རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་དཔལ་བཟང་བོའི་མཚམས་སྦྱོར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-20 08:44:01     རྩོམ་པ་པོ།   སྒྱིས་ཚང་སྐལ་བཟང་ཡར་འཕེལ།    ཀློག་ཐེངས།  

bb656d8227dd8b2528acf0163dfbb4f6.jpg

༄༅། །འཇིགས་མེད་རྒྱལ་ཀུན་མཁྱེན་བརྩེའི་ཕུང་བོ་ནི།  །དུས་མཐར་ངུར་སྨྲིག་དཔལ་ལྡན་ཟློས་གར་གྱིས། །གདུལ་བྱ་རྒྱ་མཚོའི་མགོན་གཅིག་དགེ་བའི་བཤེས།  །ད་དུང་བྱང་ཆུབ་བར་དུ་བརྩེ་བས་སྐྱོངས།  །
        དེ་ཡང་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་འདིར། མཁས་གྲུབ་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་དབུས་ན་མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་མཚན་སྙན་གྱི་བ་དན་དཀར་བོ་སྲིད་པ་གསུམ་ན་མངོན་པར་གཡོ་བའི་དཔལ་ལྡན་བླ་མ་དམ་པ་༧རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི། མདོ་སྨད་གཙོས་གྲོང་ཁྱེར་གྱི་ཁོངས་གཏོགས་ཁ་གྱ་སྟོད་ཀྱི་སྟག་ལུང་ཕུ་རུ། ཨ་ཁྱུང་འབྲོག་པ་ཚང་ཞེས་པར་ཡབ་ཚེ་རིང་སྐྱབས་དང་ཡུམ་སྒྲོན་གོ་ཞེས་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་རྒྱུད་དུ། རབ་བྱུང་བཅུ་དྲུག་པའི་འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོའི་མགོ་ཟླ་བའི་ཚེས་བཅུ་དྲུག་ཉིན་སྐུ་བལྟམས། ཡབ་ཡུམ་གཉིས་ལ་སྲས་གསུམ་བྱུང་བ་ལས་དམ་པ་འདི་ཉིད་འབྲིང་བོ་ཡིན་ཞིང་མཚན་ལ་ཟླ་བ་རྒྱལ་མཚན་ཞེས་གསོལ།
        དགུང་ལོ་བདུན་ལ་སླེབས་པ་ཤིང་སྤྲེལ་ལོར་གནམ་ལྷའི་སྒར་སར་གྱི་སྔགས་རམས་པ་དཀོན་མཆོག་ཚང་གི་སྤྱན་སྔ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་མཚན་ལ་དཀོན་མཆོག་དཔལ་ལྡན་ཞེས་གསོལ་བ་དང་སྨན་ལུང་དགོན་པར་ཚོགས་ཞུགས་གནང་།དགུང་ལོ་བརྒྱད་ལ་སླེབས་པ་ན་བཀྲ་ཤིས་འཁྱིལ་དུ་བདེ་ཐང་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་སྤྱན་སྔར་ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབས་ཤིང་མཚན་ལ་དཀོན་མཆོག་རྒྱ་མཚོར་གསོལ། སྨན་ལུང་དུ་༧ཨ་ལགས་བླ་ཁོ་རིན་པོ་ཆེའི་དངོས་སློབ་སྨན་ལུང་འཇམ་དབྱངས་ཞེས་པ་ཀློག་སློབ་པའི་དགེ་རྒན་དུ་བསྟེན་ཅིང་། མགོ་ཀ་ཁ་ནས་བཟུང་སྨོན་ལམ་ཆོས་སྤྱོད་ཀྱི་རིམ་པ་ཐམས་ཅད་ཐུགས་འཛིན་གནང་། ཁྱད་པར་དུ་དགོན་པ་དེའི་འདོན་ཆའི་གཙོ་བོ་མི་འཁྲུགས་པའི་བདག་མདུན་བུམ་གསུམ་བདག་འཇུག་དང་བཅས་པ་དང་། ཚེ་དཔག་མེད་ལྷ་དགུའི་བདག་མདུན་བུམ་གསུམ་བདག་འཇུག་དང་བཅས་པ། སྨན་བླ་རིང་བ། ཀུན་རིག