བུ་དགུ་དགོན་པའི་དགེ་བའི་བཤེས་གཉེན་ཨ་འཕུར་བསྟན་འཛིན་ཟླ་གྲགས་རྒྱ་མཚོ།
ཨ་འཕུར་བསྟན་འཛིན་ཟླ་གྲགས་རྒྱ་མཚོ་ལགས་ནི།གཙང་སྔགས་ཆེན་རྗེ་ཆོས་འཕེལ་རྒྱ་མཚོ་ལས་རབ་ཏུ་བྱུང་།གཙང་དགོན་པའི་ཚོགས་གྲལ་དུ་ཞུགས་ནས་རི་ཤེ་མཁན་ཆེན་པ་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་དང་།རྗེ་སྔགས་ཆེན་ཆོས་འཕེལ་རྒྱ་མཚོ་སོགས་གཙུག་གི་རྒྱན་དུ་བསྟེན་ནས་བསྡུས་གྲྭ་བློ་རྟགས་གྲུབ་མཐའ་དབུ་ཕར་གཙོས་སྒྲ་སྙན་ངག་རྩིས་དཀར་ནག་སོགས་ཐུན་མོང་རིག་གནས་རྣམས་ལ་སྦྱངས་པ་མཛད།
དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་མདོ་རྒྱུད་རིག་གནས་ཀུན་ལ་སྔར་ལས་ཀྱང་ཉིན་མཚན་ཟུང་སྦྲེལ་ཐུགས་བརྩོན་ཆུ་བོའི་རྒྱུན་བཞིན་མཛད།
དེ་ནས་དགུང་ལོ་ཉེར་བདུན་སྟེང་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཕེབས་ནས་རིགས་སྨྲ་སྟོང་ཕྲག་དུ་མའི་ཁྲོད་ནས་མདོ་རྒྱུད་རིག་ཀུན་ལ་ཐུགས་བརྩོན་མཐར་ཕྱིན་པ་མཛད་དེ་དབུ་མ་དང་ཕར་ཕྱིན་རབ་འབྱམས་པའི་མཚན་རྟགས་བཞེས།རབ་རྒྱན་མེ་གླང་ལོར་ཨ་འཕུར་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་དུ་ངོས་འཛིན་གནང་།
ཁོང་གིས་རོང་བོ་བུ་རྒུ་དགོན་ཐོས་བསམ་བྱང་ཆུབ་གླིང་གི་འཆད་ཉན་ཡར་བསྐུལ་ཞབས་ཕྱིའི་ཐེབས་སུ་མཚན་ཉིད་ཡར་བསྐུལ་ཐེབས་རྩ་ཚོགས་པ་ཞེས་པ་གསར་འཛུགས་གནང་བས་ད་ལྟ་དགོན་པའི་འཆད་ཉན་ལ་རམ་འདེགས་བླ་མེད་སྒྲུབ་ཀྱིན་ཡོད།
སྤྱི་ལོ་༢༠༡༡ལོར་ཁོང་གིས་དབུ་ཁྲིད་འོག་མདོ་སྨད་ཡུལ་གྱི་དབུ་མའི་བགྲོ་གླེང་ཆེན་མོ་ཐེངས་དང་བོ་རོང་བོ་བུ་རྒུ་དགོན་ཐོས་བསམ་བྱང་ཆུབ་གླིང་དུ་གསར་དུ་ཚུགས་པ་སོགས་བསྟན་པ་རིན་པོ་ཆེ་ལ་ཞབས་ཕྱི་གང་ལེགས་མཛད།
དེ་ནས་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཕེབས་ནས་གཞུང་ཆེན་བཀའ་པོད་ལྔའི་གཙོས་གནའ་དེང་གི་སྦྱངས་བྱ་རབ་འབྱམས་ལ་ཐུགས་གཉེར་ཡང་དག་པར་མཛད་ནས་མཐོ་རམས་པའི་ཡོན་གནས་དམ་བཅའ་ལེགས་པར་མཛད་སྐབས་ཁོང་གིས་ཨང་དང་པོའི་ཕྱག་རྟགས་བཞེས།
ད་ལྟ་རོང་བོ་བུ་རྒུ་དགོན་པའི་འཆད་ཉན་དགེ་རྒན་ཆེན་མོ་དང་།ཕྱོགས་ཡས་མས་ཀྱི་རིགས་སྨྲ་མང་བོར་མདོ་རྒྱུད་རིག་པའི་འཆད་ཁྲིད་ཀྱིས་བྲེལ་བ་དང་།རོང་བོ་སྡེ་གསུམ་གྱི་མཐུན་སྒྲིལ་སྲ་བརྟན་དང་ཤེས་རིག་དར་སྤེལ་སོགས་ལ་དམིགས་ནས་སྤྱི་ཚོགས་ཤེས་ཡོན་འཕེལ་རྒྱས་ཐེབས་རྩ་ཚོགས་པ་གསར་འཛུགས་པ་གནང་བའི་མཚོན་དུས་བསྟུན་དམངས་ཕན་གྱི་ཕྱག་ལས་ཀྱང་རྒྱ་གང་ཆེ་སྤེལ་བཞིན་བཞུགས་པ་ལགས་སོོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn