རྗེ་བཙུན་༧རྔ་བ་གྲགས་པ་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-05-30 22:00:08     རྩོམ་པ་པོ།   རྐྱང་ཚ་དགེ་འདུན་སྐལ་བཟང་།    ཀློག་ཐེངས།  

 

微信图片_20170530215300.jpg

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་༧རྔ་བ་གྲགས་པ་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ༎

                                                           དཔའ་ལུང་།                       རྐྱང་ཚ་དགེ་འདུན་སྐལ་བཟང་།

དེ་ཡང་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ། མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བའི་སེང་ཆེན། གདམས་ངག་བྱེ་བའི་གཏེར་མཛོད། ལུང་དང་རིགས་པའི་དབང་ཕྱུག མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྡོ་རྗེ་འཆང་རྗེ་བཙུན་༧རྔ་བ་གྲགས་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི།   མདོ་སྨད་ལྷོ་རྒྱུད་རྔ་ཡུལ་གསེར་མོ་ལྗོངས་ཨ་རན་ཚོ་དྲུག་གི་ཡ་གྱལ་སྣ་ཤུལ་སྡེ་བར་ཕྱི་ལོ་༡༩༣༨ལོར་སྐུ་འཁྲུངས། དགུང་ལོ་དྲུག་གི་སྟེང་ཡབ་ཀྱི་དྲུང་ནས་ཕྲལ་སྦྱོར་གྱི་ཀློག་བསླབས།

དགུང་ལོ་བཅུ་གཅིག་གི་སྟེང་དུ་དགེ་བའི་བཤེས་གཉེན་ཆེན་པོ་འདུལ་འཛིན་དམ་པ་རྗེ་ཡེ་ཤེས་རྒྱ་མཚོའི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་ཆོས་སྡེ་ཆེན་པོ་རྔ་ཡུལ་སྒོ་མང་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཆོས་སྒོར་ཞུགས། དགུང་གྲངས་བཅུ་བཞིའི་སྟེང་དུ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས།

དགེ་བའི་བཤེས་གཉེན་ཆེན་མོ་སྤྲེལ་རྫོང་འོད་ཟེར་ཚང་དང་། རྗེ་བཙུན་འཇིགས་མེད་རྒྱ་མཚོ་ཚང་། རྗེ་བཙུན་རྔ་བ་སྦྱིན་པ་རྒྱ་མཚོ་དཔལ་བཟང་བོ་སོགས།  འཇམ་དབྱངས་མི་ཡི་གར་དུ་ཟློས་པའི་དགེ་བའི་བཤེས་གཉེན་མང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་ཆ་བ་ཆོས་ཀྱི་སེང་གེ་ནས་བརྒྱུད་པའི་བསྡུས་གྲྭའི་གསང་ཚིག་མཐའ་དག་ཁོང་དུ་ཆུད།

དགུང་ལོ་ཉེར་གཅིག་སྟེ་ཕྱི་ལོ་༡༩༥༨ལོར་བསྟན་པའི་གོད་ཆག་ཆེན་མོ་བྱུང་བས་འཁྲུངས་ཡུལ་དུ་ངལ་རྩོལ་ལ་ཞུགས། ཕྱི་ལོ་༡༩༦༢ལོར་བླ་བྲང་དགོན་དུ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བསྟན་འཛིན་རྒྱ་མཚོ་བས་མཁན་པོ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསླབ་པ་ཡོངས་སུ་རྫོགས་པའི་ཚིགས་གོང་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་བཞེས། སྐབས་དེར་ཚད་མ་སྡེ་བདུན་སོགས་ལ་བསླབས་པས་རིགས་པ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། སྐུ་ན་གཞོན་དུས་ནས་བཟུང་བརྐྱངས་ཕྱག་འབུམ་ཕྲག་དུ་མས་མཚོན་ཚོགས་གསོག་སྒྲིབ་སྦྱོང་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་བརྩོན་པ་གནང་།