འཇིགས་བྱེད་ལྷ་བཅུ་གསུམ་མ།འཇིགས་བྱེད་དཔའ་གཅིག མགོན་ཆོས་ལྔ། གསེར་ཞུན་མ་སོགས་གྲྭ་ཚང་དེའི་འདོན་རྒྱུགས་གང་ཡོད་གདངས་དབྱངས་ཕྱག་རྒྱ་དང་བཅས་པ་དགུང་ལོ་དགུའི་ཐོག་ཚོགས་རྒྱུགས་སུ་རྫོགས་པར་ཕུལ་བ་མ་ཟད། དགེ་རྒན་དེའི་མདུན་ནས་ཡི་གེ་འབྲི་ཀློག་དང་སྔགས་ཀྱི་བཀླག་ཐབས། ལས་བཞིའི་སྦྱིན་སྲེག་གི་ཐིག་རྩ། གཏོར་མ་བཅའ་བཟོ་ཚུན་ཆད་དམ་པ་རྣམས་ཀྱི་ཕྱག་བཞེས་བཞིན་བྱང་ཆུབ་པར་གསན་བཞེས་གནང་བས། དེར་བཞུགས་པའི་མཐོ་དམན་ཀུན་གྱིས་ངོ་མཚར་དུ་འཛིན་ཅིང་དགའ་གུས་ཡི་རངས་བྱ་བའི་གནས་སུ་གྱུར། 
        དགུང་ལོ་བདུན་ནས་བཅུའི་བར་དུ་རིགས་ཀུན་ཁྱབ་བདག་༧བདེ་ཐང་མཁན་རིན་པོ་ཆེ་སྨན་ལུང་དུ་ཕེབས་ནས་དབང་རྗེས་གནང་། ཁྲིད་བཤད་ལུང་བཅས་འདོད་ཆོས་མང་དུ་བསྩལ་བ་གསན་བཞེས་མཛད། 
        དགུང་ལོ་བཅུ་གཅིག་པ་ཀུན་འཛིན་ཞེས་པ་ས་བྱི་ལོར་རྐྱེན་དབང་ཞིག་གིས་གནམ་ལྷའི་དགོན་པར་ཚོགས་ཞུགས་མཛད་དགོས་བྱུང་བ་དང་། དགེ་རྒན་དགེ་སློང་བསོད་ནམས་རྒྱ་མཚོ་ཚུལ་བཞིན་བསྟེན་ཅིང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་འདོན་པ་བདེ་གསང་འཇིགས་གསུམ་གྱི་བདག་མདུན་བུམ་གསུམ་བདག་འཇུག་དང་བཅས་པ། གསང་འདུས་རྩ་རྒྱུད། མགོན་ཆོས་ཀྱི་དབྱངས་སོགས་དགོན་པ་དེའི་འདོན་ཆ་གང་ཡོད་ལོ་གཅིག་གི་ནང་ཐུགས་འཛིན་བྱང་ཆུབ་པར་མཛད་ཅིང་ཚོགས་རྒྱུགས་སུ་རྫོགས་པར་ཕུལ་བས་མཚན་སྙན་ཆེས་ཆེར་རྒྱས་པར་གྱུར། 
        དགུང་གྲངས་བཅུ་གཉིས་སྟེང་སྐྱབས་མགོན་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་དཀོན་མཆོག་བསམ་འགྲུབ་ཚང་གནམ་ལྷར་ཕེབས་ནས་དབང་རྗེས་གནང་། ཁྲིད་བཤད་ལུང་སོགས་མང་དུ་བསྩལ་བ་གསན་པར་མཛད།དགུང་ལོ་བཅུ་གསུམ་པ་ལྕགས་སྟག་ལོར། མདོ་སྨད་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱག་ཕེབས་ཤིང་། ཞང་བོ་ཨ་ཁུ་འཇིགས་མེད་མི་ལ་ཞེས་པ་གནས་ཀྱི་བླ་མར་བསྟེན། བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ཤིང་ཚོགས་ཆེན་ཁྲི་རིན་པོ་ཆེ་ཧོར་གཙང་གསེར་ཁྲི་ཚང་ལ་ངོ་སྟོན་ཞུས་པས། དགེ་རྒན་དགེ་བའི་བཤེས་གཉེན་ཆེན་པོ་ཐེ་བོ་བློ་བཟང་རྒྱ་མཚོ་ཚང་གནང་། དགའ་ལྡན་ལྔ་མཆོད་ཆེན་མོའི་ཆོས་ཐོག་ལ་མཁས་གྲུབ་བྱེ་བའི་བསྟི་གནས། རྨད་བྱུང་ཐོས་བསམ་གླིང་གི་བསྡུས་ཆེན་འཛིན་གྲྭ་ནས་ཞུགས་ཤིང་བསེའི་བསྡུས་གྲྭ་ཐུགས་འཛིན་གནང་། 
