིགས་རྣལ་མ་གནང་བ་དང་ལོ་རེ་རེའི་དགུན་ཁར་གསང་བདེ་འཇིགས་གསུམ་དང་སྨན་བླ་རིགས་གསུམ་སྤྱི་སྒྲུབ་བཅས་ཀྱི་སྐུ་མཚམས་དམ་པོར་བཞུགས་ཏེ་མཎྚལ་འབུལ་པ་སོགས་བསགས་སྦྱང་གི་ལས་འབའ་ཞིག་གནང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་དུས་འཁོར་བ་སྨད་སོག་བཛྲ་ཚང་གི་མདུན་ནས་རྩིས་དང་སྒྲ་སོགས་ལ་སྦྱངས་པ་མཛད། སྤྱི་ལོ་༡༩༩༤ཡས་མས་སུ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་ཀྱི་སློབ་དཔོན་ལ་བཞུགས་པར་གསོལ་བ་ཡང་ཡང་བཏབ་པ་དང་དེར་བཞུགས་ན་ལས་བྱེད་ཀྱི་ལག་རྟགས་དང་ཕོགས་དངུལ་ཧ་ཅང་མང་བོ་འབུལ་བར་ཞུས་ཀྱང་ཁོང་གིས་བ་ན་མ་བ་ན་རང་གི་བླ་མའི་གདན་ས་འདིར་འདུག་དགོས”ཞེས་དང་དུ་མ་བླངས།

བོད་རབ་བྱུང་བཅུ་བདུན་པའི་ས་བྱི་སྟེ་སྤྱི་ལོ་༡༩༩༥  དགུང་ལོ་༦༩བཞེས་པ་ཧོར་ཟླ་བདུན་པའི་ཚེས་གཅིག་ཉིན་བླ་མ་རྡོ་རྗེ་འཆང་གིས་ལུང་བསྟན་བཞིན་སྡེ་བའི་རྒྱལ་ཡུམ་སྒྲོལ་མར་བསྟེན་པའི་སྟོང་མཆོད་ལོ་རེ་རེ་འཛིན་པའི་ཆོས་ཐོགས་ཆེན་མོ་བཙུགས་ཏེ་ཧང་གཞོངས་ལུང་བར་དམ་པའི་ཆོས་ཀྱི་ཞིང་ས་རུ་གྱུར་བ་དང་། ཁོང་གིས་སྔ་ཕྱིར་ནགས་རྒན་སྡེ་བར་རྟེན་གྱི་གཙོ་བོ་བྱང་ཆུབ་མཆོད་རྟེན་དང་མ་ཎི་འཁོར་ལོ་སོགས་བཞེངས་སྐྲུན་གནང་ཞིང་། ༢༠༡༦ལོར་ནགས་རྒན་སྡེ་བར་མ་ཎི་ཆོས་ཐོགས་འཛིན་པའི་གཞི་རུ་འདུ་ཁང་ཆེན་མོར་ཐུགས་བཀོད་གནང་སྟེ་བཞེངས་སྐྲུན་ལེགས་པར་གྲུབ་པ་དང་ད་ལྟ་དགུན་དུས་སུ་ཁོང་དེ་རུ་རྒྱུན་བཞུགས་གནང་སྟེ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་བཞུགས་སོ།།

ཁོང་གིས་ཕྱི་ལོ་༢༠༠༡ལོར་མགོ་སེང་ལྡེང་སྡེ་བ་ནས་༧སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ལ་དམིགས་ཏེ་བྲག་དཀར་རྫོང་དང་འབའ་རྫོང་བཅས་རྫོང་ཁག་གཉིས་དང་སྡེ་བ་ཉི་ཤུ་ལྷག་མཉམ་དུ་འཛོམས་ཏེ་འཚོ་བ་དཀར་གསུམ་ལ་བརྟེན་ནས་ལོ་རེ་རེ་བཞིན་ཉིན་བདུན་གྱི་རིང་ལ་མ་ཎི་དུང་ཕྱུར་གཉིས་རེ་དང་ལོ་གཅིག་གི་རིང་ལ་མ་ཎི་དུང་ཕྱུར་ལྔ་ནས་དྲུག་བསྒྲུབས་དང་སྒྲུབ་བཞིན་པ་ལགས།

དགུང་ལོ་བརྒྱད་ཅུའི་བར་དུ་དགོན་པར་བཞུགས་ནས་དེར་གྲྭ་ཚང་ཡོངས་ལ་༧ཁོང་ཐམས་ཅད་མཁྱེན་པའི་ཕྱག་བཞེས་བཞིན་ལུང་དང་བཀའ་ཆོས་མོད་པོ་བསྩལ་ཏེ་བཞུགས་པ་དང་དགུང་ལོ་བརྒྱད་ཅུ་ནས་གོ་བདུན་བར་དུ་བྱ་བ་མཐའ་དག་བཏང་སྟེ་སྐུ་ཡུལ་ནགས་རྒན་ཏཱ་རེ་གསེར་གཞོངས་སུ་སྒྲུབ་པ་རྩེ་གཅིག་གཞོལ་བ་དང་དགུང་ལོ་གོ་བདུན་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་སོ་དྲུག་པ་ཆུ་ཕོ་སྟག་ལོའི་སྤྱི་ལོ 2022.12.29ཧོར་ཟླ12བའི་ཚེས་7གྱི་ཞོགས་པའི་དུས་ཚོད་4དང་40སྟེང་སྐུ་ཞི་བར་གཤེགས།

ཁོང་གི་གསུང་རྩོམ་ལ་རང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་ཟུར་ཡིག  དགོན་པའི་གདན་རབས། ཧང་གཞོངས་གསེར་སྨུག་ལྗོངས་གཙོས་དྲུག་པའི་མ་ཎི་དུང་སྒྲུབ་ཀྱི་བཅའ་ཡིག་འདོད་འཇོ་ནོར་བུའི་འཕྲེང་མཛེས།   ཐུབ་བསྟན་དར་རྒྱས་གླིང་གི་བཅའ་ཡིག  ནགས་རྒན་སྟོང་མཆོད་ཀྱི་བཅའ་ཡིག བསངས་མཆོད་ཀུན་བཟང་མཆོད་སྤྲིན།   གནས་ཀྱི་བསྟོད་པ། བསླབ་བྱ། གསུང་ཐོར་བུའི་སྐོར་བཅས་ཀྱི་ལྗགས་རྩོམ་གནང་བ་མང་ངོ།།

ཕྱི་ལོ་༢༠༢༣ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་སྤྲེལ་རྫོང་ཡོན་ཏན་ལྷུན་གྲུབ་ཀྱིས་ཡི་གེར་བཀོད་པའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།