ཕྱི་ལོ་༡༩༨༡ལོ་ནས་ཕར་ཕྱིན་དང་དབུ་མ། མཛོད། འདུལ་བ་རྣམས་ལ་སློབ་གཉེར་རྡོ་རུས་ཐུག་པ་མཛད་ཅིང་གསང་ཆེན་རྒྱུད་སྡེ་བཞི་ལའང་སློབ་གཉེར་མཐར་ཕྱིན་པ་གནང་བས་མཁས་པའི་གྲགས་པ་འབར། སྔ་ཕྱིར་གུང་ཐང་བསྟན་པའི་དབང་ཕྱུག་ཚང་། སྐྱབས་རྗེ་དམུ་དགེ་བསམ་གཏན་ཚང་། རྡོ་རྗེ་འཆང་ལཱ་མོའི་ཡོངས་འཛིན་རིན་པོ་ཆེ། བདེ་ཐང་ཞབས་དྲུང་དཔལ་བཟང་པོ་སོགས་ལས་ལམ་སྔགས་གཉིས་ཀྱི་བཤད་ལུང་། འགྲེལ་བ་བཞི་སྦྲགས། སྒྲུབ་ཐབས་རིན་འབྱུང་སོགས་ལུང་ཁྲིད་མན་ངག་གིས་བསྡུས་པའི་བཀའ་ཆོས་ཀྱི་རྒྱུན་གང་བཞུགས་ཐམས་ཅད་མ་ཚང་བ་མེད་པ་ལྟ་བུ་གསན་ཅི་ཐུབ་མཛད།

ཡང་དར་བསྟན་པའི་མེ་རོ་གསོས་པ་ནས་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་བྱམས་པ་གླིང་། རྔ་ཡུལ་སྒོ་མང་དགོན། ལ་མོ་བདེ་ཆེན་དགོན། དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་དགོན། རྔོག་རྒྱལ་མོ་དགོན། བྲག་དཀར་སྤྲེལ་རྫོང་དགོན། ཚ་གན་བེ་ཤིང་དགོན། པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་སོགས་དགོན་སྡེ་དང་སློབ་གླིང་དུ་མར་མདོ་སྔགས་རིག་གསུམ་གྱིས་བསྡུས་པའི་འཆད་ཉན་གྱི་རྒྱུན་སྤེལ་ཏེ་རྒྱལ་བསྟན་དར་ཞིང་རྒྱས་པར་མཛད།

དགུང་གྲངས་རེ་གཅིག་ནས་རྒྱུད་སྟོད་དང་རྒྱུད་སྨད་ཀྱི་མཁན་པོ་ལོ་གསུམ་རེ་སྟེ་ལོ་དྲུག་ལ་མཛད། གསུང་གི་སྐོར་ལ་ལམ་རིམ་དང་སྡོམ་གསུམ་བསླབ་བྱ། ཕར་ཕྱིན། དབུ་མ། མཛོད། འདུལ་བ། ཟུར་བཀོལ་བཞི་བཅས་ཀྱི་ཟིན་བྲིས་སོགས་པོ་ཏི་གཉིས་དང་གཞུང་ཆེན་བཀའ་པོད་ལྔའི་བཀའ་ཁྲིད་སྒྲ་བླངས་པ་ཆ་ཚང་བཅས་བཞུགས་སོ། །

སྐུ་ཚེ་གང་བོར་བསྟན་པ་དང་འགྲོ་བའི་ཆེད་དུ་གཞན་དོན་འབའ་ཞིག་ལ་གཞོལ་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགུང་གྲངས་དོན་གསུམ་སྟེ་ཕྱི་ལོ་༢༠༡༠ལོའི་ཧོར་ཟླ་༥བའི་ཚེས་༥ལ་མྱ་ངན་ལས་འདས་པའི་ཚུལ་མཛད་དོ༎

ཞེས་པ་འདི་ནི་མགོན་པོ་མཆོག་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་བདུན་འཁོར་བའི་གདུང་མཆོད་ཀྱི་ཉིན་མོར་རྐྱང་ཚ་དགེ་འདུན་སྐལ་བཟང་དུ་འབོད་པས་སྦྱར་བ་འདིས་ཀྱང་ཚེ་རབས་ཐམས་ཅད་དུ་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག

འཁྲུལ་བྲལ་དགེ༵་ལྡ༵ན་བསྟན་པའི་ཉིན་བྱེད་ཀྱི༎

བཀྲ༵་ཤི༵ས་གཟི་འོད་ཕྱོགས་བཅུར་འཕྲོས་པ་ཡིས༎

རབ་བཞད་བཤད་སྒྲུབ་ཆོ༵ས་སྡིང༵ས་པད་དཀར་ཚལ༎

སྐལ་བཟང་བུང་བ་རྩེན་པའི་གླི༵ང་ནས་སྤེལ༎

 

微信图片_20170530215249.jpg

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                   དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།