        དགུང་ལོ་བཅུ་དྲུག་སྟེང་འཛིན་གྲྭ་ཁ་དོག་དཀར་དམར་ལ་བབས་ཤིང་། འཇམ་མགོན་སྡེ་ཁྲི་རིན་པོ་ཆེ་ཚོགས་ཞུགས་གནང་བ་དང་འགྲིག་པས་འཛིན་གྲྭ་དེའི་སྐྱོར་དཔོན་མཛད། དེ་ནས་དགེ་རྒན་རིན་པོ་ཆེའི་དྲུང་ནས་བསེ་བསྡུས་གྲྭ་དང་ར་བསྡུས་གྲྭ། ས་ལམ་རྣམ་བཞག གྲུབ་མཐའ་རིན་འཕྲེང་། གྲུབ་མཐའ་རྩ་བའི་འགྲེལ་བ་ཚིག་ཊཱིཀ་ཤེལ་དཀར་མེ་ལོང་། བློ་རྟགས་གཉིས་སོགས་ཀྱི་དཔེ་ཁྲིད་རིགས་ལམ་ཕྲ་མོ་དང་བཅས་པ་གསན་སྦྱངས་མཐའ་ཆོད་པར་མཛད་ཅིང་ཉིན་མཚན་ཀུན་ཏུ་རྟག་གུས་ཀྱི་སྦྱོར་བ་ཕལ་བའི་བློ་ལ་མི་ཤོང་བ་ལྟ་བུ་གནང་འདུག དེ་དག་གི་སྐབས་སུ་ཐུགས་འཛིན་ལ་ཡང་བརྩོན་པ་ལྷོད་མེད་གནང་བ་སྟེ། བསྡུས་གྲྭའི་རྩ་ཚིག་དང་གྲུབ་མཐའ་རིན་འཕྲེང་། ས་ལམ་རྣམ་བཞག རྣམ་འགྲེལ་རྩ་བ། བྱམས་ཆོས་སྡེ་ལྔ། བྱང་ཆུབ་ལམ་སྒྲོན་བཅས་བྱང་ཆུབ་པར་ཐུགས་ལ་བཟུང་ནས་དག་གསལ་སྙན་གསུམ་གྱིས་ཚོགས་རྒྱུགས་སུ་འབུལ་བར་མཛད། སྔ་ཕྱིར་ ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་སྤྱན་རས་གཟིགས་ཕྱག་བཞི་བའི་དབང་གནང་བ་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནས་དུས་འཁོར་ལྷན་སྐྱེས་ཀྱི་དབང་གནང་བ་གསན་བཞེས་གནང་། མ་ཧཱ་པཎྜི་ཏ་ཆེན་པོ་དགེ་བའི་བཤེས་གཉེན་ཨ་ཁུ་ལྷ་མོའི་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་སུམ་རྟགས་གཉིས་ཀྱི་དཔེ་ཁྲིད་ཞིབ་རྒྱས་དང་། ཨ་ཁུ་བློ་གྲོས་ཚང་གི་བསྡུས་གྲྭའི་དཔེ་ཁྲིད་གནང་བ་གསན་པར་མཛད། རྒྱ་ཞབས་དྲུང་རིན་པོ་ཆེའི་དྲུང་ནས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་བཤད་ལུང་གསན་པ་དང་། བདེ་ཐང་མཁན་རིན་པོ་ཆེའི་མདུན་ནས་གནས་ཆུང་གི་སྲོག་གཏད་གནང་བ་གསན་བཞེས་གནང་། གནས་བརྟན་འདུལ་བ་འཛིན་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་རྡོ་བིས་ཡོངས་འཛིན་སྐལ་བཟང་དཔལ་འབྱོར་རྒྱ་མཚོའི་ཞལ་སྔ་ནས་བདེ་གསང་འཇིགས་གསུམ་གྱི་དབང་དང་། མགོན་པོའི་བཀའ་བཅུ་གསུམ། རྣམ་སྲས་བཀའ་བཅོ་ལྔ། ས་སྐྱའི་གསེར་ཆོས། ཆོས་རྒྱལ་ཕྱི་ནང་གསང་གསུམ། ཛཾ་ལྷ་རིགས་ལྔའི་རྗེས་གནང་བཅས་དབང་རྗེས་གནང་གི་སྐོར་མང་དུ་གསན་པར་མཛད། དེ་ལྟར་བཀའ་ཆོས་དང་དཔེ་ཁྲིད། ཚོགས་ཆོས་གྲྭ་ལ་ཧུར་ཐག་གནང་བའི་ཞར་ལ་ཡང་ཐུགས་འཛིན་ལ་ལྷོད་མེད་གནང་བ་སྟེ། རྟགས་རིགས་དང་བློ་རིག དོན་བདུན་ཅུ་བཅས་ཚོགས་རྒྱུགས་སུ་འབུལ་བར་མཛད། སྐབས་དེ་དག་ཏུ་དགེ་རྒན་རིན་པོ་ཆེའི་དྲུང་ནས་ཕར་ཕྱིན་སྐབས་གསུམ་པ་དང་གསེར་ཕྲེང་སྐབས་གསུམ་པ། གསེར་ཕྲེང་། དོན་བདུན་ཅུ་རྣམས་ཀྱི་དཔེ་ཁྲིད་གནང་བ་གསན་སྦྱངས་མཛད། 
        དགུང་ལོ་ཉེར་གཅིག་ལ་སླེབས་པ་སྤྱི་ལོ་༡༩༥༨ལོའི་དབྱར་ཆོས་ཆེན་མོ་ནས་བསྟན་འགྲོ་སྤྱིར་གོད་ཆག་བྱུང་བར། ཉིན་མཚན་ཁོར་མོ་ཡུག་ཏུ་ཐོས་བསམ་སྒོམ་པ་ལྷུར་བཞེས་ཤིང་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་བའི་བདག་ཉིད་ཆེན་པོ་འདི་ཡང་ཉེས་པ་མེད་ཀྱང་། བཙོན་ཁང་དུ་ཕེབས་དགོས་བྱུང་བ་དང་། བཙོན་གྲོལ་བཏང་ཡང་རོང་ངར་ལ་ཕེབས་ནས་སེར་སྐྱ་མང་བོ་དང་ལྷན་ཉིན་མཚན་དུ་བྱ་དཀའ་བའི་ལས་ཀ་གནང་ཞིང་ལོ་ངོ་གསུམ་གྱི་ཡུན་ལ་དཔེ་ཆ་གཟིགས་ཐུབ་པ་མ་བྱུང་འདུག  
        དགུང་ལོ་ཉེར་གསུམ་པ་སྤྱི་ལོ་༡༩༦༢ལོར་སླར་ཆོས་སྒོ་ཕྱེ་ཞིང་ལོ་ངོ་གཉིས་ཙམ་ལ་ཚོགས་ཆོས་གྲྭར་ཧུར་ཐག་གནང་བ་གཞིར་བྱས། དགེ་རྒན་རིན་པོ་ཆེའི་མདུན་ནས་ཕར་ཕྱིན་མཐའ་དཔྱོད་ཀྱི་དབུ་ནས་དཔེ་ཁྲིད་གསན་པ་དང་། གཞན་རྟགས་རིགས་ཀྱི་མཆན།བློ་རིག་གི་མཆན། ཨ་ཁུ་བློ་གྲོས་ཚང་གི་བློ་རྟགས་ཀྱི་དཔེ་ཁྲིད་གསན་པ་དང་། ཐུགས་ འཛིན་ལ་འགྲེལ་བ་དོན་གསལ་དང་སྤྱོད་འཇུག་ཆེན་མོ་གཉིས་ཚོགས་རྒྱུགས་སུ་འབུལ་བར་མཛད། 
        རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ལོ་སྟེ་སྤྱི་ལོ་༡༩༦༣ལོར་ཆོས་སྒོ་སླར་ཡང་བརྒྱབ་པ་དང་། དེ་ནས་རིམ་བཞིན་དུས་འགྱུར་བྱུང་ནས་དགོན་པའི་ནང་དུ་བཞུགས་མ་བཅུག་པར་མཐའ་བ་སྡེ་བའི་གྲོང་མི་བྱས་ནས་ལོ་བདུན་ལ་བཞུགས་དགོས་བྱུང་བ་དང་། མཐར་དེར་ཡང་བཞུགས་མ་བཅུག་པར་བསང་ཁོག་གསེར་ཁྲི་རུ་སྐོར་བཞི་བར་ཞུགས་ནས་ཐོག་མར་ཟོག་ལུག་གི་རྫི་བོ་བྱས་ནས་བཞུགས་པ་དང་། བར་དུ་ལས་ཀ་ལ་ཕེབས་ནས་ས་ལས་རྡོ་ལས་དང་རྩྭ་ཐང་འཛུགས་སྐྲུན། གྱང་རྡུང་ཆུ་རྐ་ལས་པ་སོགས་ལ་ཚ་གྲང་ལྟོགས་སྐོམ་ཁྱད་དུ་བསད་དེ་སྡུག་བསྔལ་དང་ལེན་གྱི་ཉམས་བཞེས་ཟབ་མོས་ཉིན་གཅིག་ཀྱང་མ་ཆག་པར་མཛད་སྣང་སྟེ། ཁོང་ཉིད་ཀྱི་ཞལ་ནས། སྐབས་འགའ་རེ་ལ་རང་གི་སྡིག་སྒྲིབ་སྦྱང་བའི་ཐབས་སུ་ཨེ་འགྲོ་སྙམ་ནས་ལས་ཀ་ཉིན་གཅིག་ཀྱང་ཆག་མ་མྱོང་གསུངས། ཞེས་པ་ལ་དཔག་ན་རྒྱལ་སྲས་བདག་ཉིད་ཆེན་པོའི་རང་བཞིན་མངོན་གསལ་དུ་བསྟན་པར་དཔག་ནུས་སོ། །དེ་ནས་རེ་ཞིག་ཚོང་ཁང་གི་ཚོང་གཉེར་བ་མཛད་པ་སོགས་ཉིན་གང་བོར་ལས་ཀས་བྲེལ་བ་ཇི་ཙམ་ཆེ་ཡང་། མཚན་མོ་སོགས་ལ་གསང་ཐབས་སུ་རྗེ་བླ་མའི་ལྕགས་མདའ་ལྕགས་གཞུ་རུ་གྲགས་པའི་བསྟན་བཅོས་འགང་ཆེན་ལེགས་བཤད་སྙིང་བོ་བྱང་ཆུབ་པར་ཐུགས་འཛིན་མཛད། མཐར་སྨན་པ་མཛད་དགོས་བྱུང་ནས་ནུབ་ལུགས་དང་བོད་ལུགས་ཀྱི་གསོ་བྱེད་ཀྱི་གཞུང་ལ་གསན་སྦྱངས་ཞིབ་ཏུ་མཛད་ཅིང་།རྫོང་བོད་སྨན་ཁང་དུ་སྨན་པ་བྱེད་པར་རྒྱུགས་འཕྲོད་ཅིང་ལས་བྱེད་པའི་འཛིན་རྟགས་སྤྲད་ཀྱང་སྙིང་བོ་མེད་པར་གཟིགས་ནས་བདག་གིར་མ་བཞེས་འདུག  
       དགུང་ལོ་ཞེ་གཅིག་པ་ས་རྟ་ལོ་སྟེ་སྤྱི་ལོ་༡༩༧༨ལོར་གནས་བརྟན་འདུལ་བ་འཛིན་པ་དགེ་བའི་བཤེས་གཉེན་ཆེན་པོ་༧དམེ་ཤུལ་འཇིགས་མེད་རྒྱ་མཚོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། མཚན་ལ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཞེས་གསོལ་བ་དང་། དམ་པ་དེ་ཉིད་ཀྱིས་པཎ་ཆེན་བདེ་ལམ་དང་སེམས་བསྐྱེད་མཆོད་པའི་ཁྲིད་གནང་བ་ཡང་གསན་བཞེས་མཛད། དགེ་བའི་བཤེས་གཉེན་ཆེན་པོ་༧ཨ་ཁུ་རྔ་བའི་སྦྱིན་པ་ཚང་གི་མདུན་ནས་དབུ་མ་ལུང་རིགས་གཏེར་མཛོད་དང་རྣམ་བཤད་དགོངས་པ་རབ་གསལ་གཉིས་སྦྲགས་ནས་དཔེ་ཁྲིད་ཞིབ་རྒྱས་གནང་བ་དང་། དབུ་མ་རྒྱས་པའི་དགག་བྱ་ངོས་འཛིན་གྱི་བཤད་ལུང་། ཕར་ཕྱིན་སྐབས་བརྒྱད་ཀ་དང་གསེར་ཕྲེང་སྦྲགས་པའི་དཔེ་ཁྲིད། མཛོད་ཀྱི་མཐའ་དཔྱོད་དང་མཛོད་སྡོམ། འདུལ་བའི་མཐའ་དཔྱོད་དང་འདུལ་སྡོམ། དགེ་འདུན་ཉི་ཤུ་རིང་ཐུང་གཉིས། རྟེན་འབྲེལ་ལུང་རིགས་བང་མཛོད། བསམ་གཟུགས་ལེགས་བཤད་བུམ་བཟང་། ཀུན་གཞིའི་མཐའ་དཔྱོད། ཀུན་གཞིའི་མཆན་འགྲེལ་རྣམས་ཀྱི་དཔེ་ཁྲིད་གནང་བ་དང་། རྗེས་སུ་དྲང་ངེས་མཆན་སྦྲགས་མའི་བཤད་ལུང་དང་ལམ་རིམ་ཆེན་མོའི་བཤད་ལུང་གནང་བ་ཐམས་ཅད་གསན་བཞེས་དང་། དཔེ་ཁྲིད་སྐབས་གཞུང་སོ་སོའི་དཀའ་གནད་བརྒལ་བརྟག་མཐའ་ཆོད་པར་མཛད།ཨ་ལགས་བླ་ཁོ་རིན་པོ་ཆེའི་མཆོད་དཔོན་དགེ་བའི་བཤེས་གཉེན་ཆེན་པོ་༧ཨ་ཁུ་དགེ་འདུན་ཚང་གི་མདུན་ནས་ལམ་རིམ་ཆུང་ངུའི་ཁྲིད་དང་སྟོང་ཐུན་ཆེན་མོའི་བཤད་ལུང་། རྣམ་འགྲེལ་རྩ་བའི་བཤད་ལུང་འདུལ་བ་མདོ་རྩའི་བཤད་ལུང་སོགས་ཆོས་བཀའ་མང་དུ་གསན། 
        དགུང་གྲངས་ཞེ་དགུ་བ་མེ་སྟག་སྤྱི་ལོ་༡༩༨༦ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་གསར་དུ་ཚུགས་པ་ནས་སློབ་གྲྭ་འདི་གར་གདན་འདྲེན་ཞུས་ཏེ་ལམ་རིམ་ཆེན་མོ་དང་བློ་སྦྱོང་སྣ་ཚོགས། གཞི་གསུམ་ཆོ་ག སྡོམ་གསུམ་བསླབ་བྱ་སོགས་ཆོས་བཀའ་རབ་ཏུ་མང་བོས་ཞིང་ཆེན་དུ་མ་ནས་སླེབས་པའི་སློབ་བུ་མང་བོའི་གཤིས་རྒྱུད་ཆོས་ལ་ཕྱོགས་པར། དམ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་དབྱར་ཁའི་ཆར་བ། དགུན་ཁའི་གྲང་ལྷགས་ལ་མ་གཟིགས་པར་བརྩེ་བ་སྙིང་རྗེ་ཆེན་པོས་དགོན་སྡེ་ཆེ་ཕྲ་ཁག་ནས་ཆོས་ཀྱི་མུ་གེས་གདུངས་པ་ལ༑ ཟབ་རྒྱས་ཆོས་ཀྱི་ཆར་བ་ཕངས་མེད་དུ་བསྩལ་བར་བརྟེན། དགེ་བའི་བཤེས་གཉེན་ཁོང་གི་མཚན་ཙམ་ཐོས་པའི་མོད་ལ་བུ་སློབ་ཀུན་གྱིས་དད་པའི་ཐལ་མོ་སྙིང་གར་མི་སྦྱོར་བ་མེད་པར་གྱུར། དཔེ་ཁྲིད་ཀྱི་ཞོར་ལ་ཆོས་ལུགས་སློབ་དཔྱོད་ཚན་ཁག་གི་བྱ་བའི་འགན་བཞེས་ནས་སློབ་སྐབས་རེ་རེའི་དགེ་རྒན་སོ་སོར་ཆོས་ལུགས་ཀྱི་དཔེ་ཁྲིད་གང་འཚམ་བཀོད་སྒྲིག་གནང་བ་སོགས། དགེ་རྒན་ཆེན་མོའི་ཐོབ་ཐང་བཞེས་ནས་ད་བར་དུ་ནང་བསྟན་སློབ་གྲྭའི་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བར་མཛད་རྗེས་བླ་ན་མེད་པ་བསྐྲུན་པར་མཛད། 
       གོང་གསལ་ལྟར་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཀྱང་ཐུགས་ལ་མགུ་བ་མེད་པར་ཚོགས་ཆེན་ཁྲི་ཟུར་༧རྗེ་དགེ་འདུན་རྒྱ་མཚོའི་མདུན་ནས་ཕར་ཕྱིན་དང་དབུ་མ། མཛོད།འདུལ་བ། ཟུར་བཀོལ་བཞི་སོགས་ཀྱི་དཔེ་ཁྲིད་གསན་པ་དང་། སྔགས་ཀྱི་སྤྱི་དོན་གྱི་དཔེ་ཁྲིད་ལན་མང་དུ་གསན། རིམ་ལྔ་གསལ་སྒྲོན་དང་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། འགྲེལ་བ་བཞི་སྦྲགས། སྦས་དོན་ཀུན་གསལ། འགྲེལ་ཆེན་དྲི་མེད་འོད། ལམ་སྔགས་གཉིས། ལམ་རིམ་མཆན་བཞི་མ་བཅས་ཀྱི་བཤད་ལུང་བཅས་གསན་བཞེས་མཛད་པ་དང་། གནས་ལྔ་མཁས་པའི་པཎྜི་ཏ་ཆེན་པོ་༧རྗེ་དམུ་དགེ་བསམ་གཏན་རིན་པོ་ཆེའི་ཞལ་སྔ་ནས་སྒྲུབ་ཐབས་རིན་འབྱུང་དང་སྣར་ཐང་བརྒྱ་རྩ། བ་རི་བརྒྱ་རྩ། རིག་གནས་ཀྱི་སྐོར་མང་བོ་བཅས་གསན་པར་མཛད། ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་གི་ཞལ་སྔ་ནས་དབང་རྗེས་གནང་ཁྲིད་བཤད་ལུང་མང་དུ་གསན་བཞེས་མཛད་པ་དང་། གྲུབ་པའི་དབང་ཕྱུག་ཆེན་པོ་སྟག་གེ་རྡོ་རྗེ་འཆང་གི་མདུན་ནས་རྗེས་གནང་དང་ཁྲིད། བཤད་ལུང་། ལུང་རྐྱང་བཅས་མང་དུ་གསན། 
གུང་ཐང་སྐུ་ཕྲེང་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་༧འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོའི་ཞལ་སྔ་ནས། རྡོ་རྗེ་འཕྲེང་བ་དང་མི་ཏྲ་བརྒྱ་རྩ་སོགས་དབང་རྗེས་གནང་དང་ཁྲིད། བཤད་ལུང་། ལུང་རྐྱང་བཅས་ཤིན་ཏུ་མང་བོ་གསན་བཞེས་གནང་བ་བཅས་ངེས་དོན་ཟབ་རྒྱས་གདམས་པ་བྱེ་བའི་གཏེར་མཛོད་དུ་གྱུར། རིགས་སྨྲ་མཁས་མང་བྱེ་བའི་བསྟི་གནས་བཀྲ་ཤིས་འཁྱིལ་དུ་ཕར་ཕྱིན་དམ་བཅའ་གནང་བས་མཁས་པའི་གྲགས་སྙན་གྱིས་ཁྱབ་པ་བྱུང་། ཁོང་ཉིད་ཀྱི་ཞལ་ནས། བདག་གིས་རྨད་བྱུང་ཐོས་བསམ་གླིང་གི་གྲལ་མཐར་བརྟེན་ནས་དགེ་བའི་བཤེས་གཉེན་རྣམས་དང་ལྷན་ཅིག་ཏུ། ཐོས་བསམ་སྒོམ་པ་ཅུང་ཟད་ཙམ་བྱས་ཏེ་ཕར་ཕྱིན་དམ་བཅའ་བཞག དེ་ནས་རིམ་གྱིས་འཛིན་གྲྭ་གོང་མ་ལ་བུད་ནས་རྡོ་རམས་པ་བྱས། ལོ་དྲུག་བདུན་ཙམ་ལ་ཆོས་གྲྭ་གཅིག་ཀྱང་མ་ཆག་པར་སོང་བ་ཡིན། ཞེས་ཁེངས་སྐྱུང་དང་བཅས་གསུངས།  
དགུང་ལོ་རེ་གཅིག་པ་ས་སྟག་སྤྱི་ལོ་༡༩༩༨ལོར་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་བཀས་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་གི་མི་འཇིགས་ཆོས་ཀྱི་ཁྲི་ལ་མངའ་གསོལ་བས། གྲྭ་ཚང་དེ་གའི་འཆད་ཉན་གྱི་གཙོ་བོ་བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་སོགས་བཀའ་དྲིན་དུ་བསྩལ།  
        དགུང་ལོ་རེ་གསུམ་པ་ལྕགས་འབྲུག་ལོར་ཆོས་དཔལ་ཞིང་དགོན་པའི་ཚོགས་ཆེན་ཁྲི་ལ་བཞུགས་ཤིང་འཆད་ཉན་བཤད་སྒྲུབ་དང་འགྲིག་ལམ་ཀུན་སྤྱོད་སོགས་ལ་ནན་ཞིབ་མཛད། སྔ་ཕྱིར་ཤིས་ཚང་སྒར་སར་དང་མཛོད་དགེ་སྟག་ཚ་དགོན་པ། སྐུ་འབུམ་བྱམས་པ་གླིང་། མཛོད་དགེ་སྒར་སར། དངུལ་རྭའི་དགོན་པ། ཁ་གྱའི་སྒར་རྙིང་། སྨན་ལུང་དགོན་པ། གནམ་ལྷའི་དགོན་པ། ཀླུ་ཚང་དགོན་པ། ཐར་ཤུལ་དགོན་པ་སོགས་སུ་སྤྱན་དྲངས་པ་ལྟར་ཡང་ཡང་ཕེབས་ཏེ་དཔེ་ཁྲིད་དང་དབང་། རྗེས་གནང་། ཁྲིད་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཅི་འདོད་དུ་སྩོལ་བར་མཛད་པས་བསྟན་འཛིན་བུ་སློབ་ཀྱིས་ས་སྟེང་ཁྱབ་པར་གྱུར། 
        དགའ་ལྡན་བཤད་སྒྲུབ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་འདིར་ཡང་དམའ་ཁ་དོག་དཀར་དམར་ནས་མཐོ་བཀའ་རམས་བར་གྱི་འཛིན་གྲྭ་བཅུ་གསུམ་ལ་དཔེ་ཁྲིད་ཞིབ་རྒྱས་དང་། འཕྲོས་པ་དོགས་གཅོད། ལམ་རིམ་ཆེན་མོ་སོགས་ཀྱི་དཔེ་ཁྲིད་དང་། བདེ་གསང་འཇིགས་གསུམ་སོགས་དབང་། རིགས་གསུམ་སྤྱི་སྒྲུབ་སོགས་རྗེས་གནང་། འགྲེལ་བ་བཞི་སྦྲགས་སོགས་བཤད་ལུང་བཅས་སྐལ་བ་དང་ལྡན་པ་རྣམས་ཀྱི་སྙིང་གི་བུམ་བཟང་ལ་ཆོས་ཀྱི་བདུད་རྩིས་འགེངས་པར་མཛད་དོ། ། 
        གཞན་ཡང་རིམ་བཞིན་སྒོ་མང་ཚང་དང་བླ་མ་དཀར་བོ་ཚང་། ཨ་ཆེན་མཁན་པོ་ཚང་རྣམས་ཀྱི་དགེ་རྒན་གནང་ཞིང་གང་ལ་གང་འཚམ་གྱི་མཛད་པས་སོ་སོར་ཆོས་ཀྱིས་སྐྱོང་བར་མཛད་ཅིང་། གུང་ཐང་སྐུ་འཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གི་རིགས་ཀྱི་ཅོད་པན་དུ་བཞུགས་ཤིང་། དང་བོར་ཀློག་བསླབ་པ་ནས་རྒྱལ་བ་རྡོ་རྗེ་འཆང་གི་སྐུའི་ངོ་བོར་བཞེངས་ཏེ་དབང་རྗེས་གནང་དང་ཁྲིད་བཤད་ལུང་། ལུང་རྐྱང་སོགས་འབུལ་གནང་མཛད་བཞིན་པ་ཙམ་དུ་མ་ཟད། སྤྲུལ་སྐུ་རིན་པོ་ཆེར་ན་བཟའ་མནབ་སྟངས་དང་བཞེས་པ་གནང་སྟངས་ཚུན་ཆད། མཐོ་དམན་དྲག་ཞན་ཀུན་ལ་འགྲོགས་སྟངས་སོགས་བརྩེ་བའི་བསླབ་བྱ་ཟབ་མོས་སྐྱོང་བཞིན་བསྟན་འགྲོའི་དཔལ་དུ་ཞལ་འཚོ་བཞིན་བཞུགས་པ་འདི་བཞིན་ལགས་སོ། ། 
        དགེ་ལྡན་བསྟན་འཛིན་དབུས་ན་བཤེས་གཉེན་མཆོག །ཐུན་མོང་རྣམ་ཐར་རྒྱ་མཚོའི་ཆུ་ཐིགས་ཙམ།  །གཟུགས་སུ་འགོད་ལ་རྗེས་བརྩེས་སྐལ་བཟང་འཐོབ།  །ཚུལ་འདི་བསམས་ན་དགའ་བ་མཆོག་གིས་མྱོས།  །གང་སྐུ་མཚན་དཔེའི་སྐུ་མཆོག་ལྷུན་པོ་ཉིད།  །སྐལ་ལྡན་གླིང་བཞིའི་གསོས་སུ་རྟག་བརྟན་ཅིང་།  །ཟབ་རྒྱས་རོལ་མཚོ་ཕྱོགས་ཀུན་རྒྱས་པ་ཡིས།  །མཛད་འཕྲིན་ཉི་ཟླས་འགྲོ་ཁམས་མུན་སེལ་ཤོག ། 
        ཅེས་རང་ཅག་རྣམས་ལ་དུས་གསུམ་རྒྱལ་བ་ལས་ཀྱང་བཀའ་དྲིན་ལྷག་པར་ཆེ་བ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། བདག་གི་མཁན་རིན་པོ་ཆེ་༧རྗེ་བཙུན་བླ་མ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་དཔལ་བཟང་བོའི་ཐུན་མོང་མ་ཡིན་པའི་རྣམ་ཐར་དཔག་གིས་མི་ལངས་པ་ཡོད་ངེས་ཀྱང་། སྦས་ཆོས་ཁོ་ན་མཛད་ནས་གསུང་ཟུར་ཙམ་ཡང་ཞལ་གྱིས་མི་འཆེས་ལ། ཐུན་མོང་བ་མགོ་བཤེས་གཉེན་བསྟེན་ཚུལ་ནས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་མཛད་ཚུལ་སོགས་ཀྱི་མཛད་པ་ཡང་རགས་རིམ་ཙམ་ལས་མ་གསུངས་པས། རང་འདོད་ཀྱིས་མང་བོ་ཞིག་བཤད་པའི་སྤོབས་པ་མ་མཆིས་པར་བརྟེན། བཤེས་གཉེན་མཆོག་གི་ཐུན་མོང་གི་མཛད་རྣམ་འོ་མའི་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་འདིར་འགོད་པ་བོ་ནི། ནང་བསྟན་སློབ་གྲྭར་དགེ་རྒན་ཞིག་གི་མིང་ཙམ་འཛིན་པ། དམ་པ་གང་གི་སློབ་མའི་གྲལ་མཐར་བརྟེན་པ། སྒྱིས་ཚང་སྐལ་བཟང་ཡར་འཕེལ་དུ་འབོད་པ་ལགས་པས། ཚུལ་འདིར་འབད་པའི་དགེ་བ་ལ་བརྟེན་ནས་བཤེས་གཉེན་དམ་པ་གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། རང་ཅག་བུ་སློབ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འབྲལ་མེད་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།